ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་དོན་ལ་བཅར་འཁྲུལ་བ་དགག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-27 22:16:47     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

90826978328408125.jpg

                  གཉིས་པ་དོན་ལ་བཅར་བའི་འཁྲུལ་བ་དགག་པ་ནི། སྤྱི་དོན་རིགས་རྒྱན་ལ་བརྟེན་ནས་རྣམ་བཤད་གསུམ་སོགས་ཀྱི་དོན་གྱི་དཀའ་གནས་རྣམས་བློ་གྲོས་ཡངས་པ་རྣམས་ལ་སྒོ་ཙམ་བསྟན་ན། སྒྲུབ་ངག་གིས་ཁྱབ་པ་གཉིས་བརྗོད་པ་རྫོགས་མ་རྫོགས་ཀྱི་ཁྱད་པར་དང༌། ཁྱབ་པའི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་ཀྱི་སྒྲ་དོན་དང༌། ཚུལ་གསུམ་འཇལ་བྱེད་ཚད་མས་སྒྲོ་འདོགས་གཅོད་ཚུལ་ཁྱད་པར་ལ་དཔྱད་པ་གསུམ་ལས། བྱས་པ་སྒྲ་མི་རྟག་སྒྲུབ་ཀྱི་རྗེས་ཁྱབ་དང་ལྡོག་ཁྱབ་ཡིན་བྱས་པ་ལ་སྣ་ཚོགས་སྨྲ་སྟེ། ཁ་ཅིག་ན་རེ། ཆོས་གཅིག་ལ་ཁྱབ་པའམ་འབྲེལ་བའི་ཐ་སྙད་གཏན་ནས་མི་རུང་བས་གཉིས་སོགས་དགོས་ཟེར། ལ་ལས་བྱས་པ་སྒྲུབ་ངག་གི་དངོས་ཤུགས་གཉིས་ཀར་ཐལ་བ་སོགས་འཕེན་ནོ། །དང་པོ་ལ་འོ་ན། འདི་ཉིད་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་པའི་ཁྱབ་པ་ཡི་གཏན་ཚིགས་ཞེས་པའི་ཁྱབ་པ་དེ་ལ་ཁྱབ་པར་བྱེད་པ་དང་ཁྱབ་པར་བྱ་བ་གཉིས་མེད་པར་ཐལ། འདིའི་ཁྱབ་པ་ཆོས་རེ་རེ་ལ་འཆད་ཚུལ་མེད་པའི་ཕྱིར། རྟགས་ཁས། འདོད་ན། དེའི་དངོས་བསྟན་གྱི་ཁྱབ་པ་དེ་དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཞེས་པས་རྗེས་ཁྱབ་དང༌། ཡང་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་ཅེས་པས་ལྡོག་ཁྱབ་བསྟན་པར་བཤད་མི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་དངོས་བསྟན་གྱི་ཁྱབ་པ་དེ་ལ་དེ་ལྟར་གཉིས་བཤད་རིགས་པའི་ཕྱིར། རང་འགྲེལ་ལས། ཁྱབ་པ་ནི་དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ནའམ། ཡང་ན་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་ཁྱབ་པར་བྱེད་པ་བསྒྲུབ་བྱའི་ཆོས་དང་ཁྱབ་པར་བྱ་བ་གཏན་ཚིགས་ལ་བྱེད་ཅིང་རྗེས་ཁྱབ་དང་ལྡོག་ཁྱབ་ལ་རིམ་བཞིན་སྦྱོར་བའི་ཕྱིར། རང་འགྲེལ་ལས། ཁྱབ་པ་ནི་ཞེས་པ་འདིའི་ཐད་ཀྱི་བྲམ་ཟེ་ཤཾ་ཀ་ར་ནནྡིའི་འགྲེལ་བཤད་ལས། ཁྱབ་པ་བཤད་པའི་ཕྱིར་ཁྱབ་པ་ཞེས་བྱ་བ་སྨོས་སོ། །ཁྱབ་པར་བྱེད་པས་ཁྱབ་པར་བྱ་བ་ཁྱབ་པའི་ཕྱིར་ཁྱབ་པ་ཡིན་ནོ། །ཞེས་དང༌། ཤཱཀྱ་བློས་ཀྱང༌། ཁྱབ་པ་ཞེས་བྱ་བའི་ཚིག་ནི། ཁྱབ་པ་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཆོས་ཡིན་པ་ཉིད་ཀྱིས་གཉིས་ཀ་ལ་ཡོད་པ་ཡིན་ནོ་ཞེས་འགྲེལ་བཤད་གཉིས་ཀས་མཐུན་པར་གསུངས་པའི་ཕྱིར། འདི་དག་བོད་རྒན་སྔ་ཕྱི་དག་གིས་མ་ཐོན་འདུག་པས་ཉུང་གསལ་ཞིག་བཤད་ན། ཤེས་བྱ་ཆོས་ཅན། གཞུང་འདིའི་དངོས་བསྟན་གྱི་ཁྱབ་པ་གཏན་ཚིགས་ལ་བྱེད་རིགས་པར་ཐལ། འདིའི་དངོས་བསྟན་གྱི་ཁྱབ་པར་བྱེད་པ་ནི་གོ་བྱ་སྟེ་བསྒྲུབ་བྱའི་ཆོས་ཡིན་ལ། ཁྱབ་པར་བྱ་བ་གོ་བྱེད་དེ་གཏན་ཚིགས་ཡིན་པས། ཁྱབ་བྱེད་གོ་བར་བྱ་བ་ཆོས་ལ། ཁྱབ་བྱ་གོ་བྱེད་གཏན་ཚིགས་འཐད་པས་ན་ཁྱབ་པ་ཞེས་པ་གཏན་ཚིགས་ལ་འཆད་རིགས་པའི་ཕྱིར། དེར་ཐལ། གཏན་ཚིགས་དེ་སྐབས་འདིའི་ཁྱབ་པ་ཞེས་བཤད་པ་ཡིན་པའི་ཕྱིར། འདིའི་འགྲེལ་བཤད་དུ་བྲམ་ཟེ་ཆེན་པོས། དེ་ལ་ཁྱབ་པར་བྱེད་པ་གོ་བར་བྱ་བ་ལ། ཁྱབ་པར་བྱ་བ་གོ་བར་བྱེད་པ་ཉིད་དུ་འཐད་པས་ན་དེ་ཆས་ཁྱབ་པ་གཏན་ཚིགས་ཡིན་ནོ་ཞེས་བསྟན་ཏོ་ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ་ལོ། །གཞན་ཡང༌། སྐབས་འདིའི་ཁྱབ་པ་གཏན་ཚིགས་ལ་བྱེད་པར་ཐལ། འདིའི་ཁྱབ་པ་རང་འགྲེལ་གྱི་བཤད་ཚུལ་གཉིས་ལས། དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཞེས་བཤད་ནའང་ཁྱབ་པ་གཏན་ཚིགས་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། དེ་ལྟར་བཤད་ཚེ་དེ་ལ་ཞེས་པ་གཏན་ཚིགས་ཡིན་པས་ཁྱབ་བྱ་གཏན་ཚིགས་ལ་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པར་བྱེད་པ་ཡོད་པ་ཁོ་ན་ཞེས་གཏན་ཚིགས་ལ་བསྒྲུབ་བྱའི་ཆོས་མི་ལྡན་པ་བཅད་ནས་སྟོན་པའི་ཕྱིར། རང་འགྲེལ་ལས། ཁྱབ་པ་ནི། དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ནའམ། ཞེས་དང༌། འདིའི་ཐད་ཀྱི་ཤཱཀྱའི་འགྲེལ་བཤད་ལས། དེ་ལ་ཁྱབ་པར་བྱེད་པའི་ཆོས་ཉིད་ཡིན་པར་བརྗོད་ན། ཁྱབ་པ་ཁྱབ་པར་བྱ་བ་གཏན་ཚིགས་དེ་ལ་ཁྱབ་པར་བྱེད་པ་བསྒྲུབ་བྱའི་ཆོས་ཡོད་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལ་ཁྱབ་པར་བྱེད་ཅེས་བཤད་པའི་ཚེ་ཡང་ཁྱབ་པ་ནི་ཁྱབ་བྱ་གཏན་ཚིགས་དེ་ལ་སྦྱོར་དགོས་པའི་ཕྱིར། ཤཱཀྱས། ཁྱབ་པ་ཁྱབ་པར་བྱ་བ་གཏན་ཚིགས་དེ་ལ་ཞེས་གསུངས་པའི་ཕྱིར་དང༌། བྲམ་ཟེས་ཀྱང༌། ཁྱབ་པར་བྱེད་པ་ཉིད་ལ་ཁྱབ་པར་བྱ་བ་རྗེས་སུ་འགྲོ་བ་དང་ལྡོག་པ་ཡོད་པའི་ཕྱིར་དང༌། ཞེས་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀ་གཏན་ཚིགས་ལ་བཤད་པའི་ཕྱིར་རོ། །

           གཞན་ཡང༌། ཤེས་བྱ་ཆོས་ཅན། ཁྱབ་བ་གཏན་ཚིགས་ལ་སྦྱོར་ནས་བཤད་དགོས་པར་ཐལ། ཁྱབ་བ་གཏན་ཚིགས་ལ་མ་སྦྱར་བ་དང༌། རང་འགྲེལ་ལྟར་མི་ལྡན་རྣམ་གཅོད་མ་བྱས་པར་གཞན་ལྡན་རྣམ་གཅོད་དང་མི་སྲིད་རྣམ་གཅོད་གང་བྱས་ཀྱང་རིམ་བཞིན་གོ་བྱེད་མེད་པའི་སྐྱོན་དང༌། རྩོལ་བྱུང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ་བའི་སྐྱོན་སོགས་འབྱུང་བའི་ཕྱིར། བྲམ་ཟེའི་འགྲེལ་བཤད་ལས། ཁྱབ་པར་བྱེད་པ་ཞེས་པ་ནས། གཏན་ཚིགས་གོ་བར་བྱེད་པ་ཡིན་ནོ་ཞེས་གོ་བར་བྱེད་པའི་རང་བཞིན་བརྗོད་པ་ན། དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ན་ཞེས་བརྗོད་པར་བྱ་བ་ཡིན་ནོ་ཞེས་དང༌། དེ་ཁོ་ན་ལ་ཁྱབ་པར་བྱེད་པ་ཡོད་པ་ཞེས་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཡང་ཡན་ལག་མ་ཡིན་ཏེ་ཞེས་དང༌། དེས་ན་མི་ལྡན་རྣམ་པར་གཅོད་པ་ཉིད་འཐད་པ་ཡིན་ཏེ་ཞེས་དང༌། ཤཱཀྱས་ཀྱང༌། མི་ལྡན་པ་རྣམ་པར་བཅད་པས་ངེས་པར་བཟུང་བ་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། རང་འགྲེལ་གྱི་བཤད་ཚུལ་གཉིས་པ་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པ་ཞེས་བཤད་ཀྱང་ཁྱབ་པ་དེ་སྒྲུབ་ཀྱི་གཏན་ཚིགས་ལ་བྱེད་དགོས་པར་ཐལ། དེ་ལྟར་བཤད་པའི་ཚེ་ན་ཡང་ཁྱབ་པ་དེ་སྒྲུབ་ཀྱི་ཁྱབ་བྱེད་དེ་བསྒྲུབ་བྱའི་ཆོས་ཁོ་ན་ལ་ཡོད་པའི་ཁྱབ་བྱ་སྟེ་གཏན་ཚིགས་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། བསྒྲུབ་བྱའི་ཆོས་དེ་ཁོ་ན་ལ་གཏན་ཚིགས་ཡོད་པ་ཞེས་གཞན་ལྡན་རྣམ་གཅོད་ཀྱི་སྒོ་ནས་བཤད་དགོས་པའི་ཕྱིར། རང་འགྲེལ་ལས། ཡང་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ཁོ་ན་ལ་ཞེས་པ་ཁྱབ་བྱེད་དེ་བསྒྲུབ་བྱའི་ཆོས་དེ་ཁོ་ན་ལ་ཞེས་བསྒྲུབ་བྱའི་ཆོས་ལ་སྦྱར་བའི་གཞན་ལྡན་རྣམ་གཅོད་དགོས་པ་གང་ཞིག །ཁྱབ་པར་བྱ་བ་ཡོད་པ་ཞེས་པ་གཏན་ཚིགས་དེ་བསྒྲུབ་བྱའི་ཆོས་ཁོ་ན་ལ་ཡོད་ཅེས་གཞན་ལྡན་རྣམ་བཅད་ཚུལ་གྱིས་གཏན་ཚིགས་ཡོད་ཚུལ་བཤད་དགོས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། འདིའི་ཐད་ཀྱི་བྲམ་ཟེའི་འགྲེལ་བཤད་ལས། ཁྱབ་པར་བྱ་བའི་རང་བཞིན་དུ་གྱུར་པའི་ཁྱབ་པའི་མཚན་ཉིད་ཀྱང་སྟོན་པ་ནི་ཡང་དེ་ཁོ་ན་ལས་ཞེས་བྱ་བ་ཡིན་ནོ་ཞེས་དང༌། འདིར་ཡང་སྔ་མ་བཞིན་ངེས་པར་བཟུང་བ་རྣམ་པ་གསུམ་སྲིད་པ་ལས་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཉིད་འདོད་དེ། ཞེས་སོགས་དང༌། ཤཱཀྱའི་འགྲེལ་བཤད་ལས་ཀྱང༌། དེ་ཁོ་ན་ལ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་ཁོ་ན་ལ་སྟེ་གཞན་དང་ལྡན་པ་རྣམ་པར་བཅད་པས་ངེས་པར་བཟུང་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ་ལོ། །རྟགས་གཉིས་པ་གྲུབ་སྟེ། དེ་ལྟར་སྦྱོར་བའི་རྒྱུ་མཚན་གྱིས་ཁྱབ་པ་ཡང་གཏན་ཚིགས་ལ་བཤད་དགོས་པའི་ཕྱིར། ཤཱཀྱའི་འགྲེལ་བཤད་ལས། གང་གི་ཁྱབ་པར་བྱ་བའི་ཆོས་ཉིད་ཡིན་པ་དེའི་ཚེ་ནི། ཁྱབ་པ་ཡང་ན་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཁྱབ་པ་ངོས་འཛིན་ཚུལ་འཆད་པར། དེ་ཉིད་ལས། ཁྱབ་པ་ཡང་ན་ཞེས་སོགས་དང༌། དེ་བཞིན་དུ་བྲམ་ཟེའི་འགྲེལ་བཤད་ལས་ཀྱང༌། དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པ་ནི་ཁྱབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ་ལོ། །དེས་ན་ཤེས་བྱ་ཆོས་ཅན། རང་འགྲེལ་གྱི་གཞུང་སྔ་མས་རྗེས་ཁྱབ་དང་ཕྱི་མས་ལྡོག་ཁྱབ་བསྟན་པར་ཐལ། དེ་ལྟར་བཤད་པ་སློབ་དཔོན་ཆོས་གྲགས་དང་འགྲེལ་བཤད་གཉིས་ཀའི་དགོངས་པ་ཡིན་པའི་ཕྱིར། རང་འགྲེལ་ལས། འདིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་དག་ཀྱང་བདག་ཉིད་ཇི་ལྟ་བའི་ཚད་མས་བཤད་ལ་ཞེས་དང༌། ཤཱཀྱའི་འགྲེལ་བཤད་ལས། འདིས་ནི་ཞེས་བྱ་བ་ནི་ཕྱོགས་ཆོས་དེ་ཆས་ཁྱབ་པ་ནི་ཞེས་བྱ་བའི་ཚིག་འདིས་སོ། །དེ་ལ་ཁྱབ་པ་ཞེས་སྨོས་པས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་བཤད་དོ་ཞེས་དང༌། བྲམ་ཟེའི་འགྲེལ་བཤད་ལས་ཀྱང༌། དེའི་ཕྱིར་དེ་ལྟར་ཁྱབ་པར་བྱེད་པ་ཁྱབ་པར་བྱ་བ་ལ་ཡོད་ཅེས་བྱ་བས་རྗེས་སུ་འགྲོ་བ་བཤད་ནས། ཁྱབ་པར་བྱ་བ་ཁྱབ་པར་བྱེད་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བས་ནི་ལྡོག་པ་སྟེ། ཞེས་གསུངས་པའི་ཕྱིར། ལུང་འདི་ཤིན་ཏུ་གསལ་ལོ། །

          གཞན་ཡང༌། ཤེས་བྱ་ཆོས་ཅན། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཡིན་པར་ཐལ། བྱས་པ་དེ་སྒྲུབ་ཀྱི་ཚུལ་གསུམ་ག་ཡིན་ཞེས་གཏན་ཚིགས་ལ་བྱེད་དགོས་པར་ལུང་རིགས་དེ་དག་གིས་གྲུབ་པའི་ཕྱིར། བྲམ་ཟེའི་འགྲེལ་བཤད་ལས། དེས་ན་35ཚུལ་གསུམ་དེ་གཏན་ཚིགས་སུ་བཤད་པའི་ཕྱིར། དེའི་ཆས་ཁྱབ་པ་ཞེས་བྱ་བས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་བརྗོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་གཏན་ཚིགས་ཐིགས་པའི་འགྲེལ་པ་ཨ་ཚ་ཊས་མཛད་པ་སོགས་དུ་མས་བཤད་དོ། །བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་གཉིས་ཡིན་ལ་བྱས་ན་མི་རྟག་པས་ཁྱབ་པ་རྗེས་ཁྱབ་མ་ཡིན་ཞིང་རྟག་ན་མ་བྱས་པས་ཁྱབ་པ་ཡང་ལྡོག་ཁྱབ་མ་ཡིན་པར་སྨྲས་པ་ལ། ཁོ་ན་རེ། བྱས་པ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གཞལ་བའི་རྗེས་དཔག་གིས་ཁྱོད་དངོས་སུ་རྟོགས་པའི་ཤུགས་ལ་བྱས་པ་རྟོགས་དགོས་པར་ཐལ། ཁྱོད་སྦྱོར་བ་སྐོར་གཅིག་པོ་དེའི་རྗེས་ཁྱབ་དང་བྱས་པ་དེ་ལྡོག་ཁྱབ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་ཟེར་ན། མ་ཁྱབ་པ་ཁོ་ནའོ། །སེམས་ཙམ་པ་གཞིར་ཞོག །ཁོ་རང་ལ་འོ་ན། བུམ་པ་ཆོས་ཅན། ཁྱོད་དངོས་སུ་རྟོགས་པའི་རྗེས་དཔག་གིས་ཀུན་རྫོབ་བདེན་པ་དང༌། ཕྱི་དོན་དུ་མ་གྲུབ་པ་གཉིས་ཀ་དངོས་སུ་རྟོགས་པར་ཐལ། ཁྱོད་ཀུན་རྫོབ་བདེན་པ་དང༌། ཕྱི་དོན་དུ་མ་གྲུབ་པ་གཉིས་ཀ་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། བུམ་པ་དངོས་སུ་རྟོགས་ན་ཆོས་ཀྱི་བདག་མེད་དངོས་སུ་རྟོགས་པས་ཁྱབ་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། མ་ཁྱབ་སྟེ། བུམ་པ་ཕྱི་དོན་དུ་མ་གྲུབ་ཀྱང་དེ་རྟོགས་ན་ཕྱི་དོན་དུ་མ་གྲུབ་པ་རྟོགས་མི་དགོས་ལ། བུམ་པ་ཕྱི་དོན་དུ་མེད་པར་རྟོགས་པ་ལ། བུམ་པ་ཕྱི་དོན་དུ་མ་གྲུབ་པའི་གོ་དོན་རྟོགས་དགོས་ཟེར་ན། འོ་ན། བྱས་པ་ཡང་དེ་སྒྲུབ་ཀྱི་རྗེས་ཁྱབ་དང་ལྡོག་ཁྱབ་ཡིན་ཀྱང་བྱས་པ་ཙམ་རྟོགས་པས་དེ་སྒྲུབ་ཀྱི་ཁྱབ་པ་གཉིས་རྟོགས་པའི་གོ་མི་ཆོད་ཀྱི། བྱས་པ་དེ་སྒྲུབ་ལ་རྗེས་སུ་འགྲོ་ཚུལ་དང་ལྡོག་ཚུལ་གྱི་དོན་རྟོགས་ན་ཁྱབ་པ་གཉིས་རྟོགས་པར་འདོད་པས་ཁྱབ་པ་ཤིན་ཏུ་འགྲིག་གོ །རྣམ་བཤད་ལས། ཚུལ་གཉིས་ཡིན་ན་དེས་ཁྱབ་པ་མ་ཡིན་ནོ། །ཞེས་སོ།  །གཞན་ཡང༌། དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་ན། དེ་དངོས་སུ་བརྗོད་ན་རྗེས་ཁྱབ་དངོས་སུ་བརྗོད་པས་མ་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་ན་དེ་དངོས་སུ་བརྗོད་ན་དེ་སྒྲུབ་ཀྱི་ཚུལ་གསུམ་དངོས་སུ་བརྗོད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དངོས་སུ་བརྗོད་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སྔར་ལུང་རིགས་དུ་མ་དང༌། རིགས་སྒོ་ལས། གཏན་ཚིགས་ནི་ཚུལ་གསུམ་མོ་ཞེས་གསུངས་པས་གསལ་བར་གྲུབ། འདོད་ན། བྱས་པ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ལས་དེ་སྒྲུབ་ཀྱི་ཕྱོགས་ཆོས་དངོས་སུ་བརྗོད་ལ་གཞན་གཉིས་དངོས་སུ་མ་བརྗོད་པའི་ཁྱད་པར་མི་འཐད་པར་ཐལ། དེས་དེ་སྒྲུབ་ཀྱི་ཚུལ་གསུམ་ག་དངོས་སུ་བརྗོད་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་མི་རྟག་ཅེས་པ་ཕྱོགས་དངོས་སུ་རྗོད་བྱེད་ཀྱི་སྒྲ་དང༌། བྱས་པའི་ཕྱིར་ཞེས་པ་དེ་སྒྲུབ་ཀྱི་ཕྱོགས་ཆོས་དངོས་སུ་བརྗོད་པའི་སྒྲ་དང༌། ཁྱབ་པ་གཉིས་དངོས་སུ་བརྗོད་པའི་སྒྲ་དེ་ལས་ཟུར་དུ་བཤད་མི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རིགས་སྒོ་ལས། འདི་ལྟར་སྒྲ་མི་རྟག་ཅེས་པ་ནི་ཕྱོགས་བརྗོད་པའོ། །བྱས་པའི་ཕྱིར་ཞེས་པ་ཕྱོགས་ཀྱི་ཆོས་བརྗོད་པ་ཉིད་དོ། །གང་བྱས་པ་དེ་ནི་མི་རྟག་པར་མཐོང་བ་སྟེ། དཔེར་ན་བུམ་པ་བཞིན་ཞེས་པ་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བར་བརྗོད་དོ། །ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང༌། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ག་ཡིན་ཀྱང་སྦྱོར་ངག་དུས་སུ་བྱས་པ་བརྗོད་པ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཙམ་ཞིག་དངོས་སུ་བརྗོད་པ་ཡིན་པའི་ཁྱད་པར་འབྱེད་མི་རིགས་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་ན་དེ་བརྗོད་པའི་ངག་ཀྱང་དེ་སྒྲུབ་ཀྱི་ཁྱབ་པ་གཉིས་སོགས་ཚུལ་གསུམ་དངོས་སུ་བརྗོད་དགོས་པའི་ཕྱིར། རྟགས་དངོས། འདོད་མི་ནུས་པར་ཐལ། དེ་ལྟར་ཁྱད་པར་འབྱེད་པ་རིགས་པའི་དབང་ཕྱུག་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར། ཚད་མ་མདོ་ལས། ཚུལ་གསུམ་རྟགས་ཞེས་བརྗོད་པ་ལས། །ཕྱོགས་ཀྱི་ཆོས་སུ་ལེགས་གནས་པའི། །ལྷག་མ་ཚུལ་གཉིས་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བརྗོད་པ་ལས། ཕྱོགས་ཀྱི་ཆོས་སུ་ལེགས་གནས་པའི་ཞེས་པའི་བརྗོད་པའི་སྒོ་ནས་ཕྱོགས་ཀྱི་ཆོས་སུ་ལེགས་པར་གནས་ཚུལ་དང༌། དེའི་ལྷག་མ་ཁྱབ་པ་བརྗོད་ཚུལ་ཡོད་པའི་ཕྱིར། འདིའི་འགྲེལ་བཤད་དུ་རྒྱལ་དབང་བློས། གལ་ཏེ་ཡང་ཚུལ་གསུམ་གཏན་ཚིགས་ཞེས་བརྗོད་པ་དེ་ལྟ་ན་ཡང་སྦྱོར་བའི་དུས་སུ་ཕྱོགས་ཆོས་སུ་ནི་ལེགས་གནས་པའོ། །ནིའི་སྒྲ་ནི་ངེས་པར་བཟུང་བ་ལའོ། །ཕྱོགས་ཆོས་ཙམ་རང་གི་ངོ་བོས་གནས་པར་གཏན་ཚིགས་ཀྱིས་སྟོན་ཏེ། ཕྱོགས་ཆོས་ཙམ་བརྗོད་ཅེས་པའི་དོན་ནོ། །ཞེས་གསུངས་པའི་ནང་གི་སྦྱོར་བའི་དུས་སུ་དང་ཕྱོགས་ཆོས་ཙམ་བརྗོད་ཅེས་པའི་དོན་ལ་རྣམ་བཅད་ཡོངས་གཅོད་ཀྱི་དོན་ཡོད་པའི་ཕྱིར། འདི་འདྲའི་ལུང་རིགས་དུ་མར་དགོངས་ནས། རྣམ་བཤད་ལས། ཚུལ་གཉིས་ཡིན་ན་དེས་ཁྱབ་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྫོགས་པར་བརྗོད་པ་ལ་བྱས་པ་བརྗོད་པ་ཚང་མི་དགོས་པར་ཐལ། བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་སྒྲུབ་ངག་དེས་སྒྲ་བྱས་པར་བརྗོད་པའི་སྔོན་དུ་དེ་སྐོར་གྱི་རྗེས་ཁྱབ་བརྗོད་པའི་ཕྱིར། དེར་ཐལ། སྒྲུབ་ངག་དེས་དེ་སྐོར་གྱི་ཕྱོགས་ཆོས་བརྗོད་པའི་སྔ་རོལ་ཏུ་དེ་སྐོར་གྱི་རྗེས་ཁྱབ་བརྗོད་པའི་ཕྱིར། དེར་ཐལ། སྒྲུབ་ངག་དེ་རྗེས་ཁྱབ་སྔོན་འགྲོ་ཅན་གྱི་སྒྲུབ་ངག་ཡིན་པའི་ཕྱིར་ན་མ་ཁྱབ་ཅིང༌། རྟགས་གྲུབ་སྟེ། མཐུན་དཔེ་དེ་ལྟར་བསྟན་པའི་ཁྱབ་པ་ནི་འབྲེལ་བའི་རང་ལྡོག་གི་ཕྱོགས་གཅིག་ལ་རྗེས་ཁྱབ་ཀྱི་མིང་བཏགས་ནས་དེ་ལྟར་བཤད་པ་ཡིན་པའི་ཕྱིར། བཞི་པ་ལས། ཁྱབ་སྔོན་ཅན་ལ་དེ་མེད་ཀྱང༌། །ཞེས་དང༌། རྣམ་བཤད་ལས། ཕྱོགས་ཆོས་མ་བརྗོད་གོང་གི་དཔེ་གཉིས་ལ་དངོས་སུ་བསྟན་པ་ནི་འབྲེལ་བའི་རང་ལྡོག་དང་དོན་ལྡོག་གི་ཕྱོགས་གཅིག་ཁྱབ་པ་ངེས་པའི་རྒྱུར་བསྟན་པ་ཡིན་གྱི། དེ་ཙམ་གྱིས་སྒྲུབ་ངག་གིས་དངོས་སུ་བསྟན་པའི་ཁྱབ་པ་རྫོགས་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། ཞེས་པའི་སྒྲུབ་ངག་གིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དངོས་སུ་བརྗོད་པར་ཐལ། དེས་དངོས་སུ་བརྗོད་པར་ཕྱོགས་གླང་གིས་བཤད་པའི་ཕྱིར། རིགས་སྒོ་ལས། གང་རྟག་པ་ཡིན་པ་དེ་བྱས་པ་མ་ཡིན་པར་མཐོང་སྟེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ཞེས་པ་ལྡོག་པ་བརྗོད་པའོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འདིས་ནི་དངོས་སུ་ལྡོག་ཁྱབ་ངེས་པའི་སྔོན་འགྲོ་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་དངོས་སུ་བསྟན་ནས་གང་ཞེས་པས་ཤུགས་ལ་ཕྱོགས་ཆོས་བཤད་པ་ཀུན་བསྡོམས་ནས་ཚུལ་གསུམ་བསྟན་ཙམ་ཡིན་པའི་ཕྱིར། དེར་ཐལ། རྟག་ན་མ་བྱས་པས་ཁྱབ་ཅེས་པ་དང་མི་རྟག་པ་ལོག་ན་བྱས་པ་ལོག་ཅེས་པ་དོན་གཅིག་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། དེ་ལྡོག་ཁྱབ་ངེས་པའི་སྔོན་འགྲོ་བྱས་པ་མི་རྟག་པ་དང་འབྲེལ་བའི་ཕྱོགས་གཅིག་ཡིན་པའི་ཕྱིར། དེར་ཐལ། བྱས་པ་མི་རྟག་པ་དང་འབྲེལ་པའི་དོན་དེ་དེ་དང་ཐ་དད་མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་ལྡོག་པ་དགོས་པའི་ཟུར་སྔ་མ་དངོས་སུ་མ་བསྟན་པར་ཕྱི་མ་བསྟན་པ་ཡིན་པའི་ཕྱིར། རྣམ་ངེས་དར་ཊིཀ་ལས། དེ་ཡང་བྱས་པ་མི་རྟག་པ་དང་འབྲེལ་བའི་དོན་དུ་མི་རྟག་པ་དང་ཐ་དད། མི་རྟག་པ་ལོག་པའི་སྟོབས་ཀྱིས་ལྡོག་པའི་མཚན་ཉིད་ཀྱི་ཞེས་པ་ནས། མི་རྟག་པ་ལོག་ན་བྱས་པ་ལོག་པ་དང་རྟག་ན་མ་བྱས་པས་ཁྱབ་པ་སོགས་དོན་གཅིག་པས་ཆོས་མི་མཐུན་པའི་སྦྱོར་བས་མི་མཐུན་དཔེ་ལ་བསྟན་པ་ནི། འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་ལྡོག་ཁྱབ་ངེས་པའི་སྔོན་དུ་ངེས་པར་བྱ་བའི་ཆོས་ཡིན་པའི་རྟགས་དེའི་ལྡོག་ཁྱབ་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བཤད་པ་ལྟར་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་ངེས་པའི་སྔོན་དུ་བྱས་མི་རྟག་གི་འབྲེལ་བ་ངེས་དགོས་པ་གང༌། རྟག་ན་མ་བྱས་པས་ཁྱབ་ཅེས་པའི་བྱས་མི་རྟག་ཐ་དད་པར་དངོས་ཤུགས་གང་དུ་ཡང་མ་བཤད་པས་དེ་གཉིས་འབྲེལ་བ་ཚང་བར་ཡང་མ་བསྟན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། འདི་ཉིད་ཀྱི་དང་པོ་ལས། དེའི་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །དེ་དག་མེད་ན་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །སོགས་དང༌། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །ཞེས་པའི་སྔ་འགྲེལ་ལས། དེའི་ཕྱིར་གཅིག་ལོག་པས་གཞན་ལྡོག་པར་འདོད་པས་ནི། དེ་གཉིས་རང་བཞིན་འབྲེལ་བ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་སོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར།

(35) པར་ཐེངས་གཉིས་པ། ཚུལ་གསུམ་ཉིད་གཏན་ཚིགས་སུ་འཐད་པའི་ཕྱིར།

           རྟགས་གཉིས་པ་མ་གྲུབ་ན། དེ་ཡིན་ན་དེ་ཡིན་པས་ཁྱབ་པ་བསྟན་ན་དེ་གཉིས་ཐ་དད་དུ་བསྟན་པས་ཁྱབ་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་ཡིན་ན་དེ་ཡིན་པས་ཁྱབ་པ་གྲུབ་ན་དེ་གཉིས་ཐ་དད་དུ་གྲུབ་པས་ཁྱབ་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། །མི་རྟག་པ་མི་རྟག་པ་དང་ཐ་དད་ཡིན་པར་ཐལ། །མི་རྟག་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་གྲུབ་པའི་ཕྱིར། རྩ་བར་འདོད་ན། སྦྱོར་སྐོར་དེའི་ཆོས་ལོག་ལ་རྟགས་ལོག་གིས་ཁྱབ་པ་གྲུབ་ན་སྦྱོར་སྐོར་དེའི་ལྡོག་ཁྱབ་གྲུབ་པས་ཁྱབ་པར་ཐལ། སྦྱོར་སྐོར་དེའི་ལྡོག་ཁྱབ་གྲུབ་རྒྱུ་དང་སྒྲུབ་ངག་གི་བརྗོད་རྒྱུའི་ལྡོག་ཁྱབ་རྣམས་ལ་དེ་སྒྲུབ་ཀྱི་ཆོས་ལོག་ལ་རྟགས་ལོག་གིས་ཁྱབ་པ་ཁོ་ན་དགོས་པའི་ཕྱིར། རྟགས་དངོས་ལ། འདོད་ན། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་གྲུབ་པར་ཐལ་ལོ། །མི་རྟག་པ་མ་ཡིན་ན་མཉན་བྱ་མ་ཡིན་པས་ཁྱབ་པ་གྲུབ་པའི་ཕྱིར། དེས་ན་སྦྱོར་སྐོར་དེའི་དངོས་ཁྱབ་དང་ལྡོག་ཁྱབ་གཉིས་དང་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཏེ་བཞི་མི་གཅིག་པར་མཁས་པས་གསུངས་པ་ལྟར་མངོན་སུམ་དུ་རིགས་པས་གྲུབ་པའི་ཕྱིར། དེར་ཐལ། སྡེ་བདུན་རྒྱན་ལས། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ནི་སྦྱོར་བ་སྐོར་གཅིག་གི་སྟེང་དུ་གཅིག་ཡོད་ན་གཅིག་ཡོད་པས་ཁྱབ་པ་ཡིན་ལ། དངོས་ལྡོག་གཉིས་གཅིག་ཡོད་ན་གཅིག་ཡོད་པས་ཁྱབ་མི་དགོས་སོ། །དེ་ཡང་རྟགས་ཡང་དག་ལ་ནི་རྗེས་སུ་འགྲོ་བ་དང་ལྡོག་པས་ཁྱབ་པ་ངེས་པར་གྲུབ་དགོས་ཤིང༌། མ་གྲུབ་ན་རྟགས་ཡང་དག་ཏུ་མི་འགྱུར་ལ། དངོས་ཁྱབ་དང་གོ་བཟློག་གི་ཁྱབ་པ་གྲུབ་ཅིང༌། ཕྱོགས་ཆོས་གྲུབ་པ་ཙམ་གྱིས་ཀྱང་རྟགས་ཡང་དག་ཏུ་མི་འགྱུར་ཏེ། སྒྲ་མི་རྟག་སྒྲུབ་ལ་མཉན་བྱ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། འདིས་ནི་སྒྲུབ་ངག་གཉིས་ཀྱི་དཔེ་གཉིས་ཙམ་ལ་ཁྱབ་ཅེས་བཤད་པ་གཉིས་ཀྱིས་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་མ་ཚང་བར་རྣམ་བཤད་གཉིས་ལས་བཤད་པའི་དོན་གསལ་བར་བཤད་པར་ཤེས་པར་གྱིས་ཤིག འདི་དག་སྔར་མ་ངེས་པའི་རྟགས་ཀྱི་སྐབས་སུ་ཡང་རིགས་པ་སྤྲོས་ཟིན་པས་སླར་ཡང་མ་བཤད་དོ། །གཞན་ཡང༌། སྦྱོར་སྐོར་གཅིག་གི་ཁྱབ་པ་གྲུབ་མ་གྲུབ་དང༌། ཐལ་འགྱུར་གྱི་ཁྱབ་པ་གྲུབ་མ་གྲུབ་རྣམས་ཀྱི་གོ་དོན་གཅིག་པར་ཐལ། ཁྱོད་ཀྱིས་སྦྱོར་ངག་གི་ཁྱབ་པ་གཉིས་ཀྱི་ངོས་འཛིན་ཚུལ་འཐད་པའི་ཕྱིར། འདོད་ན། ཐལ་འགྱུར་དེའི་ཁྱབ་པ་གྲུབ་ན་ཐལ་འགྱུར་དེའི་རྗེས་ཁྱབ་གྲུབ་པས་ཁྱབ་པར་ཐལ། སྦྱོར་སྐོར་གཅིག་ལ་དེའི་ཕྱིར། རྟགས་སྔར་ལུང་རིགས་དུ་མས་བཤད་ཟིན། འདོད་ན། བདག་ལས་སྐྱེས་པར་འདོད་པའི་ཕྱི་རྒོལ་ལ་མྱུ་གུ་ཆོས་ཅན། ཁྱོད་རྒྱུ་མེད་ལས་སྐྱེ་བར་ཐལ། བདག་ལས་སྐྱེ་བའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་གྲུབ་པར་ཐལ། ཁྱོད་ཀྱི་ཁྱབ་པ་གྲུབ་པའི་ཕྱིར། རྟགས་སླ། འདོད་ན། བདག་ལས་སྐྱེ་བ་དེ་རྒྱུ་མེད་ལས་སྐྱེ་བ་ཁོ་ན་ལ་ཡོད་པར་ཚད་མས་གྲུབ་པར་ཐལ་ལོ། །འདོད་པའི་ཕྱིར། སྡེ་བདུན་རྒྱན་ལས། དེས་ན་རྒོལ་བ་དེའི་ངོར། །ཞེས་པ་ནས། ཐལ་འགྱུར་ལ་དངོས་ཁྱབ་ངེས་པར་ཚད་མས་གྲུབ་དགོས་ལ་རྗེས་སུ་འགྲོ་བའི་ཁྱབ་པ་ཡོད་དགོས་པའི་ངེས་པ་མེད་དེ་ཞེས་གསུངས་པ་ལྟར་ཕལ་ཆེར་འདོད་དགོས་པའི་ཕྱིར། དེ་ལ་ཁོ་ན་རེ། བྱས་ན་མི་རྟག་པས་ཁྱབ་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་སྒྲུབ་ངག་གིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དངོས་སུ་བརྗོད་པའི་ཕྱིར་ཟེར་ན་མ་ཁྱབ། འོ་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཅེས་བརྗོད་པའི་སྒྲས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དངོས་སུ་བརྗོད་པའི་ཕྱིར། ཁྱབ་པ་ཁས། ཡང་ཁོ་ན་རེ། བྱས་ན་མི་རྟག་པས་ཁྱབ་པ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པར་ཐལ། དེ་འདྲའི་སྒྲུབ་ངག་གིས་བྱས་ན་མི་རྟག་པས་ཁྱབ་པ་དངོས་སུ་བརྗོད་པའི་ཆ་ནས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དངོས་སུ་བརྗོད་པའི་ཕྱིར་ན་མ་ཁྱབ། ཁོ་རང་ལ་འོ་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་བྱས་རྟགས་ཀྱིས་སྒྲ་མི་རྟག་པའི་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་ཞེས་བརྗོད་པའི་སྒྲས་དེ་ཞེས་བརྗོད་པའི་ཆ་ནས་དེ་དངོས་སུ་བརྗོད་པའི་ཕྱིར། འཁོར་གསུམ། ཁྱབ་པ་ཁས། ཡང་ཁོ་ན་རེ། བྱས་ན་མི་རྟག་པར་ཁྱབ་ཅེས་སོགས་ཀྱི་སྒྲུབ་ངག་དེས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དངོས་སུ་བརྗོད་པར་ཐལ། དེས་བྱས་པ་དངོས་སུ་བརྗོད་པ་གང་ཞིག །བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། བྱས་པ་ཙམ་དངོས་སུ་བརྗོད་པ་ནི་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་བརྗོད་པ་མ་ཡིན་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དངོས་སུ་བརྗོད་པ་ལ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དངོས་སུ་བརྗོད་དགོས་པའི་ཕྱིར། རྟགས་སྔར་བཤད་ཟིན། བྱས་པ་ལ་ཁོ་ན་རེ། བྱས་ན་སོགས་ཀྱི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཤུགས་ལ་མ་བསྟན་པར་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་ན་དེའི་ཤུགས་ལ་མ་བསྟན་པས་ཁྱབ་པའི་ཕྱིར་ན་མ་ཁྱབ་པ་རྩོད་ངོར་བྱའོ། །རྟགས་གྲུབ་སྟེ། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་ན་བྱས་པ་དང་གཅིག་ཡིན་དགོས་པའི་ཕྱིར། ཁོ་རང་ལ་འོ་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཅེས་པའི་ངག་དེས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པ་ལས་ལོག་པ་ཤུགས་ལ་མ་བསྟན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པ་ལས་ལོག་པ་ཡིན་ན་ངག་དེས་ཤུགས་ལ་མ་བསྟན་པས་ཁྱབ་པའི་ཕྱིར། འཁོར་གསུམ། ཁྱབ་པ་འགྲིག རྟགས་གྲུབ་སྟེ། དེ་ཡིན་ན་བྱས་པ་དང་གཅིག་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། བྱས་པ་དེ་བྱས་རྟགས་ཀྱིས་ཞེས་པས་དངོས་སུ་བསྟན་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཆོས་ཅན། ཁྱོད་ཅེས་པའི་ངག་གིས་ཁྱོད་མ་ཡིན་པ་ལས་ལོག་པ་ཤུགས་ལ་བསྟན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། འཁོར་གསུམ། འདི་དག་གིས་རིགས་པ་ཕྲ་མོས་རྩོད་ཚུལ་ལྷག་མ་ཡང་ཤེས་པར་གྱིས་ཤིག །

རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།