ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་སྒྲུབ་བྱེད་ཀྱི་རིགས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-27 22:12:21     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

97058295108396316.jpg

                 གསུམ་པ་སྒྲུབ་བྱེད་ཀྱི་རིགས་པ་ལ་སྔོན་གྱི་བོད་ཀྱི་རིགས་སྨྲ་མཁས་པ་དག་ཚུལ་གསུམ་གྱི་རྗེས་འགྲོའི་ཁྱབ་པ་དང་ལྡོག་པའི་ཁྱབ་པ་གཉིས་བྱས་མི་རྟག་བཞིན་དུ་ཕན་ཚུན་ཡིན་ཁྱབ་མཉམ་དང་སྦྱོར་སྐོར་དེའི་རྟགས་ཀྱི་ཁྱབ་པ་གཉིས་ཕན་ཚུན་གཅིག་གྲུབ་ན་གཅིག་ཤོས་ཀྱང་གྲུབ་དགོས་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅིང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་དངོས་སུ་ལྡོག་ཁྱབ་མི་བརྗོད་པར་ལྡོག་ཁྱབ་བརྗོད་པ་ཡིན་ཞེས་གསུངས་པ་ལ། བར་སྐབས་ཀྱི་རྟོག་གེ་བ་.....གནས་དྲུག་པ་སོགས་ཆེན་པོ་དུ་མ་ན་རེ། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཏུ་གྲུབ་པར་ཐལ། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཏུ་གྲུབ་པའི་ཕྱིར། ཁྱབ་པ་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཡིན་ཁྱབ་མཉམ་ལ་ཁས་ཟེར་ན། འདོད་བྱས་པ་ལ་ཁོ་ན་རེ། བྱས་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ལོག་པའམ་མ་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཏུ་གྲུབ་པའི་ཕྱིར་ན་མ་ཁྱབ་པ་ཁོ་ན་དང༌། རྟགས་གྲུབ་སྟེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་གྲུབ་པའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། མི་རྟག་པ་དང་རྟག་པར་མེད་པ་ཁོ་ན་ཡིན་པའི་ཕྱིར། ཡང་ཁོ་ན་རེ། བྱས་པ་ཆོས་ཅན། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོའི་ཁྱབ་པ་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་རྗེས་འགྲོའི་ཁྱབ་པ་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་དེ་སྒྲུབ་ཀྱི་རྗེས་འགྲོའི་ཁྱབ་པ་གྲུབ་པའི་ཕྱིར་ན་འགལ་ཁྱབ་འབུད། རྟགས་གྲུབ་སྟེ། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་དང་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ། ཡང་དེ་དག་ན་རེ། དེ་སྒྲུབ་ཀྱི་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་དོན་གཅིག་མ་ཡིན་པར་ཐལ། དེ་གཉིས་དོན་མི་གཅིག་པའི་ཐ་དད་པ་སྟེ་འགལ་བ་ཡིན་པའི་ཕྱིར་ཏེ། རྣམ་ངེས་ལས། འོ་ན། རྟགས་ཚུལ་གཉིས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཚུལ་ཐ་དད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མཚན་ཉིད་དངོས་ཤུགས་ལ་གོ་བའི་སྦྱོར་དོན་ཐ་དད་དུ་བསྟན་གྱི་དེ་གཉིས་འགལ་བར་མི་སྟོན་པའི་ཕྱིར། རྣམ་བཤད་ལས། ཚུལ་ཐ་དད་དུ་བཤད་པ་ནི་མཚན་ཉིད་དངོས་ཤུགས་ལ་གོ་བའི་སྦྱོར་བ་མི་འདྲ་བ་གཉིས་ཡོད་པར་སྟོན་གྱི་འགལ་བར་སྟོན་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཤེས་བྱ་ཆོས་ཅན། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གཉིས་འགལ་བར་ཐལ། དེ་སྒྲུབ་ཀྱི་དེ་གཉིས་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར། དེར་ཐལ། རིགས་ཐིགས་ལས། རྗེས་སུ་འགྲོ་བ་ལྡོག་པ་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ནི་སྲོག་ལྡན་བདག་མེད་ལས་ལྡོག་ན་བདག་ལ་རྗེས་སུ་འགྲོ་དགོས་ལ། དེ་ལྟར་ན་སྲོག་ལྡན་དེ་བདག་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་ཡིན་དགོས་ན་དེ་མི་སྲིད་དེ། བདག་ལ་རྗེས་སུ་འགྲོ་བ་དང་བདག་ལས་ལྡོག་པ་གཉིས་ཕན་ཚུན་རྣམ་པར་གཅོད་པའི་འགལ་བ་ཡིན་ཞིང༌། དེ་བཞིན་དུ་མི་མཐུན་ཕྱོགས་ལ་ཡང་རྗེས་སུ་འགྲོ་ལྡོག་གཉིས་འགལ་བར་སྟོན་བྱེད་ཡིན་པའི་ཕྱིར། འཐད་ལྡན་ཆུང་བ་ལས། གཏན་ཚིགས་འདི་ནི་བདག་དང་བཅས་པ་ལ་རྗེས་སུ་འགྲོ་བ་ཡང་མེད་ལྡོག་པ་ཡང་མེད་པས། བདག་དང་བཅས་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་མེད་པར་ངེས་པ་མ་ཡིན་ནམ། ཞེས་པ་ནས། རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། ཞེས་སོགས་དང༌། དེ་དག་གི་གྲུབ་དོན་འཆད་པ་ན་ཡང༌། འགྲེལ་པ་དེ་ཉིད་ལས། དེ་བས་ན་གལ་ཏེ་བདག་དང་བཅས་པ་དངོས་པོ་ནི་མེད་ལ། བདག་མེད་པ་ནི་དངོས་པོ་ཡིན་པ་དེ་ལྟ་ན་ཡང་དེ་གཉིས་ལ་སྲོག་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་མེད་དེ། དངོས་པོ་32གཅིག་ལ་དུས་གཅིག་ཏུ་ཡོད་པ་དང་མེད་པ་གཉིས་ཅིག་ཅར་འགལ་བའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དངོས་པོ་གཅིག་ལ་དང་ཅིག་ཅར་ཞེས་པའི་དོན་ཡོད་པའི་ཕྱིར། རྣམ་བཤད་ལས། རིགས་ཐིགས་ལས་ཞེས་པ་ནས་ཁྱབ་པ་གཉིས་འགལ་བའི་སྒྲུབ་བྱེད་དུ་འབྲེལ་ཅུང་ཟད་ཀྱང་མེད་དོ་ཞེས་གསུངས་པའི་ཕྱིར།

 (32) པར་ཐེངས་གཉིས་པ། གཅིག་དུས་གཅིག

          གཞན་ཡང་དེ་དག་གིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མཐུན་དཔེ་ཁོ་ནའི་སྟེང་དང་ལྡོག་ཁྱབ་མི་མཐུན་དཔེ་ཁོ་ནའི་སྟེང་དུ་གྲུབ་པར་འདོད་པ་ཁྱབ་པའི་མཚན་གཞི་བྱས་ན་མི་རྟག་པས་ཁྱབ་པ་དང་རྟག་ན་མ་བྱས་པས་ཁྱབ་པ་33ཙམ་ལས་མི་འདོད་པ་ཡང་དངོས་འགལ་ངོ་མ་ཤེས་པའི་གཏམ་ཡིན་ཏེ། འོ་ན། བྱས་ན་མི་རྟག་པས་ཁྱབ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེའི་སྟེང་དུ་ཡང་གྲུབ་པར་ཐལ་ལོ། །ཁྱོད་འདུ་མ་བྱས་ཀྱི་ནམ་མཁའི་སྟེང་དུ་གྲུབ་པའི་ཕྱིར། འཁོར་གསུམ་སོང༌། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། ཁྱོད་བྱས་ན་ཁྱོད་མི་རྟག་པས་ཁྱབ་པ་མེད་པར་ཐལ། ཁྱོད་ཀྱི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་མ་གྲུབ་པའི་ཕྱིར། འཁོར་གསུམ་ཁས། རྩ་བར་འདོད་ན། བྱས་ན་མི་རྟག་པས་ཁྱབ་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་དཔེ་ཆོས་ཅན་གྱི་སྟེང་དུ་མ་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། འཁོར་གསུམ་རེ་རེ་ནས་དངོས། ཡང་རྟག་ན་མ་བྱས་པས་ཁྱབ་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་གྱི་སྟེང་དུ་ཡང་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་དཔེ་བུམ་པའི་སྟེང་དུ་གྲུབ་པའི་ཕྱིར། འཁོར་གསུམ། སྔར་ལྟར་སླ། ཇི་སྐད་དུ་རྣམ་བཤད་ལས། དཔེ་གཉིས་ཀྱི་ནང་ནས་མི་མཐུན་དཔེ་ཁོ་ནའི་སྟེང་དུ་གྲུབ་པ་ནས། འདུ་མ་བྱས་ཀྱི་ནམ་མཁའ་ཁོ་ན་ལ་ཡོད་པ་ཉམས་ཏེ་ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བུམ་པའི་སྟེང་དུ་རྟག་ན་མ་བྱས་པ་དང་རྟག་ན་མ་བྱས་པས་ཁྱབ་པ་གཉིས་མེད་ལ་རྟག་ན་མ་བྱས་པས་ཁྱབ་པའི་ཁྱབ་པ་ཡོད་པར་འདོད་པས་སྐྱོན་མེད་ཟེར་ན། དེ་འདྲའི་ཕྱི་རྒོལ་ཆོས་ཅན། ཁྱོད་རི་བོང་རྭའི་རྩེ་མོར་སྐྱིལ་ཀྲུང་བྱས་མེད་ཀྱང་རི་བོང་རྭའི་རྩེ་མོར་སྐྱིལ་ཀྲུང་བཅས་ནས་འདུག་ཐུབ་པའི་ཁྱད་པར་འཐད་པར་ཐལ། ཁྱོད་བུམ་པའི་སྟེང་དུ་ཞིབ་ཆ་དེ་འདྲ་འབྱེད་མཁན་ཡིན་པའི་ཕྱིར། ཁྱབ་པར་ཐལ། བུམ་པའི་སྟེང་དུ་རྟག་ན་མ་བྱས་པ་དང་བུམ་པའི་སྟེང་དུ་རྟག་ན་མ་བྱས་པས་ཁྱབ་པ་གཉིས་ཡོད་ན་བུམ་པའི་སྟེང་དུའམ་བུམ་པ་ལ་རྟག་པ་དང་མ་བྱས་པ་གཉིས་ཡོད་མི་དགོས་པའི་ཕྱིར། མ་གྲུབ་ན། བུམ་པའི་སྟེང་དུ་རི་བོང་རྭ་ཡོད་ན་རི་བོང་རྭ་ཤེས་བྱ་ཡིན་མི་དགོས་པར་ཐལ། བུམ་པའི་སྟེང་དུ་རི་བོང་རྭ་ཡོད་པ་དང་རི་བོང་རྭ་ཤེས་བྱ་གཉིས་ཀ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། རྣམ་བཤད་ལས། རྟག་ན་མ་བྱས་པ་དང༌། ནས། འཆད་པར་ཟད་དོ་ཞེས་གསུངས་པའི་ཕྱིར། ཁོ་ན་རེ། རྟག་ན་མ་བྱས་པས་ཁྱབ་པ་ཞེས་ན་ཁྱབ་མི་འཛིན་གྱི་ལ་སྒྲ་བྱས་ནས་རྟག་པ་ལ་མ་བྱས་པས་ཁྱབ་པའི་ཁྱབ་པ་དེ་འཇོག་ཟེར་ན། འོ་ན། རྟག་ན་མ་བྱས་པས་ཁྱབ་པ་ནམ་མཁའི་སྟེང་དུ་འཇལ་བའི་རྗེས་དཔག་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་འཇལ་བའི་རྗེས་དཔག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་རྗེས་དཔག་ཆོས་ཅན། ནམ་མཁའི་སྟེང་དུ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་དངོས་ཤུགས་གང་རུང་ལ་གཞལ་བར་ཐལ་ལོ། །བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་གཞལ་བའི་རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པར་ཐལ། འདི་ཉིད་ཀྱི་དང་པོ་ལས། གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཉིས་ནི་ཁྱབ་པ་གཉིས་དང་དེ་གཉིས་གང་རུང་ཞིག་དངོས་སུ་སྨྲས་པས་ཕྱི་རྒོལ་སྐབས་བབས་ཀྱིས་དངོས་སུ་མ་བརྗོད་པའི་ཁྱབ་པ་ཡང་དོན་གྱིས་གོ་བ་སྟེ་ཤུགས་ལ་རྟོགས་ཞེས་བཤད་པའི་ཕྱིར། གོ་ཞེས་པ་རྟོགས་པའི་དོན་ཡིན་པར་བཤད་ཟིན་པའི་ཕྱིར། རྩ་བར་འདོད་ན། དངོས་སུ་འགལ་ལ་དེ་འདྲའི་རྗེས་ཁྱབ་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་དཔེ་ནམ་མཁའ་ལ་གྲུབ་པར་ཐལ། དེ་འདྲའི་ལྡོག་ཁྱབ་གཞལ་བའི་རྗེས་དཔག་གིས་ནམ་མཁའི་སྟེང་དུ་ཤུགས་ལ་གཞལ་བའི་ཕྱིར། འཁོར་གསུམ་ཁས་བླངས་སོ། །

(33) པར་ཐེངས་གཉིས་པ། ཙམ་ལ།

           བྱས་པ་ལ་ཁོ་ན་རེ། ལུང་དེས་དཔེ་གཅིག་གི་སྟེང་ནས་ཁྱབ་པ་གཉིས་དངོས་ཤུགས་སུ་འཇལ་བའི་དོན་མིན་གྱི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་ནམ་མཁའ་ལ་དེ་སྒྲུབ་ཀྱི་ལྡོག་ཁྱབ་བསྟན་ཅིང་ལྡོག་ཁྱབ་འཇལ་བའི་རྗེས་དཔག་གིས་མི་མཐུན་དཔེ་ལ་དངོས་སུ་འཇལ་བ་ན་མཐུན་དཔེ་ལ་རྗེས་ཁྱབ་གྲུབ་པར་ཤུགས་ལ་གཞལ་བའི་དོན་ཡིན་པས་སྐྱོན་མེད་ཟེར་ན། ཤེས་བྱ་ཆོས་ཅན། ལྷོ་ན་སྟག་ཡོད་པར་འཇལ་བའི་ཚད་མ་ཡིན་ན་བྱང་ན་འབྲོང་ཡོད་པར་འཇལ་བའི་ཚད་མ་ཡིན་དགོས་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་དཔེ་ནམ་མཁའ་ལ་རྟག་ན་མ་བྱས་པས་ཁྱབ་པ་འཇལ་བའི་ཚད་མ་ཡིན་ན་དེ་སྒྲུབ་ཀྱི་མཐུན་དཔེ་བུམ་པ་ལ་བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་ཚད་མ་ཡིན་དགོས་པའི་ཕྱིར། འཁོར་གསུམ། རྣམ་བཤད་ལས། མི་མཐུན་དཔེ་ནམ་མཁའ་ལ་ནས། བྱང་ཁ་ན་འབྲོང་ཡོད་པར་འཇལ་བའི་ཚད་མ་ཡིན་པར་འགྱུར་རོ། །ཞེས་སོ་བྱས་པ་ལ་ཁོ་ན་རེ། ཚད་མ་གཅིག་གིས་ཁྱབ་པ་གཉིས་དཔེ་གཉིས་ལ་དེ་ལྟར་གཞལ་བ་མ་ཡིན་གྱི། དེ་འདྲའི་སྒྲུབ་ངག་གཅིག་བརྗོད་པ་ན་ལྡོག་ཁྱབ་འཇལ་བའི་ཚད་མས་མི་མཐུན་དཔེ་ནམ་མཁའ་ལ་ལྡོག་ཁྱབ་དངོས་སུ་གཞལ་34ཅིང༌། དེའི་ཤུགས་ལ་དེ་སྒྲུབ་ཀྱི་མཐུན་དཔེ་བུམ་པ་ལ་དེ་སྒྲུབ་ཀྱི་རྗེས་ཁྱབ་འཇལ་བའི་ཚད་མས་འཇལ་བ་ལུང་དོན་ཡིན་ཟེར་ན། འོ་ན། ཤེས་བྱ་ཆོས་ཅན། བུམ་འཛིན་གྱིས་བུམ་པ་གཞལ་བ་སྣམ་བུ་འཛིན་པའི་ཚད་མའི་ཤུགས་རྟོགས་སུ་ཐལ་ལོ། །དེའི་ཚེ་བུམ་པ་ལ་བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་ཚད་མས་གཞལ་བ་དེ་ནམ་མཁའ་ལ་རྟག་ན་མ་བྱས་པས་ཁྱབ་པ་འཇལ་བའི་ཚད་མའི་ཤུགས་རྟོགས་ཡིན་པའི་ཕྱིར། འདོད་ན། ཕྱི་ནང་གང་ལའང་སྔོན་མ་བྱུང་བའི་རིགས་ལམ་ཞིག་ཡིན་པར་ཐལ་ལོ། །རྣམ་བཤད་ལས། ཚད་མ་གཅིག་གིས་མིན་ནས། སྔོན་མ་བྱུང་བ་ཞིག་ཡིན་ནོ། །ཞེས་སོ། །གཞན་ཡང༌། འདི་ཉིད་ལས། རྟོག་གཉིས་ཅིག་ཅར་མཐོང་བ་མེད། །གསུངས་པ་མི་འཐད་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་སྦྱོར་གྱི་སྒྲུབ་ངག་བཀོད་ཚེ་དཔེ་གཉིས་ལ་ཁྱབ་པ་གཉིས་འཇལ་བའི་རྗེས་དཔག་མངོན་གྱུར་ཏུ་སྐྱེས་པ་དེ། འདི་ཉིད་ལས། དོན་གྱིས་གོ་བས་གཅིག་ཤོས་ལ། །ཞེས་པའི་དོན་ཡིན་པའི་ཕྱིར། རྟགས་ཁས། ལྷག་མ་ཡིག་རྙིང་སོགས་ལས་ཤེས་པར་གྱིས།

 (34) པར་ཐེངས་གཉིས་པ། ཞིང།

                                                                                                                                       རྩོམ་སྒྲིག་པ། མང་ར་བ།

                       གསལ་འདེབས། 

                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།