ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་རང་བཞིན་གྱི་རྟགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-06 22:25:32     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

77996044631369659.jpg

                  གཉིས་པ་རང་བཞིན་གྱི་རྟགས་ཡང་དག་ལ་གཞུང་དོན་དང༌། མཐའ་དཔྱད་པ་གཉིས། དང་པོ་ནི། མདོ་དག་ལས། དགེ་སློང་དག་གང་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགག་པའི་བདག་ཉིད་དོ། །ཞེས་སོགས་ཀྱིས་རང་བཞིན་གྱི་རྟགས་ཡང་དག་དང་དེའི་སྒྲུབ་ངག་བཤད་པའི་རང་བཞིན་གྱི་རྟགས་ཡང་དག་དེ་མཚན་ཉིད་སྒོས་སྟོན་པ་ལ། འདི་ཉིད་ལས། རང་བཞིན་ཡོད་ཙམ་དང༌། འབྲེལ་བ་ཅན་གྱི་ངོ་བོ་ཡང༌། ཞེས་བྱུང༌། རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་བ་ངེས་བྱེད་དམ་བཅའ་སྟོན་པར། རང་བཞིན་ལ་ཡང་མེད་མི་འབྱུང༌། །ཡོད་པ་ཙམ་དང་འབྲེལ་བ་ཡིན། །ཞེས་བྱུང༌། སྒྲུབ་བྱེད་སྟོན་པར། དེ་མེད་ན་ནི་ཡོད་པའི་བདག །མེད་འགྱུར་ཐ་དད་མེད་ཕྱིར་རོ། །ཞེས་བྱུང༌། རང་བཞིན་གྱི་རྟགས་མི་རུང་བའི་རྩོད་པ་ནི། གལ་ཏེ་གཏན་ཚིགས་ཡོད་རང་བཞིན། །ཡོད་པ་ཇི་ལྟར་བསྒྲུབ་བྱ་མིན། །ཁྱད་པར་རྗེས་འགྲོ་མེད་པ་ནི། །གཏན་ཚིགས་བསྒྲུབ་བྱ་དག་ལས་ཉམས། །ཞེས་བྱུང༌། དེའི་ལན་འཆད་པར། ཡོད་པའི་ཁྱད་པར་ཙམ་དུ་ནི། །ཞེས་པ་ནས། གཞན་ལ་ངོ་བོ་ཉིད་ཀྱིས་འགྱུར། །ཞེས་བྱུང༌། སྦྱོར་བའི་དབྱེ་བ་ནི། རང་བཞིན་ཁྱད་པར་བྱེ་བྲག་ལ། །ལྟོས་པའམ་འོན་ཏེ་འབའ་ཞིག་པ། །བསྒྲུབ་བྱ་སྒྲུབ་པའི་ཕྱིར་བརྗོད་དེ། །འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་བྱུང༌། འདིས་རང་བཞིན་གྱི་རྟགས་ཡང་དག་ལ་ཁྱད་པར་ལྟོས་པ་དང༌། ཁྱད་པར་དག་པ་གཉིས་ཀྱང་བཤད་དོ། །རྣམ་བཤད་ལས། འདིར་བདག་གཅིག་པའི་རང་བཞིན་ཙམ་བཤད་ནས། འོག་ཏུ་རང་བཞིན་གྱི་རྟགས་མི་རུང་བའི་རྩོད་སྤོང་དང་སོགས་གསུངས་སོ། །

                  མཐའ་ཅུང་ཟད་དཔྱད་ན། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་དང་བདག་ཉིད་གཅིག་ཏུ་འབྲེལ་བ་དེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་གང་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་བདག་ཉིད་གཅིག་ཏུ་འབྲེལ་བའི་ཕྱིར། དང་པོ་སླ། གཉིས་པ་དེར་ཐལ། དུ་བ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་འབྲེལ་བ་གང་ཞིག །དེ་དེ་དང་དེ་བྱུང་འབྲེལ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དུ་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་དེ་བྱུང་འབྲེལ་མེད་པའི་ཕྱིར། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་རྟག་པ་ཡིན་པའི་ཕྱིར་རོ། །ཡང་རིགས་གཏེར་གྱི་རྗེས་འབྲང་མང་པོ་དང༌། ཁ་ཅིག་ན་རེ། ཡོད་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། འདི་ཉིད་ལས། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་པའི་ཡོད་པ་ཞེས་པའི་དོན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། བྷ་བ་ཞེས་པ་ཡོད་པ་དང་དངོས་པོ་དང་འབྱུང་བ་སོགས་དོན་བཅུ་སོགས་ལ་འཇུག་པས་སྐབས་འདིར་དངོས་པོར་བསྒྱུར་དགོས་པ་ལས་ཡོད་པར་བསྒྱུར་བ་འགྱུར་སྐྱོན་ཡིན་པའི་ཕྱིར་དང༌། གལ་ཏེ་ཡོད་པར་བསྒྱུར་བ་ལྟར་ན་དགག་བྱ་བཅད་པ་ལ་མ་ལྟོས་པའི་ཡོད་པ་བྱེད་དགོས་ལ་དེ་དངོས་པོ་ཡིན་པའི་ཕྱིར་རོ། །འདིས་རྟོག་པས་བཏགས་པའི་ཆོས་ཐམས་ཅད་ཡོད་པ་མིན་ཡང་ཟེར་རོ། །རྩ་བར་འདོད་ན། ཡོད་པ་དང་མི་རྟག་པ་འབྲེལ་བ་ཆོས་ཅན། མི་རྟག་པར་ཐལ་ལོ། །ཡོད་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། མ་གྲུབ་ན། ཡོད་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་མི་རྟག་པ་ལ་འབྲེལ་བ་མེད་པའི་ཕྱིར། རྟགས་ཁས། འཁོར་གསུམ། ཁྱབ་སྟེ། རྣམ་ངེས་རང་འགྲེལ་ལས། དེ་བཞིན་དུ་རང་བཞིན་གྱི་གཏན་ཚིགས་གཞན་དག་ཀྱང་བདག་ཉིད་ཇི་ལྟ་བའི་ཚད་མ་དག་གིས་དེ་ཙམ་དང་རྗེས་སུ་འབྲེལ་བ་གྲུབ་པ་ཁོ་ནའི་བསྒྲུབ་བྱ་གོ་བར་བྱེད་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ཙམ་རྗེས་སུ་འབྲེལ་བ་གྲུབ་པ་ཁོ་ནས་ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཡོད་པ་མི་རྟག་པ་དང་འབྲེལ་བ་མི་རྟག་པར་ཐལ། འདི་ཉིད་ལས། འབྲེལ་བ་ཅན་རྣམས་མི་རྟག་ཕྱིར། །འབྲེལ་བ་ལ་རྟག་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འབྲེལ་བ་ཅན་མི་རྟག་པ་ཡིན་ན་དེའི་འབྲེལ་བ་ཡང་མི་རྟག་པར་དགོས་པར་བཤད་ལ་ཁོ་བོས་ཡོད་པ་ཡང་མི་རྟག་པར་འདོད་པའི་ཕྱིར་ཞེ་ན། ལུང་དོན་དེ་ལྟར་མ་ཡིན་པར་ཐལ། འབྲེལ་བ་ཅན་མི་རྟག་པའི་ཕྱིར། འབྲེལ་བ་རྟག་དངོས་ཡོད་པ་མིན་ཞེས་བཤད་པ་ཡིན་པའི་ཕྱིར།

                 ཡང་ཁ་ཅིག །དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན། ཁྱོད་དང་བདག་ཉིད་གཅིག་ཀྱང་ཡིན་པའི་གཞི་མཐུན་སྲིད་པའི་ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ་དེ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། འདི་ལ་སྐྱོན་གཉིས་ཆགས་ཏེ། ཁྱོད་དང་བདག་ཉིད་གཅིག་ཀྱང་ཡིན་པའི་ཞེས་པ་དང༌། ཡང་ཁྱོད་དང་བདག་ཉིད་གཅིག་ཀྱང་ཡིན་པའི་གཞི་མཐུན་སྲིད་པའི་ཁྱོད་ཅེས་པ་གཉིས་ཏེ། འདི་ལྟར་དང་པོ་ལ། དུ་བ་ཆོས་ཅན། ཁྱོད་དུ་བའི་རྟགས་ཀྱིས་ཙན་དན་གྱི་དུ་བ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན། ཁྱོད་དང་བདག་ཉིད་གཅིག་ཀྱང་ཡིན་པའི་གཞི་མཐུན་མེད་པའི་ཕྱིར། མ་གྲུབ་ན། མི་རྟག་པ་དེ་དུ་བ་དང་བདག་ཉིད་གཅིག་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། དུ་བ་མེད་ན་ཁྱོད་མེད་དགོས་པར་ཐལ། ཁྱོད་དུ་བ་དང་བདག་ཉིད་གཅིག་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། ཤེས་བྱ་ཡང་དུ་བ་དང་བདག་ཉིད་གཅིག་པར་ཐལ་ལོ། །འདོད་པའི་ཕྱིར། གཉིས་པ་ལ། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་གསུངས་པ་མི་འཐད་པར་ཐལ། འབྲས་བུ་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། མ་གྲུབ་ན། འབྲས་བུའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་དངོས་པོ་ཡིན་པར་ཐལ། དེ་ཡང་ཡིན་འབྲས་བུ་དང་བདག་ཉིད་གཅིག་ཀྱང་ཡིན་པའི་གཞི་མཐུན་སྲིད་པ་དངོས་པོ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་གཞི་མཐུན་སྲིད་པའི་འབྲས་བུ་ཡོད་པའི་ཕྱིར། དེར་ཐལ། དེའི་འབྲས་བུ་དེ་སྒྲ་མི་རྟག་པར་གྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། མ་གྲུབ་ན། འབྲས་བུ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན། ཁྱོད་དང་བདག་ཉིད་གཅིག་ཀྱང་ཡིན་པའི་གཞི་མཐུན་སྲིད་པའི་ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ་ཁས། ཡང་ཁ་ཅིག །ནས་ཀྱི་མྱུ་གུའི་རྒྱུ་ཚོགས་གྲངས་ཚང་དེ། ནས་ཀྱི་ས་བོན་དང་ཆུ་ལུད་དྲོད་གཤེར་ཚོགས་པའི་ཞིང་སྟེང་དུ། ནས་ཀྱི་མྱུ་གུ་འབྱུང་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཟེར་ན། ནས་ཀྱི་མྱུ་གུའི་རྒྱུ་ཚོགས་གྲངས་ཚང་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར། དེར་ཐལ། ཞིང་སྟེང་དེེར་ཁྱོད་ངེས་ན་ནས་ཀྱི་མྱུ་གུ་འབྱུང་རུང་དུ་ངེས་དགོས་པའི་ཕྱིར། དེར་ཐལ། ཞིང་སྟེང་དེར་ཁྱོད་ངེས་ན་ནས་ཀྱི་མྱུ་གུའི་རྒྱུ་ཡིན་པར་ངེས་ཟིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ནས་ཀྱི་རྒྱུར་ངེས་ནས་ནས་ཀྱི་མྱུ་གུ་སྐྱེད་པར་མ་ངེས་པ་མེད་པའི་ཕྱིར་ཏེ། སྐྱེད་བྱེད་རྒྱུའི་མཚན་ཉིད་ཡིན་པའི་ཕྱིར་དང༌། མཚན་མཚོན་ཤེས་ཚུལ་གོ་མི་ལྡོག་པའི་ཕྱིར་སོགས་བྱ།

                 རང་ལུགས་ལ། རང་བཞིན་གྱི་ཚུལ་གསུམ་ཡིན་པ། རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། གོ་ཐོབ་དང་གཞི་ལ་སྦྱར་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་ཚུལ་གསུམ་ཡིན་པ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། ཡང་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་ཁྱོད་དེ་དང་བདག་ཉིད་གཅིག་ཡིན་དགོས་ལ་ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པ་དེ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་མཚན་ཉིད། དབྱེ་ན་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་དང༌། ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གཉིས་ཡོད། དང་པོ་ལ། རང་གི་བྱེད་ཆོས་དངོས་སུ་འཕང་བའི་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་དང༌། རང་གི་བྱེད་ཆོས་ཤུགས་ལ་འཕང་བའི་རང་བཞིན་གྱི་རྟགས་ཡང་དག་གཉིས། དང་པོའི་མཚན་གཞི་ནི། སྒྲ་མི་རྟག་སྒྲུབ་ལ་རྒྱུ་རྐྱེན་ལས་སྐྱེས་པ་བཀོད་པ་ལྟ་བུ། གཉིས་པའི་མཚན་གཞི་ནི། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུ། ཁྱད་པར་དག་པ་བའི་མཚན་གཞི་ནི། སྒྲ་མི་རྟག་སྒྲུབ་ལ་དངོས་པོ་རྟགས་སུ་བཀོད་པ་ལྟ་བུ་དང༌། བྲག་ངོས་ཀྱི་ཨ་ཀ་རུ་ཤིཾ་དུ་སྒྲུབ་པ་ལ་ཤིཾ་ཤ་བ་རྟགས་སུ་བཀོད་པ་ལྟ་བུ་ཡིན། རང་འགྲེལ་གཉིས་ལས་ཤིཾ་ཤ་བ་རྟགས་སུ་བཀོད་པའི་རང་བཞིན་གྱི་རྟགས་ཡང་དག་བཤད་པ་ལ། བོད་ཀྱི་མཚན་ཉིད་རྒན་པོ་དག་གིས་སྣ་ཚོགས་སྨྲས་མོད། མཁས་པ་གནས་དྲུག་པས་ཤིང་ཤ་བ་ནི་ཚོས་ཤིང་ལ་འདོད་པ་དང༌། མང་པོ་ཞིག་ཤིཾ་ཤ་བ་ཞེས་སྨྲས་ནས་ཟུར་གྱི་ཤིང་ཞེས་པ་བོད་སྐད་དང་ཤིང་ལ་འདོད་པ་དག་མི་འཐད་པར་ཐལ། ཤིཾ་ཤ་བ་ཞེས་པ་ཨ་ཀ་རུའི་རྒྱ་སྐད་ཀྱི་མིང་ཡིན་པའི་ཕྱིར་ཏེ། འཆི་མེད་མཛོད་ལོ་གྲགས་ཀྱི་འགྱུར་ལས། དེ་ནས་ཙྪུན་དང་ཨ་ཀ་རུ། །ཤིཾ་ཤ་བཱ་དང་སྐྱ་བོ་དང༌། །ཐལ་བའི་སྙིང་པོ་ཅན་ཞེས་སོ། །ཞེས་གསུངས་པའི་ཕྱིར། རྟགས་ཆོས་དོན་གསུམ་བཤད་ན། དངོས་པོ་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་དང༌། མི་རྟག་པ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང༌། སྒྲ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན། སྐད་ཅིག་མ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་དེ་མ་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། སྒྲ་དང་མི་རྟག་པའི་ཚོགས་དོན་དང༌། སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་དང༌། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་རྣམས་དེ་སྒྲུབ་ཀྱི་དང༌། སྦྱོར་བ་སྐོར་གཅིག་གཉིས་ཀའི་བསྒྲུབ་བྱ་ཡིན་ལ་སྒྲ་དང་སྐད་ཅིག་མའི་ཚོགས་དོན་དང༌། སྐད་ཅིག་མས་ཁྱད་པར་དུ་བྱས་པའི་སྒྲ་དང༌། སྒྲས་ཁྱད་པར་དུ་བྱས་པའི་སྐད་ཅིག་མ་རྣམས་བྱས་རྟགས་ཀྱི་དེ་སྒྲུབ་ཀྱི་དང་བྱས་རྟགས་ཀྱིས་སྦྱོར་བ་སྐོར་གཅིག་གཉིས་ཀའི་བསྒྲུབ་བྱ་ཡིན་ཀྱང༌། དེ་སྒྲུབ་ཀྱི་དང་དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གཉིས་ཀའི་བསྒྲུབ་བྱ་མ་ཡིན་ཏེ། དེ་གཉིས་ཀའི་དངོས་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་པའི་ཕྱིར། སྒྲུབ་བྱེད་ནི། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པའི་ཕྱིར། དེར་ཐལ། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་ཁྱོད་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། ཁྱོད་སྒྲ་ཁྱོད་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཀོད་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། མི་རྟག་པ་ཆོས་ཅན། སྒྲ་དང་ཁྱོད་ཀྱི་ཚོགས་དོན་དང་ཁྱོད་ཀྱིས་ཁྱད་པར་དུ་བྱས་པའི་སྒྲ་དང་སྒྲས་ཁྱད་པར་དུ་བྱས་པའི་ཁྱོད་དང་གསུམ་རེ་རེ་ནས་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། སྒྲ་ཁྱོད་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། མི་རྟག་པ་ཆོས་ཅན། སྐད་ཅིག་མ་བྱས་པའི་རྟགས་ཀྱིས་སྒྲ་ཁྱོད་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། ཁྱོད་སྐད་ཅིག་མའི་མཚོན་བྱ་ཡིན་པའི་ཕྱིར།

                                                                                                                        རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།