ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་མ་དམིགས་པའི་རྟགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-06 22:28:26     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

340863660901511406.jpg

                 གསུམ་པ་མ་དམིགས་པའི་རྟགས་ཡང་དག་ལ་མི་སྣང་བ་མ་དམིགས་པའི་རྟགས་དང་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གཉིས་ཡོད་ཅིང༌། དེ་གཉིས་འཆད་པ་ལ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་བཤད་པ་དང༌། སྣང་རུང་མ་དམིགས་པའི་རྟགས་ཡང་དག་བཤད་པ་གཉིས། དང་པོོ་སྟོན་པར། འདི་ཉིད་ལས། ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །ཞེས་བྱུང༌། འདི་ལ་འཕྲོས་དོན་དང༌། གཞུང་དོན་དང༌། མཐའ་དཔྱད་པ་གསུམ། དང་པོ་ཡོད་དེ། མདོ་ལས། གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱ་སྟེ་ཉམས་པར་འགྱུར་ཏ་རེ་ཞེས་པའི་དོན་རང་ལ་མི་སྣང་བ་ཙམ་གྱིས་གཞན་རྒྱུད་ལ་ཡོད་ཏན་དེ་མེད་ཅེས་བཤད་མི་རུང་ཞེས་འཆད་པ་ལ། ཚད་མ་རྣམས་ནི་སོགས་ཀྱི་གཞུང་འདི་བྱུང༌། གང་ཟག་དེ་ལ་དེ་འདྲའི་བསྐལ་དོན་དུ་འགྲོ་བའི་དོན་ཇི་ལྟ་བུ་ཡོད་ཅེ་ན། བསྐལ་པའི་དོན་གསུམ་ཡོད་དེ། ཡུལ་གྱིས་དང་དུས་ཀྱིས་དང་ངོ་བོས་བསྐལ་དོན་དུ་གྱུར་པ་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འདིར་གནས་ཕལ་པ་ལ་འོོད་ཟེར་ཅན་གྱི་ཞིང་ཁམས་ཀྱི་འགྲོ་བའི་ཁྱད་པར་ལྟ་བུ་དང༌། དེར་གནས་པའི་ཕལ་པ་ལ་ཞིང་ཁམས་འདིའི་དབྱིབས་བཀོད་ཀྱི་ཁྱད་པར་ལྟ་བུ་ཡིན་པའི་ཕྱིར་ཏེ། ཡུལ་དང་གང་ཟག་དེ་དག་དུས་མཉམ་པར་ཡོད་པས་དུས་ཀྱིས་བསྐལ་པ་མ་ཡིན་ལ། ཡུལ་དེ་དག་ཕལ་པའི་མངོན་སུམ་གྱི་ཡུལ་ཡིན་པས་རང་བཞིན་ནམ་ངོ་བོའི་སྒོ་ནས་བསྐལ་བ་མ་ཡིན་ཀྱང༌། གང་ཟག་དེ་དག་ལ་ཡུལ་ཐག་རིང་བའིི་སྒོ་ནས་ཡུལ་གྱིས་བསྐལ་དོན་དུ་གྱུར་པའི་ཕྱིར་རོ། །དུས་ཀྱི་དེ་ཡོད་དེ། མ་འོངས་པའི་དུས་ཤིན་ཏུ་རིང་བོ་ན་གང་ཟག་གི་ཁྱད་པར་འདི་ལྟ་བུ་འབྱུང་མི་འབྱུང་ད་ལྟའི་ཕལ་བ་ལ་ཐེ་ཚོམ་ལས་མེད་པ་ལྟ་བུ་ཡིན་པའི་ཕྱིར། འདིའང་བསྐལ་དོན་གཞན་གཉིས་མིན་ཚུལ་ཤེས་པར་བྱའོ། །ངོ་བོའམ་རང་བཞིན་གྱི་དེ་ཡོད་དེ་ཡུལ་ཐག་རིང་བ་དང་དུས་རིང་བ་མ་ཡིན་པར་ད་ལྟ་རང་དང་ཉེ་བར་ཡོད་ཀྱང་ངོ་བོ་ཕྲ་བའི་དབང་གིས་བསྐལ་དོན་དུ་སོང་བ་མདུན་གྱི་གཞི་འདིར་ལྷ་མིའི་བར་སྲིད་པ་དང༌། ཤ་ཟ་དང་དེའི་བུམ་པ་ལྟ་བུ་ཡིན་པའི་ཕྱིར། དེ་གསུམ་ཇི་སྐད་དུ། རྣམ་ངེས་རང་འགྲེལ་ལས། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པས་ན་བསྐལ་པ་ནི་རྣམ་པ་གསུམ་སྟེ། ཞེས་སོགས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། གང་ཟག་དེ་ལ་བསྐལ་དོན་དུ་སོང་བ་དེ་ཡང་གང་ཟག་དེའི་ངོར་མངོན་སུམ་དང་རྗེས་དཔག་དང་ལུང་གི་ཚད་མ་གང་རུང་གིས་བསྒྲུབ་ནུས་པར་ཐལ། དོན་དེ་གང་ཟག་དེའི་ངོར་གཞལ་བྱའི་གནས་གསུམ་གང་རུང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། གང་ཟག་དེའི་ངོར་དོན་དེར་ཐེ་ཚོམ་ཙམ་ལས་ཚད་མ་གསུམ་གང་ཡང་མི་འཇུག་པའི་ཕྱིར། ཞེས་བཤད་པ། འདི་ཉིད་ལས། ཚད་མ་རྣམས་ནི་མི་འཇུག་པ། ཞེས་དང༌། རྣམ་བཤད་ལས། རྣམས་ནི་ལུང་གི་ཚད་མ་སོགས་མང་ཚིག་གོ་ཞེས་དང༌། རྣམ་ངེས་རང་འགྲེལ་ལས། དེར་ཡང་ཡོད་ན་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་རྣམས་ལས་གཅིག་འཇུག་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། འགའ་ཞིག་ལ་བསྟན་བཅོས་ཀྱི་དབང་དུ་བྱས་པ་མེད་པའི་ཕྱིར་རོ། །ཞེས་སོགས། རྟགས་གསུམ་དང་མངོན་རྗེས་སོགས་རང་ལུགས་སྒྲུབ་པ་ལ་རྣམ་ངེས་རྩ་འགྲེལ་རྒྱས་པས་དར་ཊིཀ་དང་སྦྱར་ནས་ལྟ་དགོས་སོ།  །ཤེས་བྱ་ཆོས་ཅན། མི་སྣང་བ་མ་དམིགས་པ་བཤད་པའི་དགོས་པ་ཡོད་དེ། རྒྱང་ཕན་གྱིས་རང་གིས་མ་མཐོང་བ་དང་རྒྱང་ཕན་གྱི་བསྟན་བཅོས་ན་མ་བཤད་པས་སྐྱེ་བ་སྔ་ཕྱི་དང་ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་མེད་པར་ལྟ་བ་བཟློག་པ་དང་ཡུལ་གྱི་རྒྱུད་ཚོད་འཛིན་པའི་ཉེས་པ་དགག་ཆེད་སོགས་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། སྐྱེས་བུ་དམ་པ་ལ་སྨོད་པ་ནི་ངན་འགྲོ་མི་ཟད་པའི་རྒྱུ་ཕུལ་དུ་ཕྱིན་པར་མདོ་རྒྱུད་ཀུན་ནས་གསུངས་པས། ཞེས་དང༌། སྔར་གྱི་མདོ་དང་དེའི་དགོངས་འགྲེལ་གྱི་གཞུང་འདི་དག་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་དང་ལྡན་པར་བྱ་དགོས་པ་དོན་གྱིས་འཕང་པས། ཞེས་གསུངས་པའི་ཕྱིར། དོན་གྱིས་འཕང་ཚུལ་ཡོད་དེ། གཞུང་འདིའི་འཆད་བྱའི་མདོ་དུ་མས་དེ་ལྟར་བཤད་པའི་ཕྱིར་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། བཅོམ་ལྡན་འདས་བདག་ཅག་དེང་སླད་ཆད་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་པ་ནས། འོད་སྲུང་ངས་དོན་གྱི་དབང་འདི་མཐོང་ནས་དགེ་སློང་དག་ངའམ་ང་དང་འདྲ་བས་གང་ཟག་གི་ཚོད་བཟུང་གི་གང་ཟག་གིས་གང་ཟག་ལ་ཚོད་མི་བཟུང་ངོ༌། །དགེ་སློང་གང་ཟག་གིས་གང་ཟག་ལ་དྲོད་བཟུང་ན་སྨས་པར་འགྱུར་བ་ཤེས་པར་གྱིས་ཤིག་ཅེས་ཁྱོད་ལ་དེ་ལྟ་བུའི་ཆོས་བསྟན་ཏེ། ཞེས་པ་ནས། འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཡིད་དུ་འོང་ངོ་ཞེས་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །དེས་ན་དེར་བདག་བསྲུང་བར་བྱའོ། །ཞེས་གསུངས་པ་ཞེས་དང༌། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། དེའི་བསླབ་པ་ཐམས་ཅད་ལ་མོས་པར་བྱ་སྟེ་འདི་སྙམ་དུ་སེམས་ཅན་གྱི་སྤྱོད་པ་ནི་ཤེས་པར་དཀའ་བས་བདག་གིས་ཕ་རོལ་གྱི་སེམས་མི་ཤེས་སོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་དོན་གྱི་དབང་འདི་གཟིགས་ནས་གང་ཟག་གིས་གང་ཟག་གི་ཚོད་མི་བཟུང་གི་ངའམ་ང་དང་འདྲ་བས་གང་ཟག་གི་ཚོད་བཟུང་ངོ་ཞེས་དེ་སྐད་ཆོས་སྟོན་ཏོ། །ཞེས་སོགས་ལྟ་བུའི་མདོ་དུ་མ་ཡོད་པའི་ཕྱིར། དེ་དག་ཀྱང་རང་གི་བློ་སྦྱོང་དུ་བྲིས་ཀྱི་གཞན་ཕན་གྱི་རེ་བ་མིན་ནོ། །

           གསུམ་པ་མཐའ་དཔྱད་པ་ལ། དགག་གཞག་སྤངས་གསུམ་ལས། དང་པོ་ལ་ཁ་ཅིག །ཤ་ཟ་ཚད་མས་མ་དམིགས་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་པ་མ་ཡིན་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ཟེར། དེ་བཞིན་དུ་ཤ་ཟ་ཚད་མས་མ་དམིགས་པ་དེ། གཞི་འདིར་ཤ་ཟ་ཡོད་ངེས་མ་ཡིན་པར་སྒྲུབ་པ་དང༌། རྟགས་དེ་གཞི་འདིར་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཟེར། འོ་ན། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་མེད་པར་ཐལ། ཤ་ཟ་ཡོད་ན་ཚད་མས་དམིགས་དགོས་པ་ལ་མ་དམིགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཤ་ཟ་བསྐལ་དོན་མ་ཡིན་པར་ཐལ། ཤ་ཟ་མེད་ཅེས་དམ་བཅའ་བའི་དོན་ཚད་མས་གྲུབ་པའི་ཕྱིར། རྟགས་སོང༌། ཁྱབ་སྟེ། གང་ཟག་དེས་མེད་ཅེས་ངེས་པ་འདྲེན་ཐུབ་ན་དེ་དེ་ལ་བསྐལ་དོན་མ་ཡིན་དགོས་པའི་ཕྱིར། རྣམ་ངེས་ལས། བསྐལ་པ་རྣམས་ལ་ནི། །མེད་པར་ངེས་པ་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། འདིར་མེད་པར་ངེས་ནུས་པ་དང་མེད་པར་ངེས་པར་བྱས་པ་གཉིས་ཀྱི་ཁྱད་པར་ཤེས་དགོས་སོ། །གཞན་ཡང། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ཡོད་མེད་ཐེ་ཚོམ་མི་ཟ་བར་ཐལ། ཤ་ཟ་མེད་པའི་ཕྱིར། ཁྱབ་པར་ཐལ། ཤ་ཟ་མེད་པར་ཁས་བླངས་པས་ཤ་ཟ་ཡོད་མེད་ཐེ་ཚོམ་མི་ཟ་བར་ཁས་བླང་བར་སོང་བའི་ཕྱིར། ཁོ་ན་རེ། གསལ་བ་ལ་ཐེ་ཚོམ་ཟ་ཟེར་ན། དེ་ཆོས་ཅན། ཤ་ཟ་ཚད་མས་དམིགས་མ་དམིགས་ཐེ་ཚོམ་ཟ་བར་ཐལ། ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། འདོད་ན་དང༌། མ་གྲུབ་ན་དངོས་འགལ་ལོ། །ཡང་ཁོ་ན་རེ། ཡོད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་དང་མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་ཟེར་ན། འོ་ན། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་མེད་པར་ཐལ། ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། རྟགས་སོང༌། མ་ཁྱབ་ན། ཁྱབ་པར་ཐལ། ཡོད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པའི་ཕྱིར། རྟགས་ཁས་སོ། །ཁྱབ་པ་ལ་ཐེ་ཚོམ་ཟའོ་ཟེར་ན། ཡོད་མེད་ཐེ་ཚོམ་ཟ་ན་མེད་པས་ཁྱབ་པ་ལ་ཐེ་ཚོམ་མི་ཟ་བར་ཐལ། ཡོད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ལ་ཐེ་ཚོམ་མི་ཟ་བའི་ཕྱིར། རྟགས་དངོས། གསལ་བ་དངོས་འགལ་ཡིན་ཀྱང༌། འདོད་ན། ཡོད་མེད་ཐེ་ཚོམ་ཟ་ན་མེད་པས་ཁྱབ་པ་ལ་21ཐེ་ཚོམ་ཟ་བར་ཐལ། དེ་ལྟར་ཁས་བླང་བ་ལ་མདུན་གྱི་ཤ་ཟ་སྐྱོན་དུ་འཇུག་མི་འཇུག་ཐེ་ཚོམ་ཟ་བའི་ཕྱིར་ཏེ། དེ་ལྟར་བཏང་བའི་ཚེ་ན་རྟགས་ཚད་མས་གྲུབ་ཅིང་གསལ་ཁྱབ་གཉིས་ལ་ལན་ཐེབས་མི་ཐེབས་ཐེ་ཚོམ་ཟ་བའི་ཕྱིར། དེར་ཐལ། མདུན་གྱི་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། དེ་ལ་ཁོ་ན་རེ། གང་ཟག་གི་བདག་མེད་ཡིན་ན་ཡོད་པས་ཁྱབ་པ་ལ་ཐེ་ཚོམ་ཟ་བར་ཐལ། དེ་ལ་མདུན་གྱི་ཤ་ཟ་དངོས་སྐྱོན་དུ་འཇུག་མི་འཇུག་ཐེ་ཚོམ་ཟ་བའི་ཕྱིར་ན་མི་མཚུངས། མ་གྲུབ་ན། མདུན་གྱི་ཤ་ཟ་ཆོས་ཅན། ཡོད་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཁྱབ་གསལ་ཁས། རྟགས་སོང༌། དེས་རིགས་འགྲེ། མདོར་ན། ཡོད་མེད་ཐེ་ཚོམ་ཟ་ན་མེད་པས་ཁྱབ་པ་ལ་ཐེ་ཚོམ་ཟ་བ་དང༌། ཡོད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ལ་ཡང་ཐེ་ཚོམ་ཟ་བ་དང༌། མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ལ་ཐེ་ཚོམ་ཟ་བ་དང༌། ཡོད་མེད་ཐེ་ཚོམ་ཟ་ན་ཡོད་པས་ཁྱབ་པ་ལ་ཡང་ཐེ་ཚོམ་ཟ་བར་ཐལ། དེ་དག་འདིར་བསྐལ་དོན་ཡིན་པར་སྔར་གྱི་རིགས་པས་གྲུབ་པའི་ཕྱིར། དེས་རྩོད་ཚུལ་ཤེས་སོ། །

(21) པར་ཐེངས་གཉིས་པ། ཐེ་ཚོམ་མི་ཟ་བར་ཐལ།

           འདི་དག་གི་ཐེ་ཚོམ་ཟ་ཚུལ་ནི་གོ་བ་རགས་པའི་དབང་དུ་བྱས་ཤིང་བསྐལ་དོན་ཅན་གྱི་བློ་ངོ་གཞིར་བཞག་གི་གཞན་དུ་ན་དངོས་འགལ་ཡིན་ཏེ། ཚུལ་གསུམ་སྒྲུབ་ཚུལ་སོགས་དུ་མ་དང་འགལ་བར་འགྱུར་བའི་ཕྱིར། དཔེ་གཅིག་བཀོད་ན་མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ལ་ཐེ་ཚོམ་མི་ཟ་བར་ཐལ། མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་མེད་པར་ངེས་པ་ཡིན་པའི་ཕྱིར། བསྐལ་དོན་གཞིར་བཞག་མ་ཡིན་ནོ། །སྨྱོན་མེད་པར་སེམས་རྣལ་དུ་ཞོག །མ་ཁྱབ་ན། དེ་འདྲའི་ཁྱབ་པ་ཆོས་ཅན། མདུན་གྱི་ལན་འདེབས་པ་པོས་ཁྱོད་མེད་པར་ངེས་པ་དང་ཁྱོད་ཡོད་མེད་ལ་ཐེ་ཚོམ་ཟ་བ་གཉིས་ཀ་མ་ཡིན་པར་ཐལ། ཁྱོད་མེད་པར་ངེས་པ་དང་ཁྱོད་ཡོད་མེད་ཐེ་ཚོམ་པའི་སྒྲོ་འདོགས་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། འདི་ཉིད་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་ནི་སྒྲོ་འདོགས་དབེན་པ་ལ་འཇུག་ཅེས་པའི་དོན་ཡོད་པའི་ཕྱིར། རྩ་རྟགས་མ་གྲུབ་ན། གང་ཟག་གི་བདག་ཆོས་ཅན། སྐྱེས་བུ་བདག་མེད་དུ་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་ཁྱོད་ལ་ཐེ་ཚོམ་མི་ཟ་བར་ཐལ། དེ་ལ་ཁྱོད་བསྐལ་དོན་ཡང་མ་ཡིན། ཁྱོད་མེད་ངེས་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། གཞན་ཡང༌། དེ་ལ་ཐེ་ཚོམ་ཟ་བ་ཡོད་ན་དེ་ལ་ཐེ་ཚོམ་ཟ་བས་ཁྱབ་པར་ཐལ། མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ལ་ཐེ་ཚོམ་ཟ་བ་ཡོད་པའི་རྒྱུ་མཚན་གྱིས་ཁྱབ་པ་དེ་ལ་ཐེ་ཚོམ་ཟ་བར་བཞག་པའི་ཕྱིར། མ་གྲུབ་ན། མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ཆོས་ཅན། ཁྱོད་ལ་ཐེ་ཚོམ་མི་ཟ་ཡང་ཐེ་ཚོམ་ཟ་བ་ཡོད་པའི་ཁྱད་པར་འཐད་པར་ཐལ། ཁྱོད་ལ་ཐེ་ཚོམ་ཟ་བ་ཡོད་པ་དེ་ཁྱོད་ལ་ཐེ་ཚོམ་ཟ་བའི་དོན་མ་ཡིན་པའི་ཕྱིར། རྟགས་སླ། རྩ་བར་འདོད་ན། མདུན་གྱི་བུམ་པ་མངོན་སུམ་གྱིས་དམིགས་པ་འདི་ཆོས་ཅན། ཁྱོད་ལ་ཐེ་ཚོམ་ཟ་བར་ཐལ། ཁྱོད་ལ་ཐེ་ཚོམ་ཟ་བ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ལྐོག་གྱུར་དུ་སོང་བ་ཡོད་པའི་ཕྱིར། གཞན་རྣམས་ལ་དེས་མཚོན་དེ་ཤེས་པར་བྱའོ།  །མི་སྣང་བ་མ་དམིགས་པའི་རྟགས་ཀྱི་དོན་ཅི་ཡིན་དྲིས་པ་ལ་སྣ་ཚོགས་སྨྲ་བ་ཡོད་དེ། གཞན་དག་རྟགས་འདི་རྒྱུ་མ་དམིགས་པའི་རྟགས་ཟེར། ཁ་ཅིག་སྣང་རུང་མི་དམིགས་པ་ཡིན་པས་མི་སྣང་བ་མ་དམིགས་པ་མིན་ཟེར། ལ་ལ་དེ་གཉིས་ཀྱི་གཞི་མཐུན་ཟེར་བ་སོགས་ཡོད་པར་བཤད་པའི་ཕྱིར། དང་པོ་ལ་རྟགས་འདི་ལ་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཅིག་མེད་པར་ཐལ། རྟགས་འདི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཁོ་ན་ཡིན་པའི་ཕྱིར། མ་གྲུབ་ན་ཡིན་པར་བུད། ཕྱི་མ་གསུམ་ལ་ལྷའི་བར་དོ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་སྲིད་ཚོལ་22ཚད་མས་མ་དམིགས་པ་དེ་མདུན་གྱི་གཞི་འདིར་ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེ་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་བསྐལ་དོན་དུ་སོང་བའི་གང་ཟག་གིས་དེ་ཚད་མས་མ་དམིགས་པ་དེ་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །མདུན་གྱི་གཞིར་ལྷའི་བར་སྲིད་ཡོད་ཀྱང་དེ་བསྐལ་དོན་དུ་སོང་བའི་གང་ཟག་གིས་བལྟར་མི་རུང་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གང་ཟག་དེས་དེ་ཡོད་ཅེས་དམ་བཅའ་མི་རིགས་པ་མེད་དགག་གང་ཞིག །དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། བདག་མེད་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། དེ་འདྲའི་གང་ཟག་ཆོས་ཅན། མདུན་གྱི་གཞི་འདིར་ལྷའི་བར་སྲིད་ཡོད་ཀྱང་ཁྱོད་ལ་བལྟར་མི་རུང་བར་ཐལ། ཁྱོད་དེ་ལ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས། འོ་ན། མི་སྣང་བ་མ་དམིགས་པའི་དོན་ཅི་ཡིན་ཞེ་ན། དེར་དེ་ཡོད་ཀྱང་གང་ལ་བསྐལ་དོན་དུ་སོང་བའི་གང་ཟག་དེའི་རྒྱུད་ཀྱི་ཚད་མ་ལ་བལྟར་མི་རུང་བ་ཡིན་གྱི་ཞེས་གསུངས་པའི་ཕྱིར། ལུང་དོན་ལ་ཞིབ་ཆ་དགོས། རྩ་བར་འདོད་ན། ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་མདུན་གྱི་གཞི་འདིར་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ལྷའི་བར་སྲིད་མེད་པ་དེ་བལྟར་རུང་བ་དང༌། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་མེད་པར་ངེས་པ་འདྲེན་རུང་གཉིས་ཀར་ཐལ། ཁྱོད་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། ཁྱབ་ཅིང༌། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་སྣང་རུང་མི་དམིགས་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡོད་ན་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་སྣང་དུ་རུང་བ་དང༌། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་དགག་བྱའི་ཆོས་ཚད་མས་མེད་པར་ངེས་ནུས་པ་ཞིག་དགོས་པ་གང་ཞིག །དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡོད་ཀྱང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་ཚད་མ་ལ་མི་སྣང་བ་དང༌། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡོད་མེད་གང་དུ་མ་ངེས་པར་ཐེ་ཚོམ་ཅན་ཅིག་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། འདིའི་རང་འགྲེལ་ལས། གཉིས་པ་ནི་དེ་ལ་ཚད་མ་ཡིན་ཏེ། ངེས་པའི་འབྲས་བུ་ཅན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཏེ། གཉིས་པ་གྲུབ་སྟེ། རང་འགྲེལ་ལས། དེ་ལ་དང་པོ་ནི་ཡོད་པའི་ཐ་སྙད་དགག་པའི་ཕྱིར། ཚད་མར་བཤད་ཀྱི་ལྡོག་པ་མཐོང་བ་ལ་སོགས་པ་ལ་ཉེ་བར་སྦྱོར་བ་ནི་མ་ཡིན་ཏེ། ཐེ་ཚོམ་ཡོད་པའི་ཕྱིར་ཞེས་དང༌། རྒྱས་བཤད་སྐབས་སུ། འདི་ཉིད་ལས། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་གསུངས་པའི་ཕྱིར།

(22) པར་ཐེངས་གཉིས་པ། ཚད་མས་དམིགས་པ།

           གཞན་ཡང༌། དེ་འདྲའི་གང་ཟག་གི་ཚད་མས་མ་དམིགས་པ་དེ་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པ་དང་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གཉིས་མ་ཡིན་པར་ཐལ། དེ་གཉིས་ཀྱི་གོ་དོན་འགལ་བ་ཡིན་པའི་ཕྱིར། དེར་ཐལ། མི་སྣང་བ་མ་དམིགས་པའི་རྟགས་དང་སྣང་རུང་མ་དམིགས་པའི་རྟགས་གཉིས་ཀས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་ཡོད་ངེས་དགག་པ་ཙམ་དུ་འདྲ་ཡང་དགག་བྱའི་ཆོས་དེ་རྩོད་གཞིའི་སྟེང་དུ་སྔ་མ་མི་སྣང་བ་མ་དམིགས་པས་ཡོད་མེད་གང་ལའང་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་ཐེ་ཚོམ་ལས་མི་ཐུབ་ཅིང༌། སྣང་རུང་མ་དམིགས་པས་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་དེ་དེའི་སྟེང་དུ་མེད་པའི་ངེས་པ་སྐྱེད་ཐུབ་པའི་ཁྱད་པར་སོ་སོར་བཤད་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལྟར་མི་དམིགས་པ་འདི་གཉིས་ནི་རང་དང་བཟློག་པའི་རྒྱུ་མེད་པ་དང་ཡོད་པ་དག་གི་ཕྱིར། ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་ཉིད་དུ་འདྲ་སྟེ། གཅིག་ལ་ནི་ཐེ་ཚོམ་ཡོད་པའི་ཕྱིར་ལ་གཞན་ལ་ནི་བཟློག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང༌། དེའི་རང་དང་བཟློག་པ་ནི་དགག་བྱའི་ཆོས་དང༌། རྒྱུ་གཏན་ཚིགས་དང༌། གཅིག་མི་སྣང་བ་དང༌། གཞན་ལ་ཞེས་པ་སྣང་རུང་དང་འདིའི་བཟློག་པ་ནི་ཐེ་ཚོམ་ཡོད་པ་བཟློག་པའོ། །གཏན་ཚིགས་འདི་གཉིས་ཀྱི་ཁྱད་པར་དེ་ལྟར་རིགས་པར་ཐལ། དེ་གཉིས་ཀྱི་ཁྱད་པར་དེ་སྡེ་བདུན་ཀུན་གྱི་དགོངས་པ་ཡིན་པའི་ཕྱིར། སྡེ་བདུན་རྒྱན་ལས། སློབ་དཔོན་གྱི་གཞུང་དང༌། རང་འགྲེལ་དང༌། འགྲེལ་བཤད་བྱེད་པ་ཐམས་ཅད་ཀྱི་ཤིན་ཏུ་གསལ་བར་མ་དམིགས་པའི་རྟགས་ཀྱིས་རང་ཕྱོགས་ཆོས་སུ་གྲུབ་པའི་ཆོས་ཅན་ལ་ཡོད་ངེས་ཀྱི་ཐ་སྙད་འགོག་པར་ཁྱད་པར་མེད་ལ་འོན་ཀྱང་མི་སྣང་བ་མ་དམིགས་པའི་རྟགས་ཀྱིས་ནི་ཡོད་ངེས་ཀྱི་ཐ་སྙད་འགོག་པ་ཙམ་གྱི་བྱ་བ་བྱེད་ཀྱིས་མེད་ངེས་སྒྲུབ་མི་ནུས་ལ། སྣང་རུང་མ་དམིགས་པས་མེད་ངེས་ཀྱང་གོ་བར་བྱེད་དོ་ཞེས་ལན་གཅིག་མ་ཡིན་པར་བཤད་དོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་སྣང་རུང་དང་མི་སྣང་བའི་རྟགས་གཉིས་ཀྱི་ཁྱད་པར་མ་གོ་བར་ལྟག་ཆོད་འཕེན་པའི་རང་གཞན་དུ་མ་སྣང་སྟེ། གཞན་ལུགས་སྐབས་སུ་བཀག་ནས་སླར་ཡང་རང་ལུགས་སུ་བྲིས་པ་མང་བའི་ཕྱིར་རོ།  །ཡང་ཁ་ཅིག །མེ་མེད་ཀྱི་རྟགས་ཀྱིས་མེ་མེད་པའི་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱི་རྒོལ་ལ་དེར་དུ་བ་ཡོད་ཀྱང་སྣང་མི་རུང་བ་ཡིན་ཟེར་ན། འོ་ན་དེ་འདྲའི་རྒྱ་མཚོར་དུ་བ་ཡོད་པར་ཐལ། དེ་འདྲའི་རྒྱ་མཚོར་དུ་བ་ཡོད་ཀྱང་དེ་འདྲའི་ཕྱི་རྒོལ་ལ་སྣང་མི་རུང་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པར་ཐལ། ཡོད་ཀྱང་ཞེས་པའི་ཀྱང་སྒྲ་དང་འང་གི་སྒྲ་དོན་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན། དེར་དུ་བ་ཡོད་པ་དང་གང་ཟག་དེ་ལ་མི་སྣང་བ་གཉིས་ཀར་ཐལ། མ་ཁྱབ་པ་དེའི་ཕྱིར། འཁོར་གསུམ། བྱས་པ་ལ་ཁོ་ན་རེ། ཡོད་ཀྱང་ཞེས་པ་བརྟགས་པ་མཐའ་བཟུང་ཟེར་ན། འོ་ན་ཡོད་ནའང་བརྗོད་རིགས་ལ་སྐྱོན་ནི་དེ་འདྲའི་རྒྱ་མཚོར་དུ་བ་ཡོད་ན་རྒོལ་བ་གཉིས་ཀའི་ཡིད་དང་དབང་མངོན་གང་རུང་ལ་སྣང་རུང་མ་ཡིན་པར་ཐལ་ལོ། །དེ་འདྲའི་ཕྱི་རྒོལ་ལ་ཡོད་ཀྱང་སྣང་མི་རུང་བའི་ཕྱིར། འདོད་ན། མེ་མེད་དེ་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་མ་ཡིན་པར་ཐལ་ལོ། །གཞན་ཡང་། དུ་བ་མེད་པའི་རྟགས་ཀྱིས་དུ་བས་དབེན་པའི་རྩིག་སྐོར་དུ་མེ་མེད་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་དགོས་པར་ཐལ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མངོན་སུམ་གྱིས་མ་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་དེ་རྟགས་གཞན་དང་གཞན་གྱིས་བསྒྲུབ་དགོས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྟགས་སྒྲུབ་པ་ཐུག་མེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གྲུབ་ཀྱི་བསྒྲུབ་བྱ་རྟོགས་དུས་མི་སྲིད་པར་ཐལ། འདོད་པའི་ཕྱིར། ཁྱབ་ཅིང༌། འདོད་མི་ནུས་ཏེ། རྣམ་ངེས་འགྲེལ་པ་ལས། མི་དམིགས་པའི་རྟགས་ཀྱིས་མེད་པ་སྒྲུབ་པར་བྱ་བ་ཡིན་ན། དམིགས་པ་མེད་པ་ཡང་མི་དམིགས་པ་གཞན་གྱིས་སྒྲུབ་པར་བྱ་དགོས་པས་ཐུག་པ་མེད་པར་འགྱུར་བའི་ཕྱིར། མི་རྟོགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །སྒྲའི་སྟེང་དུ་རྟག་པ་དེ་བྱས་རྟགས་ཀྱིས་སྒྲ་རྟག་པས་སྟོང་བར་སྒྲུབ་པའི་ཕྱི་རྒོལ་ལ་བསྐལ་དོན་ཡིན་ཟེར་ན། རྟག་པ་ཆོས་ཅན། སྒྲའི་སྟེང་དུ་ཁྱོད་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ལ་བསྐལ་དོན་མ་ཡིན་པར་ཐལ། སྒྲའི་སྟེང་དུ་ཁྱོད་ཡོད་པ་དེ་སྒྲུབ་ཀྱི་དངོས་སྟོབས་ཀྱི་རིགས་པའི་དགག་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། འདི་ཉིད་ལས། ཚད་མ་རྣམས་ནི་མི་འཇུག་པ། །ཞེས་པའི་དོན་གྲུབ་པའི་ཕྱིར། གོང་གི་རྟགས་གྲུབ་སྟེ། བྱས་པ་སྒྲ་རྟག་སྟོང་དུ་སྒྲུབ་པའི་དངོས་པོ་སྟོབས་ཤུགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་དངོས་སྟོབས་ཀྱི་དེ་ཡོད་པའི་ཕྱིར།

           ཡང་ཁ་ཅིག་ན་རེ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པ་དེ་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ཕལ་བ་རྣམས་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་ཚད་མས་མ་ངེས་པ་དེ་དེ་རྣམས་ཀྱིས་ཆོས་ཀྱི་གནས་ལུགས་འདི་ལྟ་བུ་ཞེས་དམ་བཅའ་མི་རིགས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་རིགས་པ་དུ་མ་དང་རྣམ་བཤད་ཀྱིས་གྲུབ། འདོད་ན། གང་ཟག་དེས་ཆོས་དེ་ཚད་མས་མ་ངེས་ན། གང་ཟག་དེས་ཆོས་དེ་ཡོད་ཅེས་དམ་བཅའ་མི་རིགས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར་ན། རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། བསྐལ་དོན་གྱི་དོན་མ་རྟོགས་པ་ལ་ལུང་སོགས་སྒྲུབ་རྟགས་ཀྱི་ཚད་མ་གསུམ་མི་འཇུག་པས་ཡིད་དཔྱོད་ཀྱིས་དམ་བཅའ་ཙམ་ཡང་མི་རིགས་ལ། གང་ཟག་དེས་མ་རྟོགས་པའི་ཆོས་ལ་དངོས་སྟོབས་དང་ཡིད་ཆེས་ཀྱི་འཇུག་པ་ཅན་ཆེས་མང་བ་ཡོད་པའི་ཕྱིར་བྱས་ན་སྡེ་བདུན་དང་རྣམ་བཤད་སོགས་དང་མཐུན་ནོ། །འདོད་ན། མདུན་གྱི་སྐྱེས་བུ་ལན་འདེབས་པ་བོས་ཚད་མས་མ་ངེས་པའི་ཆོས་ཡོད་པར་ཐལ། གཞི་གྲུབ་ན་མདུན་གྱི་ལན་འདེབས་པ་བོས་ཚད་མས་གྲུབ་པས་མ་ཁྱབ་པའི་ཕྱིར། འདོད་ན། དེ་འདྲའི་ཆོས་ཁོ་ཁོ་རང་ཡིན་པར་ཐལ། དེ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེས་དེ་ཡོད་པར་དངོས་སྟོབས་རྗེས་དཔག་གིས་རྟོགས་པའི་ཕྱིར། དེ་བཞིན་དུ་བསྐལ་དོན་ཡིན་མིན་གྱི་དོན་དྲིལ་ན་གང་ཟག་དེ་ལ་དོན་དེ་བསྐལ་དོན་ཡིན་ན་དེའི་ངོར་ཚད་མ་གསུམ་སོགས་མི་འཇུག་པ་ཞིག་དགོས་པས་དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཀྱིས་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྒྲུབ་ཀྱི་ཕྱི་རྒོལ་གྱིས་ཡོད་མེད་གང་དུ་ཡང་མ་ངེས་པ་ཞིག་དགོས་པར་ལུང་རིགས་དུ་མས་གྲུབ་པའི་ཕྱིར་རོ། །

           རང་ལུགས་ནི། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ལ་མཚན་ཉིད། མི་སྣང་བའི་རྟགས་འཇུག་དུས་དང༌། དབྱེ་བ། སྒྲུབ་ཆོས་དགག་ཆོས་ངོས་བཟུང་བ་དང་བཞི། དང་པོ་ནི། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་ཚུལ་གསུམ་ཡིན་པ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གཉིས་པ་ནི། མི་སྣང་བའི་རྟགས་ཡང་དག་འཇུག་དུས་ཡོད་དེ། ཚད་མས་དགག་པ་བྱེད་དུས་ཀྱི་དགག་གཞི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་ཞིང་དགག་བྱའི་ཆོས་སམ་དགག་བྱའི་ཆོས་སུ་བཏགས་པའི་དོན་ཕྱི་རྒོལ་དེ་ལ་བསྐལ་དོན་ཡིན་པའིི་ཚེ་རྟགས་འདི་འཇུག་དུས་ཡིན་པའི་ཕྱིར། རྣམ་ངེས་དར་ཊིཀ་ལས་མངོན་སུམ་ལ་སྣང་མི་རུང་གསུངས་པ་མཚན་གཞིར་བྱའོ། །ཡང་ན་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡོད་ཀྱང་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱིར་རྒོལ་ལ་སྣང་དུ་མི་རུང་བ་དེ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན།

           སྒྲ་བཤད་ནི། རྒྱང་ཕན་གྱི་ཚད་མས་ཐམས་ཅད་མཁྱེན་པ་མ་དམིགས་པ་ཆོས་ཅན། ཁྱོད་ལ་མི་སྣང་བ་མ་དམིགས་པའི་རྟགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྒྱང་ཕན་ངོར་དེས་ཐམས་ཅད་མཁྱེན་པ་མེད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པ་ལ་དགག་བྱའི་ཆོས་སུ་བཏགས་པའི་དོན་སྤྱིར་ཡོད་ཀྱང༌། རྒྱང་ཕན་ལ་ངོ་བོའི་བསྐལ་དོན་ཡིན་པས་སྣང་མི་རུང་ལ། ཁྱོད་དེས་ཚད་མས་མ་དམིགས་པའི་རྟགས་ཡིན་པའི་ཕྱིར། དེས་ན་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པ་ལ་བསྒྲུབ་བྱའི་ཆོས་ཀྱི་དགག་བྱར་བཏགས་པའི་དོན་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་སྣང་མི་རུང་བ་སོགས་ཀྱིས་འཇོག་པ་མ་ཡིན་པར་ཐལ། དེ་འདྲའི་དོན་གཅིག་རྟགས་སུ་ཡང་བཀོད་པ་ངེས་པར་དགོས་པའི་ཕྱིར། དེར་ཐལ། རྟགས་འདི་དང་འགལ་ཟླ་དམིགས་པ་དང་འབྲེལ་ཟླ་མ་དམིགས་པ་རྣམས་ནི་རྟགས་སུ་བཀོད་པའི་མིང་གི་ཁྱད་པར་ཡིན་པའི་ཕྱིར། སྡེ་བདུན་རྒྱན་ལས། སྣང་རུང་མ་དམིགས་པ་དང༌། མི་སྣང་བ་མ་དམིགས་པའི་རྟགས་སུ་འཇོག་པ་ནི་དགག་བྱའི་ཆོས་དང་དགག་བྱའི་ཆོས་ཀྱི་དོན་གང་གི་ཡང་ངོས་ནས་འཇོག་པ་མ་ཡིན་གྱི། གང་ཟག་དེ་ལ་ཡོད་ཀྱང་སྣང་མི་རུང་གི་ཆོས་མ་དམིགས་པ་རྟགས་སུ་བཀོད་པ་མི་སྣང་བ་མི་དམིགས་པ་དང་ཞེས་སོགས་དང༌། རྣམ་བཤད་ལས། དེས་ན་མ་དམིགས་པའི་རྟགས་ཡང་དག་གང་ཞིག །སྨྲ་བ་བོའི་འདོད་པས་དམིགས་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྤྱིར་ཡོད། དེ་ཡོད་ན་ཕྱི་རྒོལ་གྱིས་དམིགས་སུ་རུང་བས་མ་ཁྱབ་པ་ནི། མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཡང་དག་གི་དོན་ཡིན་གྱི་ཞེས་གསུངས་པའི་ཕྱིར། སྔ་མ་སྒྲ་བཤད་དང་ཕྱི་མ་འདི་མཚན་ཉིད་ཀྱི་ཤེས་བྱེད་ཡིན་ནོ། །

           གཉིས་པ་ནི། དེ་ལ་དབྱེ་ན་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་དང༌། མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས་ཡོད། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡང་ཡིན། དགག་ཚིག་མཐར་འབྱར་བའི་མེད་དགག་ཀྱང་ཡིན་པའི་གཞི་མཐུན་དུ་དམིགས་པ་དེ་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན། མི་སྣང་བའི་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པའི་རྟགས་གསུམ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བའི་རྒྱུ་མ་དམིགས་པའི་གཏན་ཚིགས་ཀྱི་མཚན་གཞི་ཡིན། བཅད་ཤེས་སྨྲས་ཚེ་དོན་མཐུན་ཟེར་མི་དགོས་ལ་ཐ་སྙད་ལ་དགོས། འདིར་ཡང་ན་བར་དོ་བའམ་ལྷའམ་ཐར་པ་བསྐལ་དོན་དུ་སོང་བ་ཞེས་སྦྱར་ཆོག །ལྷ་ཡོད་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷ་ཡོད་པ་ཚད་མས་མ་ངེས་པ་དེ། མདུན་གྱི་གཞི་འདིར་ལྷ་ཡོད་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས། ལྷ་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་མི་སྣང་བའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་མཚན་གཞི་ཡིན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་ཚད་མས་མ་དམིགས་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་མཚན་གཞི་ཡིན། སྒྲུབ་བྱེད་ནི། དེ་འདྲའི་གང་ཟག་གི་རྒྱུད་ཀྱི་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་མི་སྣང་བའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གང་ཞིག །ཁྱོད་དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་བསྐལ་དོན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་རྟགས་ཡང་དག་དང་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་པ་མེད་དགག་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། དེ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ཆོས་ཅན། ཁྱོད་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་བསྐལ་དོན་ཡིན་པར་ཐལ། ཤ་ཟ་དེ་དེ་ཡིན་པ་དང་ཁྱོད་ལ་བསྐལ་དོན་གཉིས་ཀ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་ན་དེ་སྒྲུབ་ཀྱི་ཕྱི་རྒོལ་ཕྱོགས་ཆོས་ཅན་ལ་བསྐལ་དོན་ཡིན་དགོས་པར་ཐལ། དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱི་རྒོལ་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་བསྐལ་དོན་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཕལ་བ་དེའི་རྒྱུད་ཀྱི་ཤ་ཟ་ངེས་པའི་བཅད་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དེ་དེ་སྒྲུབ་ཀྱི་བཀོད་ཚོད་ཙམ་གྱི་དགག་བྱའི་ཆོས་སུ་བཏགས་པ་ཕལ་བ་དང༌། ཤ་ཟ་དེ་དེ་སྒྲུབ་ཀྱི་བཀོད་ཚོད་དང་སྔ་རྒོལ་གྱི་བསམ་ཚོད་གཉིས་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གཙོ་བོ་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། སྔ་རྒོལ་གྱིས་དེའི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་པར་སྒྲུབ་པ་དེ་གཙོ་བོ་ཤ་ཟ་ཡོད་པ་འགོག་ཆེད་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། འགོད་ཚུལ་དེ་ལྟར་ཡིན་གྱི་ཤ་ཟ་ཉིད་སྨྲ་བ་པོའི་འདོད་པས་དམིགས་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་ལ། ཞེས་གསུངས་པའི་ཕྱིར། འདིས་ཡོད་འགོད་དང་མེད་འགོད་འགའ་ཞིག་ལ་བཀོད་ཚོད་བསམ་ཚོད་གཉིས་གཉིས་ཤེས་པར་གྱིས། རྩ་རྟགས་གཉིས་པ་གྲུབ་སྟེ། ཤ་ཟ་དམིགས་བྱེད་ཀྱི་ཚད་མ་ཤ་ཟ་ངེས་པའི་བཅད་ཤེས་ཀྱི་རྒྱུ་ཡིན་ལ། ཁྱོད་དེ་འདྲའི་ཚད་མ་མ་དམིགས་པ་རྟགས་སུ་བཀོད་པའི་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །ཞེས་དང༌། ཤཱཀྱས། དེས་ན་རྒྱུ་མེད་ན་འབྲས་བུ་མེད་དོ་སྙམ་དུ་བསམ་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། གཞན་གཉིས་ལ་དེས་རིགས་པ་སྦྱོར།

          གཉིས་པ་དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་མཚན་ཉིད་ནི། དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླར་གྱུར་པའི་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པའི་གཞི་མཐུན་དུ་དམིགས་པ་དེ། དེ་སྒྲུབ་ཀྱི་མི་སྣང་བའི་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་ཉིད། ཡོད་པ་དེ་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བའི་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་གཞི་ཡིན། འདི་སྒྲུབ་ཆོས་སྒོ་ནས་མི་སྣང་བར་བཤད་པ་ཡིན་ནོ། །

         བཞི་པ་སྒྲུབ་ཆོས་དང་དགག་ཆོས་ངོས་བཟུང་ན། ཤ་ཟ་ཡོད་པ་དེ་གཞི་འདིར་ཤ་ཟ་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་བསམ་དོན་གྱི་དགག་བྱའི་ཆོས་དང་དགག་བྱའི་ཆོས་སུ་བཏགས་པའི་དོན་དང༌། དེ་སྒྲུབ་ཀྱི་སྦྱོར་སྐོར་གཅིག་གི་དེ་གཉིས་ཀ་ཡིན། དེ་ཡོད་ཅེས་དམ་བཅའ་རིགས་པ་དེ་དེ་སྒྲུབ་ཀྱི་དང༌། དེ་སྒྲུབ་ཀྱི་སྦྱོར་སྐོར་གཉིས་ཀའི་བཀོད་ཚོད་ཀྱི་དེ་གཉིས་ཡིན་ཏེ། སྔར་བཤད་ཟིན་པའི་ཕྱིར། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་ཡོད་པ་དེ། དེ་སྒྲུབ་ཀྱི་སྦྱོར་སྐོར་དང༌། དེ་སྒྲུབ་གཉིས་ཀའི་དགག་བྱའི་ཆོས་སུ་བཏགས་པའི་དོན་དང༌། དགག་བྱའི་ཆོས་གཉིས་ཀ་སྟེ་བཞི་ཀ་ཡིན་ཏེ། དེ་མེད་པ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། དེའི་རྒྱུད་ཀྱི་ཤ་ཟ་ངེས་པའི་བཅད་ཤེས་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་ཀྱང༌། དེ་སྒྲུབ་ཀྱི་དགག་བྱའི་ཆོས་མ་ཡིན་ཏེ། དེ་འདྲའི་བཅད་ཤེས་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་གཞི་བྱས་ནས་དེ་མེད་པ་དེ་སྒྲུབ་ཀྱི་ཆོས་སུ་བྱ་དགོས་པའི་ཕྱིར། དེ་འདྲའི་བཅད་ཤེས་ཚད་མས་དམིགས་པ་དེ། སྦྱོར་སྐོར་གཅིག་གི་དགག་བྱའི་ཆོས་ཡིན་ཀྱང༌། དེ་སྒྲུབ་ཀྱི་དགག་བྱའི་ཆོས་མ་ཡིན་ཏེ། དེ་འདྲའི་བཅད་ཤེས་ཚད་མས་མ་དམིགས་པ་དེ། སྦྱོར་སྐོར་གཅིག་གི་བསྒྲུབ་བྱའི་ཆོས་ཡིན་ཀྱང་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་པའི་ཕྱིར་རོ། །དེའི་རྒྱུད་ཀྱི་ཤ་ཟ་ངེས་པའི་བཅད་ཤེས་མེད་པ་དེ་སྦྱོར་སྐོར་གཅིག་དང༌། དེ་སྒྲུབ་གཉིས་ཀའི་བསྒྲུབ་བྱའི་ཆོས་ཡིན་ཏེ། བདག་མེད་ཡིན་པའི་ཕྱིར། དེ་འདྲའི་བཅད་ཤེས་ཚད་མས་མ་དམིགས་པ་དེ། སྦྱོར་སྐོར་གཅིག་གི་བསྒྲུབ་བྱའི་ཆོས་ཡིན་ཀྱང༌། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་ཏེ། དེ་འདྲའི་བཅད་ཤེས་ཚད་མས་མ་དམིགས་པ་དེ་བསྒྲུབ་བྱའི་ཆོས་བྱས་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཀྱང་ཡོད་ལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་མི་རུང་བའི་ཕྱིར་རོ། །

           གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པར་ཐལ། ཤ་ཟ་བསྐལ་དོན་ཏུ་སོང་བའི་གང་ཟག་གི་མཚན་གཞི་ཡོད་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་ན་ཤ་ཟ་བསྐལ་དོན་གྱི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མདུན་གྱི་ལན་འདེབས་པ་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཤ་ཟ་ཡོད་པར་ངེས་པའི་གང་ཟག་ཡིན་པའི་ཕྱིར། འཁོར་གསུམ། དེ་ལ་ཁོ་ན་རེ། གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་ན་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་དགོས་པར་ཐལ། བདག་མེད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྦྱོར་ལུགས་སྐྱོན་ཅན་ཡིན་པའི་ཕྱིར། ཁོ་རང་ལ་རྒྱ་གར་རྡོ་རྗེ་གདན་ཡོད་ན་རྒྱ་གར་རྡོ་རྗེ་གདན་ཡོད་པས་ཁྱབ་ན། རྒྱ་གར་རྡོ་རྗེ་གདན་མེད་ན་རྒྱ་གར་རྡོ་རྗེ་གདན་མེད་པས་ཁྱབ་པར་ཐལ། བདག་མེད་ཡིན་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཁས། འདོད་ན། ཤེས་བྱ་ཆོས་ཅན། རྒྱ་གར་རྡོ་རྗེ་གདན་མེད་པར་ཐལ། མདུན་གྱི་གཞི་འདིར་རྒྱ་གར་རྡོ་རྗེ་གདན་མེད་པའི་ཕྱིར། འཁོར་གསུམ་ཁས། ཡང་ཁོ་ན་རེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་པར་སྒྲུབ་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་ན། དེའི་རྟགས་ཀྱིས་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་སྣང་མི་རུང་བས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱི་རྒོལ་ལ་སྣང་མི་རུང་བ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་རྒོལ་བས་འདོད་པའི་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དུ་གྱུར་པའི་ཤ་ཟ་དེ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་སྣང་མི་རུང་བ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་འདྲའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་ཡོད་པ་ཆོས་ཅན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱི་རྒོལ་ལ་སྣང་རུང་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་པའི་ཕྱིར། འཁོར་གསུམ། ཡང་ཁོ་ན་རེ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་འཇུག་པ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། ཚད་མ་རྣམས་ནི་མི་འཇུག་པ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། གང་ཟག་དེའི་རྒྱུད་ལ་རྣམ་མཁྱེན་འཇུག་པ་མེད་པར་ཐལ། གང་ཟག་དེའི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་ཙམ་ཡང་འཇུག་པ་མེད་པའི་ཕྱིར། འཁོར་གསུམ། ཡང་ཁོ་ན་རེ། དོན་དེ་གང་ཟག་དེ་ལ་བསྐལ་དོན་ཡིན་ན་ལུང་དང་དངོས་སྟོབས་གང་ལའང་བརྟེན་ནས་དོན་དེ་ལ་ངེས་པ་སྐྱེད་མི་ནུས་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཀྱིས་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱི་རྒོལ་ལ་མངོན་སུམ་དང་སྒྲུབ་རྟགས་ཀྱི་དངོས་སྟོབས་རྗེས་དཔག་དང་ལུང་གསུམ་གྱི་ངེས་པ་མི་འཇུག་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འདི་ཉིད་ལས། བསྟན་བཅོས་སྐབས་དང་འབྲེལ་མེད་དང༌། །དོན་རྣམས་དབང་པོ་ལས་འདས་པ། །རྟགས་མེད་པ་ཅན་དེ་རྣམས་ནི། །མི་དམིགས་ཕྱིར་ན་ཇི་ལྟར་མེད། །ཅེས་གསུངས་པའི་ཕྱིར། རྩ་བར་འདོོད་ན། རྒྱང་ཕན་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་ལུང་དང་དངོས་སྟོབས་ལ་བརྟེན་ནས་སྒྲུབ་ནུས་ཀྱི་རྒྱན་དྲུག་སོགས་མེད་པར་ཐལ། དེ་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་བསྐལ་དོན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྒྱན་དྲུག་གིས་ལུང་མི་འདྲེན་ཡང་ལུང་བཤད་པའི་རིགས་པ་ཡང་དག་གིས་མེད་ལྟ་ལེགས་པར་བཟློག་ནུས་པའི་ཕྱིར། དེར་ཐལ། ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སྟོབས་རྗེས་དཔག་གི་ཡུལ་ཡིན་པའི་ཕྱིར། འདི་ཉིད་ལས། གཙོ་བོའི་དོན་ལ་མི་སླུའི་ཕྱིར། །ཞེས་སོགས་གསུངས་པའི་ཕྱིར།

           གཉིས་པ་སྣང་རུང་མ་དམིགས་པའི་གཏན་ཚིགས་བཤད་པ་ལ། མདོར་བསྟན་པ་དང༌། རྩ་བའི་སྒོ་ནས་བཞིར་དབྱེ་བ་དང༌། འགལ་འབྲས་དམིགས་པའི་རྩོད་སྤོང་གསུམ་ལས། དང་པོ་འཆད་པར། གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཤེས་འབྲས་བུ་ཅན། །ཞེས་བྱུང༌། གཉིས་པ་འཆད་པར། འགལ་དང་འབྲས་བུ་དག་གྲུབ་དང༌། །རྒྱུ་དང་ངོ་བོ་ལྟར་རུང་བའི། །བདག་ཉིད་དང་ནི་མ་གྲུབ་པ། །མེད་དོན་ཅན་མི་དམིགས་རྣམས་བཞི། །ཞེས་བྱུང༌། གསུམ་པ་འཆད་པར། དེ་དང་འགལ་བ་ཡིན་ནི་རྒྱུ། །ཞེས་པ་ནས། འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་ལ་ལྟོས་པར་འདོད། །གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། །ཞེས་བྱུང༌།

           འདི་དག་ལ་འཕྲོས་ཚུལ། གཞུང་དོན་ཡན་ལག་དང་བཅས་པ་དང༌། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཉི་ཁྲི་སོགས་མདོ་ཆེ་ཆུང་དུ་མས། དགེ་སློང་དག་ངའམ་ང་འདྲ་བས་གང་ཟག་གིས་ཚོད་བཟུང་གི་ཞེས་དང༌། ཡེ་ཤེས་སྣང་བའི་རྒྱན་ལས། སངས་རྒྱས་རྣམས་ཀྱིས་ནམ་དུ་ཡང༌། །གཏན་དུ་ཆོས་རྣམས་ཐམས་ཅད་དང༌། །སེམས་མ་བརྙེས་ཤིང་ཆོས་མཁྱེན་པ། །དམིགས་མི་མངའ་ལ་ཕྱག་འཚལ་བསྟོད། །ཅེས་དང༌། དཀོན་བརྩེགས་ལས། འོད་སྲུང་ཡོངས་སུ་བཙལ་ན་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་ཉེ་བར་མི་དམིགས་སོ། །གང་ཉེ་བར་མི་དམིགས་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །ཞེས་སོགས་ཀྱིས་སྣང་རུང་མ་དམིགས་པ་བཤད་པ་ལྟར། དཔེའི་སྣང་རུང་མ་དམིགས་པ་མེ་དུ་ལྟ་བུར་སྦྱར་ནས་ངོ་བོ་དང་དབྱེ་བ་དང་དེའི་གཏན་ཚིགས་དུས་སོགས་འཆད་པ་ལ་དྲངས་མ་ཐག་པའི་གཞུང་གསུམ་བྱུང༌། དགག་རྟགས་འདིས་དགག་བྱ་མེད་ངེས་སུ་ཚད་མར་འགྱུར་ཚུལ་འཆད་པར། རྟགས་ཀྱི་ཕུལ་བྱུང་ཡོད་པ་ཅན། །སོགས་ཚིགས་བཅད་གཅིག་བྱུང༌། དེའི་ངེས་ཚུལ་ལ་དུ་མ་ཡོད་པ་ལས། རྒྱུ་མ་དམིགས་པའི་ངེས་ཚུལ་འཆད་པར། རྒྱུ་མི་ཤེེས་ན་འབྲས་བུ་ནི། །མེད་པ་ཉིད་དུ་སྒྲུབ་པར་བྱེད། །ཅེས་བྱུང༌། དེའི་རང་བཞིན་མ་དམིགས་པའི་ངེས་ཚུལ་འཆད་པར། དོན་གྱི་རང་བཞིན་རྟགས་ཅན་ལ། །རང་བཞིན་མི་དམིགས་པ་ཡང་ཡིན། །ཞེས་བྱུང༌། དེའི་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟོགས་ཚུལ་འཆད་པར། གལ་ཏེ་གཏན་ཚིགས་འགའ་ཞིག་གིས། །དེ་མེད་པར་ནི་རྟོགས་པར་འགྱུར། །ཞེས་བྱུང༌། རང་བཞིན་མི་དམིགས་པར་དེ་དག་བསྡུས་ནས་དེ་དག་གི་རྟགས་ཀྱི་འཇུག་དུས་འཆད་པ་ལ། སྣང་རུང་མཐོང་བ་མེད་པའི་རྒྱུ། །མི་སྲིད་པར་ནི་གྱུར་པ་ན། །སྣང་རུང་དངོས་པོ་མ་དམིགས་པའི། །དངོས་པོ་མེད་པ་རྟོགས་པར་འགྱུར། །ཞེས་བྱུང༌། སྔར་བཤད་པའི་འགལ་ཟླ་དམིགས་པའི་ངེས་ཚུལ་འཆད་པར། འགལ་བའི་དངོས་པོ་ཡོད་ན་ཡང༌། །དེ་ཡོད་པ་ལ་གནོད་བྱེད་ཕྱིར། །དེ་དང་འགལ་བ་དམིགས་པ་ནི། །མེད་པ་ཉིད་དུ་ངེས་པར་འགྱུར། །ཞེས་གསུངས་པའི་ཕྱིར།

           གཉིས་པ་མཐའ་དཔྱད་དགག་གཞག་སྤངས་གསུམ་ཅུང་ཟད་བཀོད་ན། དང་པོ་ནི། སྣང་རུང་མ་དམིགས་པའི་དབྱེ་བ་དང༌། འཇུག་དུས་དང་དགག་བྱ། སྦྱར་བའི་ཁྱད་པར་བཞི་ལས། དང་པོ་དབྱེ་བ་གཉིས་དང༌། གསུམ་དང༌། བརྒྱད་དང༌། བཅུ་དང༌། བཅུ་གཅིག་རྣམ་འགྲེལ་ངེས་རིགས་ཐིགས་གསུམ་ལས་བཤད། གྲུབ་ཆེན་ཛེ་ཏཱ་རིས་བཅུ་དྲུག་བཤད་པ་ལྟར་ཐར་པ་འབྱུང་གནས་སྦས་པས་ཀྱང་བཤད་ཅིང༌། དེ་དང་མཐུན་པར་མཁས་པ་གཙང་ནག་པ་བརྩོན་འགྲུས་སེང་གེས་ཀྱང་མཛད་དོ། །ཆོས་མཆོག་དང༌། བྲམ་ཟེའི་རྗེས་སུ་འབྲང་ཡང་དེ་དག་གིས་མ་བཤད་པའི་བཅུ་དྲུག་གི་སྟེང་དུ། རྒྱུ་ནུས་པ་ཐོགས་མེད་ཀྱིས་དགག་བྱ་གྲང་རེག་སོགས་བཞི་འགོག་པ་བཞི་བསྣན་ཏེ་ཉི་ཤུ་ཁ་ཆེ་ཛྙཱ་ན་ཤྲིས་བཤད་དེ། འདི་བཞི་རྒྱུ་རྟགས་བཞིར་སྣང་ངོ༌། །རྒྱུ་ནུས་པ་ཐོགས་མེད་ཀྱིས་དགག་བྱ་འབྲས་བུ་གྲང་རེག་སྐོར་བཞི་འགོག་པ་མི་འཐད་པར་ཐལ། མེའི་རྒྱུའི་རྟགས་ཀྱིས་མེའི་འགལ་ཟླའི་འབྲས་བུ་དགག་བྱར་བྱས་ནས་འགོག་པ་ནི་ཆོས་ཀྱི་གྲགས་པས་དོར་བའི་ངན་སྐྱུགས་ལྟ་བུའི་རིགས་ལམ་ངན་པ་ཡིན་པའི་ཕྱིར། དེར་ཐལ། འགལ་འབྲས་དམིགས་པས་འགལ་རྒྱུ་འགོག་ཐུབ་ཀྱང༌། འགལ་རྒྱུ་ཙམ་གྱིས་འགལ་འབྲས་འགོག་པ་འཁྲུལ་པ་ཆེ་ཤོས་ཡིན་པའི་ཕྱིར། དེར་ཐལ། རྣམ་ངེས་ལས། གལ་ཏེ་འབྲས་བུ་དམིགས་པས་ཀྱང་མེད་པ་འགྲུབ་ན། དེའི་རྒྱུ་དམིགས་པས་ཅི་སྟེ་མི་འགྲུབ་ཅེ་ན། མ་ཡིན་ཏེ་འཁྲུལ་བའི་ཕྱིར་ཏེ། དཔེར་ན། གྲང་བའི་རེག་པ་མེད་དེ། ཤིང་ཡོད་པའི་ཕྱིར། ཞེས་དང༌། འཐད་ལྡན་ལས། དེ་ལྟར་ནི་མ་ཡིན་ཏེ། རྒྱུ་དེ་ནི་འཁྲུལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཛྙཱ་ན་ཤྲི་འདིའི་རྗེས་སུ་འབྲང་ལ་དེ་ལྟར་བཤད་པ་འགལ་ལོ། །བྱས་པ་ལ་ཁོ་ན་རེ། རྒྱུ་ནུས་པ་ཐོགས་མེད་འགོད་ཀྱི་རྒྱུ་ཙམ་མི་འགོད་པས་སྐྱོན་མེད་ཟེར་ན། མ་བརྟགས་ཉམས་དགའ་བའི་ཚིག་སྤྱི་ཡིན་ཏེ། མེའི་རྒྱུ་ནུས་པ་ཐོགས་མེད་ཆོས་ཅན། ཁྱོད་ཀྱིས་རང་འབྲས་མེ་སྐྱེད་པ་ལ་གེགས་མེད་པར་ཐལ། ཁྱོད་མེའི་དངོས་རྒྱུའམ་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར། ཁྱབ་སྟེ། འདི་ཉིད་ལས། མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་པ་རྩ་འགྲེལ་གྱི་དོན་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མེའི་རྒྱུ་སྐད་ཅིག་ཐ་མ་ཡིན་པར་ཐལ། ཁྱོད་རང་འབྲས་མེ་སྐྱེད་པ་ལ་བར་ཆད་མེད་པའི་མེའི་རྒྱུ་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། ཁྱབ་པར་ཐལ། མེའི་རྒྱུའི་སྐད་ཅིག་ཐ་མའི་བར་དུ་མེ་སྐྱེད་པ་ལ་གེགས་བྱེད་པ་སྲིད་ལ། སྐད་ཅིག་ཐ་མས་དེ་སྐྱེད་པ་ལ་གེགས་མེད་པའི་ཁྱད་པར་འཐད་པའི་ཕྱིར། རྣམ་ངེས་ལས། མཐའི་སྐད་ཅིག་གི་བར་དུ་སྐྱེ་བ་ལ་གེགས་སྲིད་ཀྱི། མཐའི་སྐད་ཅིག་ལ་ནི་གེགས་མེད་པས། ཞེས་དང༌། འཐད་ལྡན་ལས་ཀྱང༌། འདི་ལ་རྒྱུའི་རྒྱུན་གྱི་མཐའི་སྐད་ཅིག་ལས་སྔོན་རོལ་གྱི་སྐད་ཅིག་གང་ཡིན་པ་དེ་དག་ལ་ནི་འབྲས་བུ་སྐྱེ་བ་ལ་གེགས་བྱེད་པ་སྲིད་དེ། དེས་ན་དེ་དག་ལས་འབྲས་བུ་རྗེས་སུ་མི་དཔོག་གོ །ཞེས་དང༌། རྣམ་ངེས་ཊིཀ་ཆེན་ལས། དངོས་རྒྱུའི་མཐའི་སྐད་ཅིག་གི་བར་དུ་ནི་འབྲས་བུ་སྐྱེ་བ་ལ་གེགས་སྲིད་ཀྱི་ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་མེ་སྒྲུབ་པའི་སྒོ་ནས་གྲང་རེག་མེད་པར་རྟོགས་ནུས་མ་ཡིན་པར་ཐལ། ཁྱོད་ལ་དུས་མཐའི་སྐད་ཅིག་གཅིག་ལས་མེད། དུས་མཐའི་སྐད་ཅིག་གཅིག་གི་ཡུན་ལ་དེ་སྒྲུབ་ཀྱི་ཕྱོགས་ཆོས་སོགས་མི་འགྲུབ་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་སྐད་ཅིག་དང་པོ་ལ་རྟགས་མཐོང་བ་ལས་སྐད་ཅིག་གཉིས་པར་རྟགས་ཆོས་ཀྱི་འབྲེལ་བ་དྲན་པ་ལ་ལྟོས་ནས་སྐད་ཅིག་གསུམ་པར་རྗེས་སུ་དཔག་བྱ་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། དེའི་སྔོན་དུ་འབྲས་བུ་མེ་མངོན་སུམ་གྱིས་གྲུབ་པའི་ཕྱིར། རྣམ་ངེས་ལས། རྟགས་དེ་མཐོང་བ་ལས་འབྲེལ་བ་ལ་ལྟོས་ཏེ་རྗེས་སུ་དཔག་པར་བྱ་བ་རྟོགས་པ་ན་མཐའི་སྐད་ཅིག་མ་ལ་བར་ཆད་མེད་པའི་ཕྱིར། དེའི་སྔོན་རོལ་ཏུ་འབྲས་བུ་སྐྱེས་པ་ཉིད་མངོན་སུམ་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར།

           གལ་ཏེ་དངོས་རྒྱུ་མ་ཡིན་པའི་མེའི་རྒྱུ་ནུས་པ་ཐོགས་མེད་གཅིག་འདོད་ཟེར་ན་ཐེ་ཚོམ་ཅན་དང་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པར་འགྱུར་ཏེ། རྒྱུན་བརྟན་མི་བརྟན་དཔྱད་པས་སོ། །འོ་ན། རྒྱུ་འགལ་དམིགས་བཤད་པ་མ་ཡིན་ནམ་ཞེ་ན། དགག་བྱ་དེ་དང་འགལ་བའི་མེའི་རྒྱུ་ཙམ་གྱིས་འགོག་མི་ནུས་ཀྱང་དགག་བྱའི་རྒྱུ་དང་འགལ་བས་འགོག་ནུས་པར་ཐལ། གྲང་འབྲས་སྤུ་ལོང་ཀྱི་རྒྱུ་གྲང་རེག་དང་འགལ་བའི་མེ་སྟོབས་ཆེན་པོའི་རྟགས་ཀྱིས་རང་གི་གཞིར་གྲང་འབྲས་སྤུ་ལོང་མེད་པར་སྒྲུབ་ཐུབ་པའི་ཕྱིར། རྣམ་ངེས་ལས། རྒྱུ་མཚན་འགལ་ན་ནི་གོ་བར་བྱེད་པ་ཁོ་ན་ཡིན་ཏེ། དཔེར་ན། འདི་ན་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དག་མེད་དེ། གདུང་བར་བྱེད་པའི་བྱེ་བྲག་ཉེ་བའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། དེས་ན་སྤོས་མེ་ལྟ་བུའི་མེ་ཙམ་གྱིས་གྲང་འབྲས་སྤུ་ལོང་མི་ཁེགས་པས་གདུང་བྱེད་ཅེས་པ་ཚ་བ་དང་བྱེ་བྲག་ཅེས་པ་ཁྱད་པར་ཅན་ཞེས་པའི་དོན་ཡིན་ནོ། །རིགས་པ་འདིས་སྔར་བཤད་པ་ལྟར་གྱི་དགག་རྟགས་ཉི་ཤུ་ཁེགས། མཁས་པ་རྟོག་གེའི་ཁྱུ་རྒྱན་བརྩོན་སེང་ཆེན་པོས་བཅུ་དྲུག་འབྱེད་པ་ཡང་སྡེ་བདུན་གྱི་དགོངས་པ་མ་ཡིན་པར་ཐལ། ཁྱབ་བྱ་དམིགས་པ་བཞི་པོ་ཟུར་དུ་འབྱེད་པའི་དགག་བྱའི་ཁྱད་པར་དང་འཇུག་དུས་གང་གི་ཡང་དོན་ཟུར་བ་དགག་རྟགས་བཅུ་གཅིག་ཏུ་མ་འདུས་པ་མེད་པའི་ཕྱིར། དེར་ཐལ། དགག་བྱའི་སྒོ་ནས་མེད་པ་གང་ཞིག །དགག་རྟགས་འཇུག་དུས་སྒོ་ནས་ཀྱང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གྲུབ་ཆེན་ཛེ་ཏཱ་རིས་བྱིས་པ་འཇུག་པའི་རྟོག་གེ་ལས། རང་བཞིན་འགལ་བའི་ཁྱབ་པ་དམིགས་པ་ནི་དཔེར་ན། འདི་ན་མེ་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར། ཞེས་བྱ་བ་ལྟ་བུ་སྟེ་ཞེས་བཅུ་གསུམ་པར་བྱས་པ་དང༌། བཅོ་ལྔ་པ་རྒྱུ་འགལ་བའི་ཁྱབ་པ་དམིགས་པ་ལ་ཡང་སྦྱོར་བ་དེ་ཁོ་ན་བཀོད་ནས་དེའི་དོན་བཤད་ཅིང་ཚང་བ་ལྟར་འདི་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་དང་གསུམ་ག་ཡིན་པའི་ཕྱིར། དེས་ན་གྲུབ་ཆེན་དེས་དེ་ལྟར་བཤད་པ་ནི་གོ་དོན་སོ་སོར་ཤེས་པའི་ཆེད་ཙམ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེ་གཉིས་སྦྱོར་བ་གཅིག་གི་དོན་ཅན་ཡིན་པའི་ཕྱིར། ཡང་ཁྱེད་རང་གི་ཙནྡན་གྱི་མེས་གྲང་རེག་སྐོར་བཞི་འགོག་པའི་ཁྱབ་བྱེད་དམིགས་པ་འཇོག་པ་སྔ་མ་དག་ལས་ཟུར་དུ་འདོད་པ་ཡང་མི་འཐད་པར་ཐལ། སྔ་མའི་སྐྱོན་ལྷག་མ་མེད་པ་འོངས་པའི་ཕྱིར་དང༌། དེ་ལྟར་ན་ཤུག་པའི་མེའི་བཞི་དང་ཨ་ཀ་རུའི་མེའི་བཞི། ལྕི་བའི་མེའི་བཞི། རྩྭའི་མེའི་བཞི་སོགས་གྲངས་ཐུག་མེད་དུ་འགྱུར་བས་གྲངས་ངེས་གང་ཡང་མི་འཐད་པའི་རྟོག་བཏགས་སུ་འགྱུར་བའི་ཕྱིར། རྣམ་ངེས་ཊིཀ་ཆེན་ལས། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དགག་རྟགས་བཅུ་པོ་འདི་ལས་མང་བར་འདོད་པ་ནི་རྟོགས་པས་སྒྲོ་བཏགས་པ་འབའ་ཞིག་གོ་ཞེས་གསུངས་པའི་ཕྱིར། འདི་ནི་དགག་བྱ་དང་དགག་རྟགས་འཇུག་ཚུལ་སྒོ་ནས་ལྷན་ཅིག་མི་གནས་འགལ་གྱི་གྲངས་ངེས་ཡིན་ནོ།  །ཡང་ཁ་ཅིག་ན་རེ། དགག་རྟགས་ལ་བཅུ་ལས་མང་བ་རྣམ་བཤད་དང་འགལ་ཟེར། ལ་ལ་ལྷན་ཅིག་མི་གནས་འགལ་ལ་བཅུ་ལས་མང་བ་རྣམ་བཤད་གཉིས་དང་འགལ་ཞིང་དགག་རྟགས་ལ་ལྷན་ཅིག་མི་གནས་འགལ་བཅུ་དང་ཕན་ཚུན་སྤངས་འགལ་གཅིག་དང་བཅུ་གཅིག་ཡོད་ཀྱི་དགག་རྟགས་བཅུ་གཉིས་དང་བཅུ་དྲུག་དག་མི་འཐད་ཟེར། དེ་ཡང་རྣམ་བཤད་ལས། དེ་ལྟར་འགལ་དམིགས་དྲུག་དང་འབྲེལ་ཟླ་མ་དམིགས་པ་བཞི་སྟེ། རྣམ་ངེས་ལས། དེ་ལྟར་ན་མི་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་ཡིན་ནོ། །ཞེས་གསུངས་ཀྱི། དེ་ལས་གཞན་དུ་འདོད་པ་དག་བསྟན་བཅོས་ཀྱི་དགོངས་པར་མི་སེམས་སོ་ཞེས་གསུངས་པའི་ཕྱིར་ཟེར། འདི་དག་གིས་དངོས་འགལ་ངོ་མི་ཤེས་པར་ཟད་དེ། དང་པོ་ལ་འོ་ན། རྣམ་བཤད་ལུགས་ལ་མི་སྣང་བ་ལ་ཡུལ་དུས་ངོ་བོའི་བསྐལ་པ་ཅན་གྱི་དགག་རྟགས་གསུམ་དང༌། སྣང་རུང་མ་དམིགས་པ་ལ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འབྲེལ་ཟླ་མ་དམིགས་པ་བཞི་དང་འགལ་ཟླ་དམིགས་པ་དྲུག་སྟེ་བཅུ་དང་ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཅིག་སྟེ་བཅུ་བཞི་རྣམ་ངེས་ཊིཀ་ཆེན་འདི་གཉིས་ཀར་མ་བཤད་པར་ཐལ། དགག་རྟགས་བཅུ་ལས་མང་བ་བསྟན་བཅོས་ཀྱི་དགོངས་པ་མ་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། རྣམ་ངེས་རྩ་འགྲེལ་གྱི་ཚིག་ཟིན་དང་དར་ཊིཀ་ཀུན་གྱི་དངོས་ཟིན་དང་རྒྱབ་འགལ་སྨྲ་རིགས་པར་ཐལ། རྣམ་ངེས་ལས། ཡུལ་དང་དུས་ཀྱི་བསྐལ་པས་ན་བསྐལ་པ་རྣམ་པ་གསུམ་སྟེ་ཞེས་དང༌། དེའི་དར་ཊིཀ་ལས། དང་པོ་ནི་བསྐལ་བའི་དོན་ནི་རྣམ་པ་གསུམ་སྟེ་ཞེས་དང༌། རྣམ་ངེས་ཀྱིས། དེ་ལྟར་ན་མ་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་ཡིན་ནོ། །ཞེས་དང༌། དར་ཊིཀ་ལས། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དགག་རྟགས་བཅུ་པོ་འདི་ཞེས་གསུངས་པའི་ཕྱིར། གཞན་ཡང༌། དམ་བཅའ་སྔ་ཕྱི་གཉིས་ཆར་ལ། རྣམ་བཤད་ལས། དེ་ལས་གཞན་དུ་འདོད་པ་ཞེས་པས་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དགག་རྟགས་ལ་བཅུ་པོ་དེར་མ་འདུས་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དགག་རྟགས་ཁྱབ་བྱ་འགལ་བ་སོགས་མེད་ཅེས་བཤད་པ་མ་ཡིན་པར་ཐལ། དེ་དགག་རྟགས་སྤྱིའི་གྲངས་ངེས་ལ་སྦྱོར་རིགས་པའི་ཕྱིར། འདོད་ན། གྲང་རེག་གཅིག་པུ་འགོག་པ་ལ་ཡང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་བཅུ་གཉིས་འཇོག་མི་རིགས་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ། བླུན་པོ་སྨྲ་བ་ཉུང་ན་མཛེས་སོ། །འདོད་ན། རྣམ་བཤད་ལས། དེ་དག་ཀྱང་སྦྱོར་བའི་བྱེ་བྲག་གིས་ཐ་དད་དུ་དབྱེ་བ་ཙམ་ཡིན་གྱི་སྦྱར་བ་བྱ་བ་སོ་སོར་ངེས་པའི་དབང་གིས་མ་ཡིན་ཏེ། གྲང་རེག་གཅིག་པུ་འགོག་པ་ལ་ཡང་དུ་མར་དབྱེར་རུང་ངོ་ཞེས་དང༌། སྡེ་བདུན་རྒྱན་ལས། དབྱེ་ན་འགལ་བའི་རང་བཞིན་དམིགས་པ་བཞི་རྣམས་སོ། །དང་པོ་བཞི་ནི་ཞེས་སོགས་ཀྱིས་གྲང་རེག་གཅིག་པུ་འགོག་པ་ལ་སྦྱར་བའི་བཅུ་གཉིས་བཤད་པ་དག་མི་འཐད་པར་ཐལ་ལོ། །འདོད་པའི་ཕྱིར།

           གཞན་ཡང༌། རིགས་ཐིགས་ལས། དེ་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་གཅིག་སྟེ་ཞེས་གྲང་རེག་གཅིག་པུ་འགོག་པ་ལ་སྦྱར་ནས་འབྲེལ་ཟླ་མ་དམིགས་པ་བཞི་དང་ལྷན་ཅིག་མི་གནས་ལ་བརྟེན་པའི་འགལ་དམིགས་དྲུག་བཤད་ཅིང༌། མི་སྣང་བ་མ་བགྲང་བར་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་གཅིག་བགྲང་བས་བཅུ་གཅིག་བཤད་པ་མི་འཐད་པར་ཐལ། དགག་རྟགས་བཅུ་ལས་མང་མི་རུང་བ་དང་ལྷན་ཅིག་མི་གནས་ལ་བརྟེན་པ་བཅུ་ལས་མང་མི་རུང་བ་གཉིས་ཀ་ཡིན་པའི་ཕྱིར། རྟགས་དངོས། གཞན་ཡང་དགག་རྟགས་སམ་མ་དམིགས་པའི་རྟགས་ཡང་དག་ཉེར་གཅིག་ཁས་ལེན་མི་རིགས་པར་ཐལ། མི་དམིགས་པའི་རྟགས་བཅུ་ལས་མེད་པ་དེའི་ཕྱིར། འཁོར་གསུམ་ཁས། འདོད་ན། མི་སྣང་བ་མ་དམིགས་པ་གསུམ་དང༌། སྣང་རུང་མ་དམིགས་པ་ལ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དབྱེ་བ་འབྲེལ་ཟླ་མ་དམིགས་པ་བཞི་དང་འགལ་ཟླ་དམིགས་པ་བཅུ་གཉིས་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཉིས་དང་ཉེར་གཅིག་མི་འདོད་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ་ཁས། འདོད་མི་ནུས་ཏེ། རེ་རེ་ནས་བསྒྲུབས་ཟིན་ཅིང་གོ་དོན་སོགས་བཤད་པར་འགྱུར་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཛྙཱ་ན་ཤྲི་ལྟར་མེའི་རྒྱུ་ནུས་པ་ཐོགས་མེད་ཀྱིས་གྲང་རེག་སྐོར་བཞི་འགོག་པའི་འགལ་བའི་རྒྱུ་ཙམ་གྱི་རྟགས་བཞི་ཁས་ལེན་རིགས་པར་ཐལ། ཉེར་ལྔར་འདོད་རུང་བ་ཞིག་ཡོད་པ་དེའི་ཕྱིར་ན་མ་ཁྱབ་སྟེ། ཁྱབ་བྱེད་དམིགས་པ་བཞིའི་ཁྱབ་བྱ་དམིགས་པ་བཞི་ཡང་བགྲང་ཆོག་པའི་ཕྱིར། གཞན་ཡང་མཁས་གྲུབ་རྗེ་དང་རྗེ་དགེ་འདུན་གྲུབ་གཉིས་ཀས་ཀྱང་དགག་རྟགས་སམ་མ་དམིགས་པའི་རྟགས་ཉེར་གཅིག་མི་བཞེད་པར་ཐལ། དེ་གཉིས་ཀས་ཀྱང་རྣམ་འགྲེལ་ཊིཀ་ཆེན་དང་སྤྱི་དོན་རིགས་རྒྱན་དུ་དགག་རྟགས་འཇུག་ཚུལ་བཅུར་དར་ཊིཀ་ལྟར་བཤད་པའི་ཕྱིར། རྣམ་འགྲེལ་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས། བསྒྲུབ་བྱ་དགག་པ་གོ་བར་བྱེད་པ་ལ། དགག་བྱའི་ཆོས་སྐབས་ཀྱི་ཕྱི་རྒོལ་ལ་ཡོད་ཀྱང་སྣང་དུ་མི་རུང་བ་དང༌། ཡོད་ན་སྣང་རུང་བ་གཉིས་སུ་ངེས་པས་དེའི་ཕྱིར། དགག་རྟགས་ལ་མི་སྣང་བ་མ་དམིགས་པ་དང༌། སྣང་རུང་མ་དམིགས་པའི་རྟགས་གཉིས་སུ་ངེས་སོ། །ཞེས་པ་ནས། དེ་ལྟར་ན་འགལ་དམིགས་དྲུག་དང་འབྲེལ་ཟླ་མ་དམིགས་པ་བཞིར་ངེས་པས་དེའི་ཕྱིར། རྣམ་ངེས་ལས། དེ་ལྟར་ན་མ་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་ཡིན་ནོ་ཞེས་གསུངས་སོ། །ཞེས་དང༌། སྤྱི་དོན་རིགས་རྒྱན་ལས། དགག་བྱའི་ཆོས་ཕྱི་རྒོལ་ཀྱི་མངོན་སུམ་ལ་སྣང་དུ་རུང་བ་དང་མི་རུང་བ་གཉིས་སུ་ངེས་ལ། ཞེས་པ་ནས། དེ་ལྟར་ན་འབྲེལ་ཟླ་མ་དམིགས་པའི་རྟགས་བཞི་འགལ་ཟླ་དམིགས་པའི་རྟགས་དྲུག་སྟེ་དགག་རྟགས་བཅུར་འགྱུར་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་སྲས་མཆོག་གསུམ་གྱིས་མཐུན་པར་བཤད་པས་རྗེ་རིན་པོ་ཆེའི་བཞེད་པ་འདི་ལ་ཅུང་ཟད་ཀྱང་མི་དཔྱོད་པར། བློས་བྱས་ཀྱི་དཔྱོད་པ་ལྟར་སྣང་འགལ་འདུའི་དྲི་མ་ཅན་ལ་དཔྱོད་པ་དང༌། གསུང་རབ་ཀྱི་གནད་ལ་ཅུང་ཟད་ཀྱང་མི་ཕན་པའི་ཚིག་འཁྲི་དང་ཟོལ་སྦྱོར་གྱིས་དལ་འབྱོར་དོན་མེད་བྱེད་པ་ནི་རིན་པོ་ཆེའི་གླིང་ནས་མཆིང་བུ་ཁོ་ན་ཁྱེར་འོངས་པའི་རྣམ་ཐར་ཡིན་ནོ།  །

          ཡང་ཁ་ཅིག་ན་རེ། སྣང་རུང་མ་དམིགས་པའི་གཏན་ཚིགས་གཞན་ཐམས་ཅད་རང་བཞིན་མ་དམིགས་པ་ཡིན་པར་ཐལ། དེ་གཞན་ཐམས་ཅད་རང་བཞིན་མ་དམིགས་པ་ཡིན་ཀྱང་སྦྱོར་བས་བཅུ་དྲུག་ཏུ་ཕྱེ་བའི་ཕྱིར་ཏེ། རྟོག་གེ་སྐད་ལས། འབྲས་བུ་མི་དམིགས་པ་ལ་སོགས་པའི་སྦྱོར་བ་བཅོ་ལྔ་པོ་འདི་རྣམས་ཀྱང་རང་བཞིན་མི་དམིགས་པའི་ངོ་བོ་ཉིད་ཁོ་ནར་རྟོགས་པར་བྱ་སྟེ་སྦྱོར་བའི་དབྱེ་བས་གཞན་དུ་ཕྱེའོ། །ཞེས་གསུངས་པའི་ཕྱིར་ན། འོ་ན། རིགས་ཐིགས་ལས་གསུངས་པའི་འབྲས་བུ་མི་དམིགས་པ་སོགས་ལྷག་མའི་དགག་རྟགས་བཅུ་པོ་དེ་བཅུ་གཅིག་གི་དང་པོ་རང་བཞིན་མ་དམིགས་པའི་ནང་དུ་བརྒྱུད་ནས་འདུ་ཡང་རང་བཞིན་མ་དམིགས་པའི་རྟགས་དངོས་གནས་པ་མ་ཡིན་པའི་ཁྱད་པར་མི་འཐད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། རིགས་ཐིགས་ལས། བརྒྱུད་པའི་སྒོ་ནས་འབྲས་བུ་མི་དམིགས་པ་ལ་སོགས་པ་མི་དམིགས་པ་བཅུ་པོ་དེ་དག་ཐམས་ཅད་ནི་རང་བཞིན་མི་དམིགས་པའི་ནང་དུ་འདུ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་དང༌། བརྒྱུད་པའི་སྒོ་ནས་ཞེས་པའི་རྣམ་བཅད་ཡོད་པའི་ཕྱིར་དང༌། དུལ་ལྷས་འགྲེལ་པ་སློབ་ཕན་ལས། འབྲས་བུ་མ་དམིགས་པ་ལ་སོགས་པ་དག་ལ་ནི་དོན་གཞན་དགག་པ་ཡིན་ལ། རང་བཞིན་འགལ་བ་དམིགས་པ་ལ་སོགས་པ་ནི་དོན་གཞན་ཡོད་པ་མ་ཡིན་ནམ། འོ་ན། ཇི་ལྟར་ན་དེའི་ནང་དུ་འདུ་ཞེ་ན། ཞེས་པ་ནས། གལ་ཏེ་དོན་གཞན་ཡོད་པ་དང༌། དགག་པ་དག་གིས་སྦྱོར་བ་ཐ་དད་དུ་གྱུར་པར་བརྒྱུད་ནས་འདིའི་ནང་དུ་འདུ་བར་དགོངས་ཀྱི་དངོས་སུ་ནི་མ་ཡིན་ཏེ་ཞེས་སོགས་ཀྱིས། སོ་སོར་རང་བཞིན་མི་དམིགས་པར་འདུ་ཚུལ་བཤད་པས་དེར་ལྟོས། འདིར་མདོར་བསྡུས་ན་དགག་རྟགས་ལྷག་མ་བཅུ་རང་བཞིན་མི་དམིགས་པར་བརྒྱུད་ནས་འདུས་ཚུལ་ཡོད་དེ། རང་བཞིན་མི་དམིགས་པ་འབྲེལ་ཟླ་མི་དམིགས་པ་ཡིན་ལ་ཕྱི་མ་བདུན་འགལ་ཟླ་དམིགས་པ་ཡིན་པས་དེར་དངོས་སུ་སྣང་རུང་མ་དམིགས་པ་བརྗོད་པར་མི་འདུ་ཡང་བརྒྱུད་ནས་འགལ་ཟླ་བརྗོད་པས་ཀྱང་དགག་བྱ་སྣང་རུང་མ་དམིགས་པ་འཕེན་ཞིང་སྒྲུབ་པ་ཡིན་པའི་ཕྱིར་ཏེ། དཔེར་ན། མེ་མེད་དེ། བ་མོ་ཡོད་པའི་ཕྱིར། ཞེས་པའི་རྟགས་ཀྱིས་མེ་མེད་དངོས་སུ་མི་བརྗོད་ཀྱང་འགལ་ཟླ་དངོས་སུ་བརྗོད་ནས་མེ་མེད་པར་ཤུགས་ལ་སྒྲུབ་པ་བཞིན་ཡིན་པའི་ཕྱིར། རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་དུ་ཆོས་མཆོག་གིས། སྦྱོར་བ་དེ་དག་དངོས་སུ་སྣང་བ་མ་དམིགས་པ་བརྗོད་པ་མ་ཡིན་གྱི་སྣང་བ་མི་དམིགས་པ་ལ་མི་འཁྲུལ་བ་གཉིས་ཀྱི་དོན་གཞན་ཡོད་པ་དང་དགག་པ་བརྗོད་པར་བྱའོ། །དེ་ལྟར་ན་ཟོ་ཆུན་བརྒྱུད་པའི་ཚུལ་གྱིས་འདི་དག་རང་བཞིན་མི་དམིགས་པར་འདུས་པ་ཡིན་གྱི་དངོས་སུ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར།

           ཡང་ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་མི་དམིགས་པའི་རྟགས་རྣམས་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་དམིགས་པའི་རྟགས་རྣམས་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཀྱི་ནང་དུ་འདུ་བའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ལ་དེ་སྒྲུབ་ཀྱི་རྟགས་ཆོས་ལ་རང་བཞིན་གཅིག་པའི་འབྲེལ་བ་གྲུབ་པར་མཚུངས་པས་དེ་རང་བཞིན་གྱི་རྟགས་ཀྱི་ནང་དུ་འདུས་པར་བཤད་པའི་ཕྱིར། རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ལས། དེ་ཉིད་ཀྱི་ཕྱིར་འདི་ནི་རྒྱུ་ལས་དེ་རྗེས་སུ་དཔག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པར་འགྱུར་རོ། །ཞེ་འཆད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང་། རྒྱུ་ལས་ཞེས་པ་རྣམ་འཇོག་གི་རྒྱུ་ཡིན་པས། རྩ་བར་ཡང། རྒྱུ་ལས་འབྲས་བུ་གྲུབ་པས་ན། འདི་ནི་རང་བཞིན་ནང་འདུས་ཕྱིར། ཞེས་གསུངས་པའི་ཕྱིར། སྡེ་བདུན་རྒྱན་ལྟར་རོ། །གཞན་ཡང་དེར་མ་ཟད་འབྲས་བུའི་རྟགས་དང་མ་དམིགས་པའི་རྟགས་རང་བཞིན་གྱི་རྟགས་ཀྱི་ནང་དུ་འདུ་བར་ཐལ། དེ་སྒྲུབ་ཀྱི་མ་དམིགས་པ་དང་དེ་སྒྲུབ་ཀྱི་འབྲས་བུའི་རྟགས་ཀྱི་འབྲེལ་བ་དེ་སྒྲུབ་ཀྱི་ཆོས་རང་བཞིན་ལ་འབྲེལ་བ་ལ་རྟགས་གསུམ་མཚུངས་པའི་ཕྱིར་ཏེ། རྩ་བར། དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་དང་། དེའི་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་བ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་ཏེ། རང་བཞིན་འབྲེལ་བ་ཡོད་ན་དོན་ཀྱིས་འཁྲུལ་པ་མེད་དོ། །ཞེས་པ་ནས། འབྲས་བུ་ཡང་རང་བཞིན་དང་འབྲེལ་བ་ཡིན་ཏེ། དེའིརང་བཞིན་དེ་ལས་བྱུང་བའི་ཕྱིར་རོ། །ཞེས་དང་། དབུ་མ་སྣང་བ་ལས། རང་བཞིན་གྱི་གཏན་ཚིགས་ཁོ་ན་འབྲས་བུའི་གཏན་ཚིགས་ལ་སོགས་པར་སྦྱོར་བ་དགོད་པའི་བྱེ་བྲག་གིས་རྣམ་པ་མང་པོར་སྤྲོས་སོ་སོགས་དང་། གཞན་ཡང་དབུ་མ་རྒྱན་གྱི་འགྲེལ་བཤད་དང་། ཚད་ཆེན་དཀའ་འགྲེལསོགས་དུ་མས་བཤད་པའི་ཕྱིར། དེང་དུས་རྟོག་གེ་མཁས་རློམ་དང་བླུན་པོ་དག་ལ་དོགས་པ་ཙམ་ཡང་མ་ཤར་བ་དག་འཛམ་གླིང་རྒྱན་མཆོག་རྣམས་དང་རྗེ་ཡབ་སྲས་བཞི་སོགས་ཀྱི་ལེགས་བཤད་ཀྱིས་གསལ་བར་བཤད་ཡོད་དོ། །

          གཉིས་པ་རང་ལུགས་ལ། མི་དམིགས་པའི་རྟགས་ཡང་དག་གི་དབྱེ་བ་དང་སོ་སོའི་སྒྲ་དོན་དང་མཚན་ཉིད་སོགས་བཤད་པ་གཉིས། དང་པོ་ལ། དགག་བྱའི་སྒོ་ནས་གཉིས་སུ་དབྱེ་བ་དང༌། དགོས་པའི་སྒོ་ནས་གསུམ་དང་བཞིར་དབྱེ་བ་དང༌། དགག་རྟགས་འཇུག་ཚུལ་སྒོ་ནས་བཅུ་གཅིག་ཏུ་དབྱེ་བ་དང༌། སྦྱར་བ་དང་སྦྱོར་བ་ཅི་རིགས་ཀྱི་ཡན་ལག་སྒོ་ནས་ཉེར་གཅིག་ཏུ་དབྱེ་བ་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། ཡོད་དེ། དེ་སྒྲུབ་ཀྱི་རྩོད་གཞི་སྣང་རུང་གཞིར་བཞག་ཀྱང་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་སྣང་དུ་མི་རུང་མི་སྣང་བ་མ་དམིགས་པའི་རྟགས་དང༌། སྣང་དུ་རུང་ན་དེ་སྒྲུབ་ཀྱི་སྣང་རུང་མི་དམིགས་པའི་རྟགས་འཇུག་པས་ན། དགག་རྟགས་ལ་མི་སྣང་བ་མ་དམིགས་པ་དང་སྣང་རུང་མ་དམིགས་པ་གཉིས་སུ་གྲངས་ངེས་པའི་ཕྱིར། རང་འགྲེལ་ལས། དེ་ལྟར་མི་དམིགས་པ་འདི་གཉིས་ནི་སོགས་དང༌། རྣམ་བཤད་ལས། དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་ན་ཕྱི་རྒོལ་གྱིས་སྣང་དུ་རུང་བ་དང་མི་རུང་བ་གཉིས་སུ་ངེས་པས་མི་རུང་ན་མི་སྣང་བ་མ་དམིགས་པ་མ་གཏོགས་རྟགས་གཞན་མི་འཇུག་གོ་ཞེས་དང༌། མཁས་གྲུབ་ཊིཀ་ཆེན་ལས། བསྒྲུབ་བྱ་དགག་པ་གོ་བར་བྱེད་པ་ལ་དགག་བྱའི་ཆོས་སྐབས་ཀྱི་ཕྱི་རྒོལ་ལ་ཡོད་ཀྱང་སྣང་དུ་མི་རུང་བ་དང༌། ཡོད་ན་སྣང་དུ་རུང་བ་གཉིས་སུ་ངེས་པས་དེའི་ཕྱིར། དགག་རྟགས་ལ་མི་སྣང་བ་མ་དམིགས་པ་དང་སྣང་རུང་མ་དམིགས་པ་གཉིས་སུ་ངེས་སོ་ཞེས་གསུངས་པའི་ཕྱིར། སྤྱི་དོན་ལས་ཀྱང་ངོ༌།  །གཉིས་པ་ནི། ཤེས་བྱ་ཆོས་ཅན། དགོས་པའི་སྒོ་ནས་རང་བཞིན་མ་དམིགས་པ་དང་ཁྱབ་བྱེད་མ་དམིགས་པ་དང་འབྲས་བུ་མ་དམིགས་པ་སྟེ་གསུམ་དང༌། རང་བཞིན་འགལ་དམིགས་དང༌། འབྲས་བུ་འགལ་དམིགས་དང༌། རང་བཞིན་མ་དམིགས་པ་དང༌། རྒྱུ་མ་དམིགས་པ་སྟེ་བཞིར་བཤད་པ་ཡིན་ཏེ། དབྱེ་བསྡུའི་ཆེད་དུ་གསུམ་དང༌། འགལ་དམིགས་ཀྱི་རྟགས་དག་གིས་སྒྲུབ་ལུགས་དངོས་སུ་འགལ་ཟླ་བསྒྲུབ་པ་གཅིག་དང་བརྒྱུད་ནས་བསྒྲུབ་པ་གཉིས་སུ་ངེས་པའི་ཆེད་དུ་བཞིར་བཤད་པ་ཡིན་པའི་ཕྱིར། རྣམ་བཤད་ལས། དངོས་སུ་དབྱེ་བ་བཞི་བསྟན་པ་ནི་སོགས་གསུངས་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། སྣང་རུང་མ་དམིགས་པའི་རྟགས་འཇུག་ཚུལ་སྒོ་ནས་བཅུ་གཅིག་ཡོད་དེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡོད་ན་མངོན་སུམ་ལ་སྣང་རུང་མ་དམིགས་པས་ཁེགས་པས་འབྲེལ་ཟླ་མ་དམིགས་པ་བཞིར་ངེས་པ་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡོད་ན་མངོན་སུམ་ལ་སྣང་མི་རུང་བ་རྟགས་ཀྱིས་དགག་དགོས་པའི་འགལ་དམིགས་ཀྱི་རྟགས་དྲུག ཕན་ཚུན་སྤངས་འགལ་ལ་བརྟེན་པ་དང་བདུན་ཡོད་པའི་ཕྱིར། དང་པོ་དེར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡོད་ན་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་མི་རུང་ན་འབྲེལ་ཟླ་མ་དམིགས་པ་མི་འཇུག་པས། དགག་བྱའི་ཆོས་ཡོད་ན་སྣང་རུང་ལ་དགག་བྱ་དེའི་ངོ་བོ་འབྲེལ་ཡུལ་ཁྱབ་ཆེ་བ་ཡོད་ན་སྣང་དུ་རུང་ན་ཁྱབ་བྱེད་མ་དམིགས་པའི་རྟགས་དང༌། དགག་བྱའི་ངོ་བོ་འབྲེལ་ཡུལ་ཁྱབ་མཉམ་ཡོད་ན་མངོན་སུམ་ལ་སྣང་དུ་རུང་ན་རང་བཞིན་མ་དམིགས་པའི་རྟགས་འཇུག་པ་དང༌། རྒྱུ་སྣང་རུང་ཡིན་ན་རྒྱུ་མ་དམིགས་པའི་རྟགས་དང་དངོས་འབྲས་སྣང་རུང་ཡིན་ན་འབྲས་བུ་མ་དམིགས་པའི་རྟགས་འཇུག་པས་འབྲེལ་ཟླ་མ་དམིགས་པ་བཞིར་ངེས་པའི་ཕྱིར། དེར་ཐལ། འདི་བཞི་གའི་དགག་བྱ་ཡོད་ན་མངོན་སུམ་ལ་སྣང་རུང་ཞིག་ཁོ་ན་འགོག་དགོས་པའི་ཕྱིར་ཏེ། རྣམ་བཤད་ལས། སྣང་དུ་རུང་བ་ལ་ཡང་དགག་གཞི་དེར་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་དང་ནས། རུང་ནས་རྟགས་ཀྱིས་དགག་པ་བྱེད་ན། ཞེས་པ་ནས། དེ་ལྟར་ན་འབྲེལ་ཟླ་མ་དམིགས་པ་བཞིར་ངེས་ཤིང་དེ་ལས་གཞན་གང་དུ་ཡང་མ་བཤད་དེ་ཞེས་དང༌། སྤྱི་དོན་སོགས་ལས་ཀྱང་ངོ༌། །རྟགས་གཉིས་པ་དེར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡོད་ཀྱང་མངོན་སུམ་ལ་སྣང་མི་རུང་བ་མངོན་སུམ་གྱིས་མི་ཁེགས་པས་རྗེས་དཔག་གིས་འགོག་དགོས་པའི་འགལ་དམིགས་དྲུག་དང་ཕན་ཚུན་སྤངས་འགལ་ལ་བརྟེན་པ་དང་བདུན་ཡོད་པའི་ཕྱིར། དེར་ཐལ། དང་པོ་དྲུག་ཏུ་ངེས་པ་གང་ཞིག །གཉིས་པ་ཡོད་པའི་ཕྱིར། རྟགས་དང་པོ་དེར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་འགལ་ཟླ་ལ་ཡང་དགག་བྱ་འགོག་ནུས་ཀྱི་ངོ་བོ་དང་རྒྱུ་འབྲས་གསུམ་ཡོད་པའི་ངོ་བོ་ལ་ཁྱབ་ཆེ་ཆུང་མེད་པའི་འགལ་ཟླ་རྟགས་སུ་འགོད་ན་རང་བཞིན་འགལ་དམིགས་དང་འགལ་ཟླའི་འབྲས་བུ་རྟགས་སུ་བཀོད་ན་འགལ་འབྲས་དམིགས་པའི་རྟགས་དང་གཉིས་སུ་ངེས་ལ་དགག་བྱའི་འགལ་ཟླའི་ངོ་བོ་ཁྱབ་ཆེ་བ་འགོད་ན་ཁྱབ་བྱེད་འགལ་དམིགས་འཇུག་ཅིང༌། རྒྱུའི་འགལ་ཟླ་ལ་ཡང་རྒྱུའི་འགལ་ཟླ་དངོས་བཀོད་ན་རྒྱུ་འགལ་དམིགས་དང༌། འགལ་ཟླའི་འབྲས་བུ་རྟགས་སུ་བཀོད་ན་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་གཉིས་སུ་ངེས་ལ། དགག་བྱའི་ཆོས་ཀྱི་འབྲས་བུའི་འགལ་ཟླར་གྱུར་པའི་ནང་ཚན་དངོས་འབྲས་བཀོད་ན་འབྲས་བུ་འགལ་དམིགས་གཅིག་འཇུག་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། གཞི་དེར་འགལ་ཟླ་སྣང་དུ་རུང་བ་དེ་སྣང་ནས་འགོག་པ་ལ་ཞེས་པ་ནས། དེ་ལྟར་ན་འགལ་དམིགས་དྲུག་དང་ཞེས་གསུངས་པའི་ཕྱིར་དང་སྲས་ཀྱི་མཆོག་གསུམ་ག་མཐུན་ནོ། །གཉིས་པ་དེར་ཐལ། སྔར་བཤད་པའི་བཅུའི་སྟེང་དུ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་དགག་རྟགས་གཅིག་བསྣན་ནས་བཅུ་གཅིག་ཏུ་འགྱུར་བའི་ཕྱིར། འཐད་ལྡན་ལས། བཅུ་གཅིག་པ་འགལ་བའི་ཁྱབ་པ་དམིགས་པ་ནི་ལེའུ་གསུམ་པར་འཆད་པར་འགྱུར་རོ་ཞེས་དང༌། ཤཱཀྱས། རེ་ཞིག་འདིར་རྣམ་པ་བརྒྱད་དུ་བཤད་ཀྱི། མི་དམིགས་པ་འདི་ནི་རྣམ་པ་བཅུ་གཅིག་ཡིན་ནོ་ཞེས་གསུངས་པའི་ཕྱིར། དགག་རྟགས་བཅུའི་གོ་དོན་མཚན་གཞིའི་སྟེང་དུ་བཤད་ན། རང་བཞིན་མ་དམིགས་པ་ནི། འདི་ན་དུ་བ་མེད་དེ། དམིགས་པའི་རིག་བྱར་གྱུར་པ་མ་དམིགས་པའི་ཕྱིར་ལྟ་བུ་ཡིན་ཏེ། དགག་བྱ་ནི་དུ་བ་དང༌། དེའི་རང་བཞིན་འདིར་མི་དམིགས་པའི་ཕྱིར། འབྲས་བུ་མི་དམིགས་པ་ནི། འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་མེད་དག་མེད་དེ། དུ་བ་མེད་པའི་ཕྱིར་ལྟ་བུ་ཡིན་ཏེ། དགག་བྱ་དུ་བའི་རྒྱུའི་འབྲས་བུ་དུ་བ་འདི་ན་མ་དམིགས་པའི་ཕྱིར། ཁྱབ་བྱེད་མ་དམིགས་པ་ནི། དཔེར་ན་འདི་ན་ཤིཾ་ཤ་བ་མེད་དེ། ཤིང་མེད་པའི་ཕྱིར་ལྟ་བུ་ཡིན་ཏེ། ཨ་ཀ་རུའི་ཁྱབ་བྱེད་ཤིང་ཡིན་ལ་འདིར་ཤིང་མ་དམིགས་པའི་ཕྱིར། རྒྱུ་མི་དམིགས་པ་ནི། དཔེར་ན་འདི་ན་དུ་བ་མེད་དེ། མེ་མེད་པའི་ཕྱིར་ལྟ་བུ་ཡིན་ཏེ། དུ་བའི་རྒྱུ་མེ་ཡིན་ལ་འདིར་མེ་མ་དམིགས་པའི་ཕྱིར། དེ་བཞི་འབྲེལ་ཟླ་མ་དམིགས་པ་ཞེས་བྱ་བ་ཡིན་ཏེ། འབྲེལ་བའི་ཟླ་གྲོགས་མ་དམིགས་པའི་ཕྱིར། འབྲེལ་ཡུལ་མ་དམིགས་པ་ཞེས་ཀྱང་བྱ་སྟེ། འབྲེལ་གཞི་མ་དམིགས་པའི་ཕྱིར། རང་བཞིན་འགལ་དམིགས་ནི། འདི་ན་གྲང་རེག་མེད་དེ། མེ་ཡོད་པའི་ཕྱིར་ལྟ་བུ་ཡིན་ཏེ། གྲང་བའི་རང་བཞིན་དང་འགལ་བ་མེ་ཡིན་ལ་འདིར་དེ་དམིགས་པའི་ཕྱིར།

           འགལ་བའི་འབྲས་བུ་དམིགས་པ་ནི། དཔེར་ན་འདི་ན་གྲང་རེག་མེད་དེ། དུ་བ་ཡོད་པའི་ཕྱིར་ལྟ་བུ་ཡིན་ཏེ། གྲང་རེག་དང་འགལ་བ་མེ་དང༌། དེའི་འབྲས་བུ་དུ་བ་འདི་ན་དམིགས་པའི་ཕྱིར། འབྲས་བུ་འགལ་བ་དམིགས་པ་ནི། དཔེར་ན་འདི་ན་གྲང་རྒྱུ་ནུས་པ་ཐོགས་མེད་མེད་དེ། མེ་ཡོད་པའི་ཕྱིར་ལྟ་བུ་ཡིན་ཏེ། གྲང་རེག་གི་རྒྱུའི་འབྲས་བུ་ནི་གྲང་རེག་དང༌། དེ་དང་འགལ་བ་ནི་མེ་ཡིན་ལ་འདིར་དེ་དམིགས་པའི་ཕྱིར། ཁྱབ་བྱེད་འགལ་དམིགས་ནི། དཔེར་ན་འདི་ན་བ་མོའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་ལྟ་བུ་ཡིན་ཏེ། བ་མོའི་རེག་པའི་ཁྱབ་བྱེད་ནི་གྲང་རེག་དང༌། དེ་དང་འགལ་བ་མེ་ཡིན་ལ། འདིར་དེ་དམིགས་པའི་ཕྱིར། རྒྱུ་འགལ་དམིགས་ནི། སྤུ་ལོང་བྱེད་ལ་སོགས་པ་མེད་དེ། གདུང་བར་བྱེད་པའི་ཁྱད་པར་ཉེ་བའི་ཕྱིར་ལྟ་བུ་ཡིན་ཏེ། སྤུ་ཟིང་བྱེད་པ་སོགས་ཀྱི་རྒྱུ་གྲང་རེག་དང༌། དེ་དང་འགལ་བ་ནི་གདུང་བྱེད་ཅེས་པ་སྲེག་པ་མེའི་མིང་ཡིན་པས་མེའི་ཁྱད་པར་དམིགས་པའི་ཕྱིར། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ནི། འདི་ན་སྤུ་ལོང་སོགས་དང་ལྡན་པའི་མེ་མེད་དེ། དུ་བ་དྲག་ཕྱུར་བ་དང་ལྡན་པའི་ཕྱིར་ལྟ་བུ་ཡིན་ཏེ། དགག་བྱ་གྲང་རེག་དང་འགལ་བ་མེ་དང༌། དེའི་འབྲས་བུ་དུ་བ་ཡོད་པའི་ཕྱིར། འདི་དག་གཙོ་བོར་རྟགས་སུ་བཀོད་པའི་སྒོ་ནས་མིང་བཏགས་པ་ཡིན་ཏེ། སྒྲ་བཤད་དེ་དག་གིས་ཤེས་པའི་ཕྱིར། བཞི་པ་ཉེར་གཅིག་ཏུ་དབྱེ་ཚུལ་ཡོད་དེ། མི་སྣང་བ་མ་དམིགས་པའི་དགག་རྟགས་གསུམ་དང༌། སྣང་རུང་མ་དམིགས་པ་ལ་སྔར་བཤད་པའི་འབྲེལ་ཟླ་མ་དམིགས་པ་བཞི་དང༌། ལྷན་གཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་བཅུ་གཉིས་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་གཉིས་དང་ཉེར་གཅིག་ཡོད་པའི་ཕྱིར།

          གཉིས་པ་སོ་སོའི་མཚན་ཉིད་སོགས་བཤད་ན། གོ་ཐོབ་བྱས་ན་ཁྱོད་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་སྣང་རུང་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། ཁྱོད་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་མཚན་ཉིད། རྩོད་ཚེ་སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡིན་པ་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མཚན་དུས་ཀྱི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ། མཚན་དུས་ཀྱི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན། དེ་ལ་དབྱེ་ན། འབྲེལ་ཟླ་མ་དམིགས་པ་དང༌། འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས།

          དང་པོ་ལ་མཚན་ཉིད་དང༌། དབྱེ་བ་གཉིས། དང་པོ་ནི། སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་འབྲེལ་ཡུལ་མ་གྲུབ་པ་རྟགས་སུ་བཀོད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། རྩོད་ན། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན། རྒྱུ་མ་དམིགས་པའི་དང༌། ཁྱབ་བྱེད་མ་དམིགས་པའི་དང༌། རང་བཞིན་མ་དམིགས་པའི་དང༌། དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་བཞི། དང་པོའི་མཚན་ཉིད། ཆོས་དེའི་རྒྱུ་བཀག་པ་དངོས་སུ་རྟགས་སུ་བཀོད་ནས་ཆོས་དེ་དངོས་སུ་འགོག་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས། གོ་ཐོབ་བྱས། གཉིས་པའི་མཚན་ཉིད། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་བདག་གཅིག་པའི་ཁྱབ་བྱེད་བཀག་པ་རྟགས་སུ་བཀོད་པ་དེ་དེའི་མཚན་ཉིད། ཡང་ན་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་ཁྱབ་བྱེད་བཀག་པ་རྟགས་སུ་བཀོད་པའི་དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་དེའི་མཚན་ཉིད། གསུམ་པའི་མཚན་ཉིད་ཡོད་དེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་རང་བཞིན་བཀག་པ་རྟགས་སུ་བཀོད་པའི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་དེའི་མཚན་ཉིད། བཞི་པའི་མཚན་ཉིད་ཡོད་དེ། འབྲས་བུ་དེ་མ་དམིགས་པ་རྟགས་སུ་བཀོད་པས་འབྲས་བུ་དེའི་དངོས་རྒྱུ་མེད་པར་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་དེའི་མཚན་ཉིད། འདི་དག་གོ་ཐོབ་སྡེ་བདུན་རྒྱན་དང་རིགས་རྒྱན་ལྟར་སྦྱར། འདི་དག་མེད་དགག་ཙམ་རྟགས་སུ་སྦྱར་བའི་དགག་རྟགས་ཀྱིས་འབྲེལ་ཟླ་མ་དམིགས་པར་འགྲོ་བའི་ངེས་པ་མེད་དེ། གནས་ལུགས་ཀྱི་རྟགས་ཀྱིས་ཆོས་ཀྱི་བདག་མེད་ཡོངས་གྲུབ་ཏུ་སྒྲུབ་པས་མ་ངེས་པའི་ཕྱིར། ཤིན་ཏུ་སྤྲོ་སླ། རྩོད་ཚེ་ཚུལ་གསུམ་སྦྱར་ཚུལ་རིགས་འདྲ་བྱ།

           གཉིས་པ་ལ་མཚན་ཉིད་དང༌། དབྱེ་བ་གཉིས། དང་པོ་ནི། འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡོད་དེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླ་གཅིག་དངོས་སུ་རྟགས་ལ་བཀོད་པའི་སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་དེར་འཇོག་པའི་ཕྱིར། དེ་ལ་དབྱེ་ན་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་དང་ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས། དང་པོའི་མཚན་ཉིད། ཆོས་དེ་དམིགས་པ་དངོས་སུ་རྟགས་སུ་བཀོད་ནས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་དང་ལྷན་ཅིག་མི་གནས་པའི་དགག་བྱ་ཞིག་བཀག་པའི་མེད་དགག་དངོས་སུ་སྒྲུབ་པའི་ཚུལ་གསུམ་ཡིན་པ་དེ་དེའི་མཚན་ཉིད། རྩོད་ཚེ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་སྒྲུབ་པའི་ཚུལ་གསུམ་ཡིན་པ་དེ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་ལ་དབྱེ་ན་བཅུ་གཉིས་ཡོད་དེ། དང་པོ་འགལ་བའི་རང་བཞིན་དམིགས་པ་བཞི་ནི། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ་དང༌། རྒྱུ་དང་འགལ་བའི་རང་བཞིན་དམིགས་པ་དང༌། འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་དང༌། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་བཞི་སྟེ། མཚན་གཞི་རིམ་བཞིན། མེ་སྟོབས་ཆེན་པོས་ཁྱབ་པའི་གཞིར། གྲང་རེག་སྟོབས་ཅན་དང༌། གྲང་རྒྱུ་ནུས་པ་ཐོགས་མེད་དང༌། གྲང་འབྲས་སྤུ་ལོང་བྱེད་དང༌། བ་མོའི་རེག་པ་རྣམས་མེད་པར་སྒྲུབ་པ་ལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་བཀོད་པ་ལྟ་བུའོ། །བཞི་ཚན་གཉིས་པ་འགལ་བའི་འབྲས་བུ་དམིགས་པ་བཞི་ནི། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ་དང༌། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་དང༌། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་དང༌། ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་བཞི་རྣམས་ཏེ། མཚན་གཞི་རིམ་བཞིན། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པའི་གཞིར། གྲང་རེག་སོགས་བཞི་པོ་སོ་སོར་མེད་པར་སྒྲུབ་པ་ལ། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པ་སོ་སོར་རྟགས་སུ་བཀོད་པ་ལྟ་བུའོ། །

          བཞི་ཚན་གསུམ་པ་ཁྱབ་བྱ་དམིགས་པ་བཞི་ནི། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ་དང༌། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་དང༌། འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ་དང༌། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་དང་བཞི་སྟེ། མཚན་གཞི་རིམ་བཞིན། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་གྲང་རེག་སོགས་བཞི་སོ་སོར་མེད་པར་སྒྲུབ་པ་ལ། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་རྟགས་སུ་བཀོད་པ་ལྟ་བུའོ། །འདི་དག་འགལ་དམིགས་དྲུག་ཏུ་འདུས་ཀྱང་ཡ་གྱལ་གྱི་རྣམ་དབྱེ་ལ་མཁས་ཆེད་དུ་གྲུབ་ཆེན་ཛེ་ཏཱ་རི་སོགས་ཀྱིས་བཤད་པའི་ཕྱིར་ཏེ། བྱིས་པ་འཇུག་པའི་རྟོག་གེ་ལས། མི་དམིགས་པ་འདི་སྦྱོར་བའི་དབྱེ་བས་རྣམ་པ་མང་པོར་འགྱུར་ཏེ་ཞེས་སོགས་ཀྱིས་དངོས་སུ་བཅུ་དྲུག་བཀོད་པས་འགལ་དམིགས་བཅུ་གཉིས་བཤད་ཅིང༌། ཐར་འབྱུང་སྦས་པའི་རྟོག་གེ་སྐད་ལས་ཀྱང༌། འདི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་དྲུག་ཏུ་འགྱུར་ཏེ། ཞེས་པ་འདིས་ཀྱང་འབྲེལ་ཟླ་མ་དམིགས་པ་བཞི་དང་འགལ་དམིགས་བཅུ་གཉིས་ཏེ་བཅུ་དྲུག་བཤད་པའི་ཕྱིར། ཛྙཱ་ན་ཤྲིས་འགལ་དམིགས་བཅུ་དྲུག་བཤད་པའི་བཞི་ཚན་བཞི་པ་རྒྱུ་དམིགས་པ་བཞི་ནི། རང་བཞིན་དང་འགལ་བའི་རྒྱུ་དམིགས་པ་དང༌། རྒྱུ་དང་འགལ་བའི་རྒྱུ་དམིགས་པ། ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པ། འབྲས་བུ་དང་འགལ་བའི་རྒྱུ་དམིགས་པ་བཞི་སྟེ། མཚན་གཞི་རིམ་པ་བཞིན་དུ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གཞིར་གྲང་རེག་དང༌། གྲང་རྒྱུ་ཐོགས་མེད་དང༌། བ་མོའི་རེག་པ་དང༌། གྲང་འབྲས་སྤུ་ལོང་བྱེད་བཞི་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པོའི་དངོས་རྒྱུས་ཁྱབ་པར་ནོན་པའི་དངོས་པོ་བཀོད་པའམ་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་བཀོད་པ་ལྟ་བུ་སྟེ། འདིས་མཚོན་ནས་དངོས་རྒྱུའི་རྟགས་ཀྱིས་གྲང་རེག་མེད་པར་སྒྲུབ་པ་ནི། རྣམ་འགྲེལ་ངེས་གཉིས་དང་དེ་གཉིས་ཀྱི་རང་འགྲེལ་གཉིས་དང་ཤཱཀྱ་བློ་ཆོས་མཆོག་སོགས་དུ་མས་བཀག་ཅིང་རྣམ་བཤད་གསུམ་དང་སྤྱི་དོན་གཉིས་སོགས་དང་འགལ་བས་དོར་བར་བྱ་བ་ཁོ་ནའོ། །ཛྙཱ་ན་ཤྲི་དང་ཁྱུང་པོ་བརྩོན་སེང་གི་བཤད་སྲོལ་དེ་རིགས་གཏེར་སོགས་ཀྱིས་ཀྱང་བཀག་གོ །འདིའི་ལུགས་ལ་དགག་རྟགས་ཉེར་ལྔ་ཡིན་ནོ། །འོ་ན། ཁྱབ་བྱ་དམིགས་པ་བཞི་འགལ་དམིགས་དྲུག་གི་གང་དུ་བསྡུ་སྙམ་ན། རང་བཞིན་འགལ་བ་སོགས་བཞིའི་ནང་དུ་འདུ་བར་ཐལ། རང་བཞིན་འགལ་བ་སོགས་ཀྱི་ཁྱབ་བྱ་ཡིན་པ་དེའི་ཕྱིར། དཔེར་ན་ཙན་དན་གྱི་མེས་ཚིག་པ་དེ་མེས་ཚིག་པ་དང་མེའི་ཁྱབ་བྱའམ་བྱེ་བྲག་ཙན་དན་གྱི་མེས་ཚིག་པ་གཉིས་ཀ་ཡིན་པ་བཞིན་ཡིན་པའི་ཕྱིར། ཇི་སྐད་དུ་རྣམ་ངེས་ཊིཀ་ཆེན་ལས། དེ་ལས་གཞན་དུ་ཙན་དན་གྱིས་གྲང་རེག་འགོག་པ་འགལ་ཁྱབ་དམིགས་པའི་གཏན་ཚིགས་ཟུར་བ་འདོད་པ་ནི། ཙན་དན་གྱི་མེའི་སྤུ་རིས་ཟིན་ན་ཡང༌། མེས་གྲང་རེག་འགོག་པ་ཉིད་ལས་མ་འདས་པས་འགལ་དམིགས་ཀྱི་གཏན་ཚིགས་དངོས་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འགལ་ཁྱབ་དམིགས་པའི་ཟུར་བ་ཞེས་དང༌། མེས་གྲང་རེག་འགོག་པ་ཉིད་ལས་མ་འདས་པས་ཞེས་པ་གཉིས་ཀྱི་དོན་ཡོད་པའི་ཕྱིར། དེས་ན་དགག་རྟགས་འཇུག་ཚུལ་སྒོ་ནས་འགལ་དམིགས་ལ་དྲུག་ཏུ་གྲངས་ངེས་པས་དེར་མ་འདུས་པ་མེད་ཀྱང༌། ཡན་ལག་སྒོ་ནས་དབྱེ་ན་གྲང་རེག་འགོག་པའི་འགལ་ཟླ་དམིགས་པ་ལ་ཡང་ཆེས་མང་པོ་ཡོད་དེ། སྔར་བཤད་པའི་གྲང་རེག་སྐོར་བཞི་འགོག་པའི་འགལ་ཟླ་དམིགས་པ་བཅུ་གཉིས་ཀྱི་སྟེང་དུ་ཁྱབ་བྱའི་ཁྱབ་བྱ་དམིགས་པ་ཤར་ཕྱོགས་ཀྱི་ཙན་དན་གྱི་མེ་སྟོབས་ཆེན་དང༌། དེའི་ཡང་ཁྱབ་བྱ་ཤར་རིའི་ཙན་དན་གྱི་མེ་སྟོབས་ཆེན་དང༌། དེའི་ཁྱབ་བྱ་ཤར་གྱི་ནགས་རིའི་ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པ་རེ་རེ་ལ་སྐོར་བཞི་སོགས་དཔག་མེད་དབྱེར་ཡོད་ཅིང་འདི་གཏན་ཚིགས་སྒོ་ནས་ཡིན་ལ། དགག་བྱའི་སྒོ་ནས་ཀྱང་རང་བཞིན་གྱི་ཁྱབ་བྱ་དང་དེའི་ཁྱབ་བྱ་སོགས་དང་སྦྱར་བས་ཐུག་པ་མེད་པ་ཡོད་པའི་ཕྱིར། དེར་ཐལ། དེ་ལྟར་དགག་བྱ་འགོག་བྱེད་ཀྱི་རིགས་པ་དང་དགག་བྱ་གྲང་རེག་ལྟ་བུ་ཞིག་གི་ཡང་ངོ་བོ་ཡ་གྱལ་སོགས་འགོག་པར་མཁས་པའི་ཆེད་དུ་ཛེ་ཏཱ་རི་དང་སྡེ་བདུན་རྒྱན་དང་རྣམ་བཤད་ལས་ཀྱང་ཟུར་ཙམ་བཤད་པའི་ཕྱིར། རྣམ་བཤད་ལས། དེ་དག་སྦྱོར་བའི་བྱེ་བྲག་གིས་ཐ་དད་དུ་དབྱེ་བ་ཙམ་ཡིན་གྱི་སྦྱོར་བར་བྱ་བ་སོ་སོར་ངེས་པའི་དབང་གིས་མ་ཡིན་ཏེ། གྲང་རེག་གཅིག་བུ་འགོག་པ་ལ་ཡང་དུ་མར་དབྱེར་རུང་ངོ་ཞེས་དང༌། ཛེ་ཏཱ་རིས་ཀྱང༌། མ་དམིགས་པ་འདི་སྦྱོར་བས་དབྱེ་བས་རྣམ་པ་མང་པོར་འགྱུར་ཏེ་ཞེས་གསུངས་པ་གཉིས་ཀས་གྲངས་མ་བཟུང་བའི་དོན་ཡོད་པའི་ཕྱིར་དང༌། སྦྱར་བར་བྱ་བ་སོ་སོར་ངེས་པའི་དབང་གིས་མ་ཡིན་ཞེས་པ་རྟགས་དང་བསྒྲུབ་བྱའི་ཆོས་དང་དགག་བྱའི་སྦྱར་ཚུལ་མེ་དང་ཆུ་བཞིན་གཅིག་ཁོ་ནར་མ་ངེས་པ་སྣ་ཚོགས་བྱས་ཆོག་པའི་དོན་ཡིན་པའི་ཕྱིར་དང༌། དེའི་དཔེ་གྲང་རེག་ལ་མཛད་པའི་ཕྱིར་རོ། །ཤིན་ཏུ་སྤྲོ་ཚུལ་སླ། འདི་ཡང་དཔྱོད་ལྡན་རྣམས་ལ་རིགས་པའི་སྒོ་བརྒྱ་ཕྱེ་བ་ཡིན་ནོ།  །དེས་ན་རྣམ་བཤད་རྗེས་འབྲང་ཁ་ཅིག་དགག་རྟགས་བཅུ་ལས་ལྷག་མི་འདོད་པ་དང༌། སྔོན་དང་ཕྱིས་ཀྱི་བོད་ཁ་ཅིག་(གཙང་ནག་)སྣང་རུང་གི་དགག་རྟགས་ལ་བཅུ་གཅིག་ཏུ་མ་འདུས་སྙམ་ནས་བཅུ་དྲུག་འདོད་པ་དང༌། རིགས་གཏེར་མཁན་པོས་ཀྱང་བཅུ་གཉིས་དགོས་པར་འདོད་པ་རྣམས་མི་འཐད་པར་ཐལ། འདི་ཉིད་ལས། འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་པར་ལྟོས་པར་འདོད། །ཅེས་གསུངས་པ་ལྟར་འཇུག་པའི་ཡུལ་དུས་དང་ཁྱད་པར་རྣམས་ལ་ལྟོས་དགོས་པའི་ཕྱིར། ཁྱབ་སྟེ། འཇུག་པའི་ཡུལ་དུས་དང་ཁྱད་པར་ལ་ལྟོས་ཚུལ་བཅུ་གཅིག་ཏུ་མ་འདུས་པ་མེད་པའི་དབང་གིས་སྣང་རུང་གི་དགག་རྟགས་ལ་རིགས་ཐིགས་དང་རྣམ་ངེས་སུ་བཅུ་གཅིག་ལས་མ་བཤད་པའི་ཕྱིར། རྣམ་ངེས་ཊིཀ་ཆེན་ལས། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་བཅུར་ངེས་པ་དང་འོག་ནས་གཏན་ཚིགས་ལྟར་སྣང་གི་སྐབས་སུ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཁྱབ་དམིགས་པའི་དགག་རྟགས་དང་བཅུ་གཅིག་ཏུ་གསུངས་ཀྱི། དེ་ལས་མང་བ་མ་གསུངས་པས། ཁ་ཅིག་གིས་ཞེས་པ་ནས། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དགག་རྟགས་བཅུ་དྲུག་ཏུ་བཞེད་པ་དང། གཞན་དག་གིས་དེའི་ནང་ནས་བཅུ་གཉིས་ཡང་དག་ཡིན་ལ་བཞི་ལྟར་སྣང་ངོ་ཟེར་བ་ཡང་དགག་རྟགས་འཇུག་པའི་ཚུལ་ལ་ལེགས་པར་དཔྱད་ན་འཐད་པར་མི་སེམས་ཏེ་ཞེས་གསུངས་པའི་ཕྱིར་དང། དེ་ལྟར་དུ་འཐད་ལྡན་ལས་སོ། །

           གཉིས་པ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ནི། དགག་བྱའི་ཆོས་དང་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པའི་འགལ་དམིགས་ཀྱི་ཚུལ་གསུམ་ཡིན་པ་དེའོ། །རྩོད་ན། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་དེའི་མཚན་ཉིད། དབྱེ་ན་ངེས་པས་ལྟོས་པ་འགོག་པའི་དེ་དང་། ལྟོས་པས་ངེས་པ་འགོག་པའི་དེ་གཉིས། མཚན་གཞི་རིམ་བཞིན། བུམ་པ་འཇིག་པའི་རྒྱུ་མེད་ཙམ་སྟོན་འདོད་ནས། བུམ་པ་ཆོས་ཅན། ཁྱོད་འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་དེ། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར་ལྟ་བུ་དང་པོ་དང་། གོས་དཀར་པོ་ཆོས་ཅན། རང་གྲུབ་ཙམ་ནས་ཚོན་ཅན་དུ་མེད་དེ། ཚོན་ཅན་དུ་འགྱུར་བ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པའི་ཕྱིར། ཞེས་གོས་དཀར་པོ་གྲུབ་ཙམ་ནས། ཚོན་ཅན་དུ་མ་གྲུབ་པ་ཙམ་སྟོན་འདོད་ནས་བཀོད་པ་ལྟ་བུ་གཉིས་པའི་མཚན་གཞི་ཡིན་ནོ། །

           གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། རྟགས་སྦྱོར་ཕྱི་མ་འདི་གཉིས་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་མེད་དགག་ཡིན་པར་ཐལ། དེ་གཉིས་མི་དམིགས་པའི་སྦྱོར་སྐོར་རེ་ཡིན་པའི་ཕྱིར། འདོད་ན། རྟགས་དེ་གཉིས་ཀྱི་ནུས་པས་དངོས་ཀྱི་སྒྲུབ་ཆོས་གཉིས་མ་ཡིན་དགག་ཏུ་སོང་བའི་སྐབས་ཤིག་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། འཇིག་པ་ཕྱིས་འབྱུང་ལ་མི་ལྟོས་པའི་དངོས་པོར་སྟོན་འདོད་ནས་སྦྱོར་སྐོར་དང་པོ་དང་། གྲུབ་ཙམ་ནས་ཚོན་ཅན་མ་ཡིན་པའི་དངོས་པོར་སྟོན་འདོད་ནས་སྦྱོར་སྐོར་གཉིས་པ་བཀོད་ན་མ་ཡིན་དགག་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་བའི་ཕྱིར་ཏེ་འདིའི་རིགས་པས་སྔར་གྱི་དེ་དག་ཅི་རིགས་ལའང་ཞིབ་ཆ་ཤེས་དགོས་ཏེ་དགག་སྒྲུབ་སྐབས་སུ་བཤད་པར་བྱའོ། །

                                                                                                                     རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།