ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་ཁྱབ་པའི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-27 22:20:28     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

28363811256457924.jpg

28363811256457924.jpg

                གཉིས་པ་ཁྱབ་པའི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་ཀྱི་དོན་ལ་དེ་གཉིས་ཀྱི་ཕྱོགས་དང་མཐུན་མི་མཐུན་གང་ཡིན་མི་ཤེས་བཞིན་དུ་སྣ་ཚོགས་སྨྲ་སྟེ། ཁ་ཅིག་ན་རེ། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིའི་དོན་མཐུན་པ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད་དང༌། དེ་ལྟར་དོན་མི་མཐུན་པ་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཟེར་ན། འོ་ན། གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མེད་པར་ཐལ་ལོ། །སྒྲ་དང་རྟག་པར་ཆོས་མཐུན་པ་མེད་པའི་ཕྱིར། འདོད་ན། གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་མ་ཡིན་པར་ཐལ་ལོ། །འདོད་ན། རྣམ་ངེས་ལས། མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་པ་གཉིས་ཀའོ། །ཞེས་སོགས་དང༌། རིགས་སྒོ་ལས། སྒྲ་རྟག་པ་ལ་སོགས་པའི་ཆོས་བསྒྲུབ་པར་བྱ་བ་ལ་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མཐུན་ཕྱོགས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འཇུག་པའི་ཐུན་མོང་གི་མ་ངེས་པ་ཞེས་བྱའོ། །ཞེས་གསུངས་པ་དག་མི་འཐད་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ། གཞན་ཡང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། སྒྲ་དང་མི་རྟག་པར་ཆོས་མཐུན་པ་ངེས་པར་ཐལ་ལོ། །སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ངེས་པའི་ཕྱིར། འཁོར་གསུམ། ཁྱབ་པ་ཁས། རྟགས་གྲུབ་སྟེ། བྱས་པ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཚད་མས་ངེས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་ངེས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ངེས་པའི་ཕྱིར། དེར་ཐལ། བྱས་པ་དེ་ཁྱོད་ཀྱི་ངོར་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་ངེས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། ཁྱོད་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་མ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། གཞི་གྲུབ་ན་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་སྒྲ་དང་རྟག་པར་མི་མཐུན་པས་ཁྱབ་པའི་ཕྱིར། གཞན་ཡང༌། རྣམ་ངེས་རང་འགྲེལ་ལས། མཐུན་པའི་ཕྱོགས་ནི་སྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་དོན་མཐུན་པའོ། །ཞེས་པའི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དེ་དེ་སྒྲུབ་ཀྱི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ལ་བྱེད་པར་ཐལ། ཁྱོད་ཀྱིས་ལུང་དེ་སོགས་དྲངས་ནས་མཐུན་ཕྱོགས་ཀྱི་དོན་བཤད་ཚུལ་དེའི་ཕྱིར། འདོད་ན། འདིའི་དངོས་བསྟན་གྱི་སྤྱི་དེ་བསྒྲུབ་བྱའི་ཆོས་སྤྱི་ཙམ་ལ་བྱེད་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེའི་བྱེ་བྲག་ཀུན་ལ་མི་བྱེད་པར་བཤད་མི་རིགས་པར་ཐལ། འདིའི་སྤྱི་དེ་བྱེ་བྲག་ཅེས་པའི་སྤྱི་ལ་མི་བཤད་པར་ཆོས་གཉིས་ཚོགས་པའི་ཚོགས་སྤྱི་ལ་བྱེད་པའི་ཕྱིར། རྟགས་དངོས། མ་ཁྱབ་ན། གཞི་གྲུབ་ན་རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་ཡིན་དགོས་པར་ཐལ། མི་རྟག་པ་དེ་གཉིས་ཀ་ཡིན་སྙམ་ནས་རྟགས་ལན་བྱས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་པ་དེ་ཉིད་སྐབས་འདིའི་སྤྱི་ལ་འཇོག་དགོས་པའི་ཕྱིར། དེར་ཐལ། འདིའི་ཐད་ཀྱི་འཐད་ལྡན་ཆེ་བ་ལས། དེས་ན་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཞེས་ནི་ཚིག་རྣམ་པར་མི་སྦྱོར་གྱི། འོན་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཉིད་སྤྱི་ཡིན་ཏེ། ཞེས་གསུངས་པའི་ཕྱིར་དང༌། དེར་མ་ཟད་དེ་ལྟར་བཤད་པ་ཤིན་ཏུ་འཐད་པར་ཐལ། དེ་ཕྱོགས་གླང་གི་དགོངས་པ་དྲི་མེད་ཡིན་པའི་ཕྱིར། མདོའི་རང་འགྲེལ་ལས། དེ་ལ་ཡོད་པར་གྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་ཕྱོགས་དང་མཐུན་པའི་ཕྱོགས་མཚུངས་པའི་དོན་ཐམས་ཅད་ཕྱོགས་ཞེས་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཆོས་སོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕྱོགས་ཞེས་བྱ་སྟེ་དེ་ཡང་བསྒྲུབ་བྱའི་ཆོས་སོ་ཞེས་པའི་དོན་གྲུབ་པའི་ཕྱིར།

           གཞན་ཡང༌། དེ་ལྟར་བཤད་པ་དེ་སློབ་དཔོན་ཆོས་གྲགས་ཀྱི་ཡང་དགོངས་པར་ཐལ། དེ་རིགས་ཐིགས་ཀྱི་དགོངས་པ་འཁྲུལ་མེད་ཡིན་པའི་ཕྱིར། དེར་ཐལ། རིགས་ཐིགས་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པའོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། འདིའི་སྤྱི་ཡང་བསྒྲུབ་བྱའི་ཆོས་ལ་བྱས་ནས་དེ་སྤྱི་ལྡོག་དང་མཐུན་པས་ཆོག་ཅིང་བསྒྲུབ་བྱའི་ཆོས་ཀྱི་བྱེ་བྲག་ཀུན་དང་མཐུན་མི་དགོས་པར་ཤེས་པའི་ཆེད་དུ་སྤྱི་ཞེས་སྨོས་པ་ཡིན་པའི་ཕྱིར། དེར་ཐལ། འདིའི་ཐད་ཀྱི་ཆོས་མཆོག་གི་རྒྱ་ཆེར་འགྲེལ་ལས། བྱེ་བྲག་བསྒྲུབ་པར་བྱ་བ་མ་ཡིན་གྱི། འོན་ཀྱང་སྤྱི་ཡིན་པ་དེ་བས་ན་འདིར་སྤྱི་བསྒྲུབ་བྱར་བསྟན་ཏེ། དེ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱང་ཡིན་ལ་སྤྱི་ཡང་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་ཕྱོགས་དང་མཚུངས་པ་ནི་མཐུན་པའི་ཕྱོགས་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བྱེ་བྲག་ནས་བསྟན་ཏེ་ཡན་ཆད་ཀྱིས་སྤྱི་མིང་བཏགས་པའི་དགོས་པ་དང༌། ལྷག་མའི་སྤྱི་ཡང་ཡིན་ཏེ་ཡན་ཆད་ཀྱིས་སྤྱི་དེ་གང་ལ་བྱེད་དང༌། བསྒྲུབ་པར་བྱ་བའི་སོགས་ཀྱིས་མཐུན་ཚུལ་བཤད་པའི་ཕྱིར་རོ། །དེར་མ་ཟད་དེ་ལྟར་བཤད་པ་རིགས་པའི་དབང་ཕྱུག་དུ་མས་བཞེད་པར་ཐལ། རིགས་ཐིགས་ཀྱི་དོན་དེ་ལྟར་དུལ་བ་ལྷས་ཀྱང་བཞེད་པའི་ཕྱིར་ཏེ། འདིའི་ཐད་ཀྱི་རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་པ་སློབ་ཕན་ལས་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་ཞེས་བྱ་བ་སྨོས་སོ། །དེ་ནི་བསྒྲུབ་པར་བྱ་བ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་བསྒྲུབ་པར་བྱ་བའི་ཆོས་ཏེ། དེའི་སྤྱི་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའོ། །བསྒྲུབ་པར་བྱ་བའི་ཆོས་ཀྱི་བྱེ་བྲག་ནི་དོན་སོ་སོར་ངེས་པའི་ཕྱིར། དེ་དང་ནི་འགལ་ཡང་མཐུན་པ་མ་ཡིན་པས་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་ཞེས་བྱ་བ་སྨོས་སོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ་ལ། དེ་ཕྱོགས་གླང་གི་དགོངས་པར་ཐལ། ཕྱོགས་གླང་གིས་ཀྱང་བསྒྲུབ་བྱའི་ཆོས་ཀྱི་སྤྱི་དང་མཐུན་ཚུལ་སྟོན་པ་བསྒྲུབ་བྱའི་ཆོས་ཙམ་ཡིན་པས་མཐུན་ཕྱོགས་སུ་བཤད་པའི་ཕྱིར། རིགས་སྒོ་ལས། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་དོན་མཚུངས་པ་ཉིད་མཐུན་པའི་ཕྱོགས་ཏེ། འདི་ལྟར་སྒྲ་མི་རྟག་པར་སྒྲུབ་པ་ལ་བུམ་པ་ལ་སོགས་པ་ཡང་མི་རྟག་པ་ཡིན་པས་མཐུན་པའི་ཕྱོགས་སོ། །ཞེས་གསུངས་པའི་ཕྱིར་དང༌། ཕྱོགས་ཏེ་ཡན་ཆད་ཀྱིས་མཐུན་ཕྱོགས་སྤྱིར་བཤད་ནས། འདི་ལྟར་སོགས་ཀྱིས་དེ་སྒྲུབ་ཀྱི་མཚན་གཞི་བསྟན་ཅིང་བུམ་པ་ལ་སོགས་པ་གང་དང་མཐུན་པའི་དཔེ་བསྟན། ཡང་སྒྲས་མཐུན་དཔེ་སོགས་སྡུད་ཅིང་དེར་མ་ཟད་མི་རྟག་གང་ཡིན་ཏེ་ཀུན་མི་རྟག་པ་ཡིན་པའི་རྒྱུ་མཚན་གྱིས་མཐུན་ཕྱོགས་སུ་འཇོག་ཅེས་པའི་རྒྱུ་མཚན་སྟོན་པར་མི་རྟག་པ་ཡིན་པས་མཐུན་ཕྱོགས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པ་དེ་ནི་མཐུན་ཕྱོགས་ཀྱི་མཚན་ཉིད་དང༌། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པ་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཟེར་ན། འོ་ན། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པའི་བྱེ་བྲག་ཡིན་པའི་ཕྱིར། མ་ཁྱབ་ན། མི་རྟག་པ་ཆོས་ཅན། ཆོས་དེ་ཁྱོད་ཀྱི་བྱེ་བྲག་ཡིན་ན། ཆོས་དེ་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་མ་ཡིན་དགོས་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཡང་ཁ་ཅིག །དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པ་མཐུན་ཕྱོགས་དང་དེས་སྟོང་པ་མི་མཐུན་ཕྱོགས་ཟེར་ན། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པའི་ཕྱིར། འཁོར་གསུམ། 36རྟགས་ཁས། ཡང་ཁ་ཅིག།།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བར་བྱ་རྒྱུ་དེ་ཡིན་པ་མཐུན་ཕྱོགས་དང་དེ་མ་ཡིན་པ་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཡིན་ཏེ། དཔེར་ན། མི་རྟག་པ་ཡིན་པ་རྣམས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང༌། དེ་མ་ཡིན་པ་མི་མཐུན་ཕྱོགས་ཡིན་པ་ཟེར་བ་དང༌། དུ་ལྡན་ལར་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་མེ་ཁོ་ན་འདོད་པ་དངོས་སུ་འགལ་ལོ། །འོ་ན། དུ་བ་ཆོས་ཅན། དུ་ལྡན་ལར་མེ་ཡོད་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། མེ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། དུ་བ་ཆོས་ཅན། མེ་ཡིན་པར་ཐལ། དུ་ལྡན་ལར་མེ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། ཡང་ཁ་ཅིག །དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་ཡིན་པས་ཁྱབ་དེ་སྒྲུབ་ཀྱིས་མི་མཐུན་ཕྱོགས་ལའང་དེ་ལྟར་ཟེར་རོ། །འོ་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཞེས་པའི་ཚིག་ཟུར་གྱི་བསྒྲུབ་བྱ་ཡིན་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་གཉིས་ཀ་བསྒྲུབ་བྱའི་ཆོས་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། དེ་གཉིས་ཀའི་ཚིག་ཟུར་གྱི་ཕྱོགས་དེ་བསྒྲུབ་བྱའི་ཆོས་ལ་བྱེད་ཅིང༌། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་མཚུངས་པས་ན་མཐུན་ཕྱོགས་ཞེས་བཤད་དགོས་པའི་ཕྱིར། དེར་ཐལ། མཐུན་ཕྱོགས་ཀྱི་སྐད་དོད་ས་བཱཀྵི་ཞེས་པའི་ས་ནི་སམ་སྟེ་མཚུངས་པ་དང་འདྲ་བ་དང་མཐུན་པའི་དོན་དང༌། བཱཀྵི་ཟུང་དང་གཉིས་སོགས་ཏེ་ཚོགས་དོན་གྱི་ཕྱོགས་གཅིག་ཡིན་པས་དེའི་མིང་གིས་བཏགས་པའི་ཕྱིར། དེར་ཐལ། འཐད་ལྡན་ཆེ་བ་ལས། མཐུན་པའི་ཕྱོགས་ནི་འགའ་ཞིག་ཕྱོགས་དང་དོན་མཐུན་པ་དེ་ཡིན་ནོ། །འདི་ལྟར་ཕྱོགས་དང་འདྲ་བའི་ཕྱིར་ན་དོན་དེ་ཉིད་ཕྱོགས་ཞེས་བརྗོད་པ་ཡིན་ནོ། །འདྲ་བའི་དོན་ཡང་མཐུན་པའི་སྒྲ་ཡིན་ཏེ། ཕྱོགས་དང་མཚུངས་པ་ནི་མཐུན་པའི་ཕྱོགས་སོ། །ཞེས་དང༌། ཚད་ཆེན་དཀའ་འགྲེལ་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དོན་མཐུན་པའོ། །ཞེས་དང༌། མདོའི་རང་འགྲེལ་ལས། ཕྱོགས་ཞེས་བྱ་བ་སྟེ། དེ་ཡང་བསྒྲུབ་བྱའི་ཆོས་སོ་ཞེས་དང༌། རིགས་སྒོ་ལས་ཀྱང༌། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་དོན་མཚུངས་པ་མཐུན་པའི་ཕྱོགས་ཏེ། ཞེས་དང༌། འཐད་ལྡན་ཆུང་བ་ལས། མཐུན་པའི་ཕྱོགས་ནི་དོན་མཚུངས་པའོ། །མཚུངས་པ་འདྲ་བ་ནི་དོན་ཉེ་བར་བཏགས་ནས་མཐུན་པའི་ཕྱོགས་སུ་བརྗོད་པ་ཡིན་ལ་སོགས་དང༌། རིགས་ཐིགས་རྒྱས་འགྲེལ་སློབ་ཕན་ལས། མཐུན་པར་དཔག་པ་ནི་མཐུན་པའོ། །ཤེས་པ་འདྲ་བས་ཡོངས་སུ་གཅད་པར་བྱ་བ་ཡིན་ཏེ། འདྲ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དོན་འདྲ་བ་གང་ཡིན་པ་དེ་ནི་མཐུན་པའི་ཕྱོགས་སོ། །རྣམ་པ་གང་གིས་མཐུན་ཞེ་ན་དེའི་ཕྱིར། འདི་སྐད་དུ་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་ཞེས་བྱ་བ་སྨོས་སོ། །ཞེས་དང༌། ཁྱད་པར་དུ་ཐར་འབྱུང་སྦས་པའི་རྟོག་གེ་སྐད་ལས། ཕྱོགས་དང་མཚུངས་པ་ནི་ཕྱོགས་དང་མཐུན་པ་སྟེ། ཕྱོགས་དང་ལྷན་ཅིག་འདྲ་བའི་དཔེའི་ཆོས་ཅན་ནོ། །ཞེས་པའི་དོན་ནོ། །ཞེས་གསུངས་པ་ལྟར་དཔང་ལོས་བསྒྱུར་བ་ཤིན་ཏུ་འཐད་པའི་ཕྱིར། རྒྱ་སྐད་ལ་མཚུངས་སྒྲ་སྔོན་དུ་ཡོད་པ་ཕལ་ཆེར་བསྣོལ་ནས་བསྒྱུར་བ་ཆེས་མང་བའི་ཕྱིར།

(36) པར་ཐེངས་གཉིས་པ། རྟགས་ཁས། དེ་སྒྲུབ།

                གཞན་ཡང༌། དེ་སྒྲུབ་ཀྱི་རྟགས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པ་ཞེས་པས་རྗེས་འགྲོའི་ཁྱབ་ཚུལ་དང༌། དེ་སྒྲུབ་ཀྱི་རྟགས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་མེད་པ་ཁོ་ནར་ངེས་པ་ཞེས་པས་ལྡོག་ཁྱབ་བསྟན་པ་མ་ཡིན་པར་ཐལ་ལོ། །དེའི་ཚིག་ཟུར་གྱི་ཕྱོགས་གཉིས་པོ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བྱེད་པ་ཁོ་ནས་མ་ཁྱབ་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། ཁྱབ་པ་གཉིས་དེ་ལྟར་བརྗོད་པའི་དངོས་ཟིན་གྱི་ཕྱོགས་དང་བསྒྲུབ་བྱ་དང་རྗེས་སུ་དཔག་བྱ་གསུམ་ལ་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་སྒྲུབ་བྱེད་ལས་བསྒྲུབ་བྱ་རྟོགས་ཞེས་པའི་བསྒྲུབ་བྱ་ལ་དེ་སྒྲུབ་ཀྱི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་གྱིས་ཁྱབ། རྟགས་ཁྱབ་པ་གཉིས་ཀྱི་འབྲེལ་ཡུལ་དཔྱོད་བའི་སྐབས་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ལ་ཡོད་མེད་དཔྱོད་པའི་དངོས་ཟིན་གྱི་ཕྱོགས་དང་བསྒྲུབ་བྱ་ལ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ། གཏན་ཚིགས་ཀྱི་མཚན་ཉིད་འཆད་སྐབས་ཀྱི་ཕྱོགས་ཆོས་ཞེས་པའི་ཕྱོགས་སམ་བསྒྲུབ་བྱ་ལ་ཤེས་འདོད་ཆོས་ཅན་གྱིས་ཁྱབ་པར་མཁས་པས་ཀྱང་བཤད། ཁྱེད་ཅག་གིས་ཀྱང་དོན་མ་གོ་ཡང་ཚིག་སྨྲས་འདུག་པའི་ཕྱིར། འཐད་ལྡན་ཆེ་བ་ལས། རྗེས་སུ་དཔག་པའི་ཐ་སྙད་ནི་རྣམ་པ་གསུམ་ལ་ཡིན་ཏེ། ཞེས་པ་ནས། ཁྱབ་པའི་ཡུལ་བསྒྲུབ་པར་བྱ་བའི་ཆོས་དང༌། གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཡུལ་ཆོས་ཅན་ལ་བཏགས་ནས་རྗེས་སུ་དཔག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལྷག་མ་གོ་སླ་བས་མ་བྲིས་སོ། །

                                                                                                                      རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།