ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་གཏན་ཚིགས་ལྟར་སྣང་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-06 22:15:42     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

327140103195357364.jpg

                  འདི་ཉིད་ལས། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་མཐའ་ཅུང་ཟད་དཔྱད་ན། དགག་གཞག་སྤོང་གསུམ་ལས། དང་པོ་ལ་ཁ་ཅིག །ཡིན་པ་མི་སྲིད་པའི་ཆོས་ཡིན་ན་གཏན་ཚིགས་ལྟར་སྣང་ཡིན་པས་ཁྱབ་ཟེར། མཁས་པ་མང་པོས་གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་ཟེར། དང་པོ་ལ། འོ་ན། ཆོས་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་སྒྲུབ་ཚུལ་དང་འགོད་ཚུལ་ལ་ཡིན་སྒྲུབ་དང་ཡིན་འགོད་ཀྱིས་ཁྱབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་ཁྱོད་ཡིན་པ་སྲིད་པའི་ཤེས་བྱ་ཡིན་དགོས་པའི་ཕྱིར་རོ། །རྟགས་སོང༌། དེར་ཐལ། ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་ན་ཁྱོད་གཏན་ཚིགས་ལྟར་སྣང་ཡིན་དགོས་པའི་ཕྱིར། རྩ་བར་འདོད་ན། དུ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་སྒྲུབ་ཚུལ་ཡིན་སྒྲུབ་དང་འགོད་ཚུལ་ཡིན་འགོད་ཡིན་པར་ཐལ། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དུ་ལྡན་དེ་མེ་དུ་གཉིས་ཀར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ་ཁས། དེས་མཚོན་ནས་ཤེས་པར་བྱ། དམ་བཅའ་གཉིས་པ་ལ་ཁ་ཅིག་ན་རེ། དེ་མ་ཁྱབ་པར་ཐལ། གཏན་ཚིགས་ལྟར་སྣང་ཡོད་པའི་ཕྱིར། དེར་ཐལ། གཏན་ཚིགས་ལྟར་སྣང་གི་མཚན་ཉིད་ཡོད་པའི་ཕྱིར་ཏེ། སྡེ་བདུན་གྱི་རྒྱན་ལས། དང་པོ་ནི། ཚུལ་གསུམ་ཚང་བ་མ་ཡིན་པའི་གཏན་ཚིགས་ཞེས་གསུངས་པའི་ཕྱིར་ན་དེ་དོན་ཐོབ་རགས་བཤད་སྒྲ་རྟག་སྒྲུབ་ལྟ་བུའི་དེ་སྒྲུབ་ལ་སྦྱར་རྒྱུའི་དོན་ཡིན་གྱི་རྩོད་པའི་སྐབས་མ་ཡིན་པས་སོ། །འོན་ཀྱང་གཞི་གྲུབ་ན་རྟགས་ཡང་དག་གིས་ཁྱབ་པ་དང་མངོན་ལྐོག་གཉིས་ཀྱིས་ཁྱབ་ཟེར་བ་དག་གཞལ་བྱའི་གནས་གསུམ་འབྱེད་པ་སོགས་སྟབས་མི་བདེ་ཡང་བཏགས་དོན་བཙལ་ན་རྙེད་པར་འདོད་དགོས་པས་གཤིས་ཀྱིས་འདོད་དགོས་པར་སྣང་ངོ༌། །རྩ་བར་འདོད་མི་ནུས་ཏེ། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། རྟགས་ཡང་དག་མ་ཡིན་པའི་ཤེས་བྱ་མེད་པའི་ཕྱིར། མ་གྲུབ་ན། འོ་ན། རྟགས་ཡང་དག་མ་ཡིན་པའི་བྱས་པ་དེ་རྟགས་ཡང་དག་མ་ཡིན་པའི་ཀ་བུམ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། རྟགས་ཡང་དག་མ་ཡིན་པའི་བྱས་སོགས་ཡོད་པའི་ཕྱིར། འདོད་ན། རྟགས་ཡང་དག་མ་ཡིན་པའི་བྱས་པ་ཆོས་ཅན། རྟགས་ཡང་དག་ཡིན་པར་ཐལ། རྟགས་ཡང་དག་མ་ཡིན་པའི་ཀ་བུམ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག །བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་མ་བཀོད་པའི་ཚེ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དང་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ཟེར་ན། འོ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་མ་བཀོད་པའི་ཚེའམ་དུས་ཡོད་པར་ཐལ། དེའི་ཚེ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དང་རྟགས་སུ་བཀོད་པ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་དང་འདོད་ན་གཉིས་ཀ་ལ་འོ་ན། རི་བོང་རྭའི་དུས་སུ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དང་རྟགས་སུ་བཀོད་པ་ཡོད་པར་ཐལ་ལོ། །དེ་ལ་མ་ཁྱབ་པའམ་འདོད་པ་དེའི་ཕྱིར། འདི་དམ་བཅའ་དང་དངོས་འགལ་ཡིན་བྱས་པ་ལ་ཁོ་ན་རེ། བྱས་པ་དེ་སྒྲུབ་ཀྱི་རྟགས་སུ་མ་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། རྟགས་སུ་བཀོད་པར་ཐལ། བདག་མེད་ཡིན་པའི་ཕྱིར་ན་སྦྱོར་ལུགས་སྐྱོན་ཅན་ནོ། །འོ་ན། རི་བོང་རྭའི་དུས་སུ་བྱས་པ་ཆོས་ཅན། རྟགས་སུ་བཀོད་པར་ཐལ། བདག་མེད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་རྟགས་སུ་བཀོད་མཁན་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། རི་བོང་རྭའི་དུས་སུ་སྒྲ་ཆོས་ཅན། ཁྱོད་རྟག་མི་རྟག་རྩོད་མཁན་ཡོད་པར་ཐལ། ཁྱོད་མི་རྟག་པར་སྒྲུབ་མཁན་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྦྱོར་སྐོར་གཅིག་གི་ཚུལ་གསུམ་མ་ཚང་བ་དེ་སྦྱོར་སྐོར་གཅིག་གི་གཏན་ཚིགས་ལྟར་སྣང་གི་མཚན་ཉིད་ཟེར་ན། རི་བོང་རྭ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་པར་ཐལ་ལོ། །བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཚང་བ་ཡིན་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། བྱས་པ་དང་གཅིག་ཏུ་ཐལ་ལོ། །འདོད་པའི་ཕྱིར།

           གཉིས་པ་རང་ལུགས་ལ། སྒྲ་མི་རྟག་སྒྲུབ་ལྟ་བུར་སྦྱར་ནས་མཚན་ཉིད་དང༌། དབྱེ་བ་དང༌། དམ་བཅའ་བཞག་པ་གསུམ་ལས། དང་པོ་ནི། སྒྲ་མི་རྟག་སྒྲུབ་ལ་རྟགས་སུ་བཀོད་ཀྱང་ཚུལ་གསུམ་མ་ཡིན་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་གི་མཚན་ཉིད། མ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་ཀྱང་ཚུལ་གསུམ་མ་ཚང་བ་དེ། མ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་གི་མཚན་ཉིད། གཉིས་པ་དབྱེ་བ་ནི། འདིར་བསྟན་རྟགས་ལྟར་སྣང་ལ་མ་གྲུབ་པའི་རྟགས་དང༌། འགལ་བའི་རྟགས་དང་མ་ངེས་པའི་རྟགས་གསུམ་ཡོད། དང་པོ་ལ་མཚན་ཉིད་ནི། སྒྲ་རྟག་སྒྲུབ་ལྟ་བུའི་རྟགས་སུ་བཀོད་ཀྱང་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པའི་ཆ་ནས་བཞག་པའི་རྟགས་དེ་དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་ལྟར་སྣང་གི་མཚན་ཉིད། དབྱེ་ན་དོན་ལ་ལྟོས་ནས་མ་གྲུབ་པའི་རྟགས་དང༌། བློ་ལ་ལྟོས་ནས་མ་གྲུབ་པའི་དེ་དང༌། རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་དེ་དང་གསུམ་ཡོད། དེའི་དང་པོ་ལ་ཡང༌། རྟགས་ཀྱི་ངོ་བོ་མི་སྲིད་ནས་མ་གྲུབ་པའི་དེ་དང༌། ཆོས་ཅན་གྱི་ངོ་བོ་མི་སྲིད་ནས་མ་གྲུབ་པའི་དེ་དང༌། གཞི་རྟགས་ཀྱི་འབྲེལ་བ་མི་སྲིད་ནས་མ་གྲུབ་པའི་དེ་དང༌། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མི་སྲིད་པའི་དེ་དང༌། ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མི་སྲིད་ནས་མ་གྲུབ་པའི་རྟགས་ལྔ་ཡོད། བློ་ལ་ལྟོས་ནས་མ་གྲུབ་པ་དྲུག་བཤད་དེ། ཐེ་ཚོམ་ཟ་ནས་མ་གྲུབ་པ་ལ་ཆོས་ཅན་ལ་དང་རྟགས་ལ་དང༌། དེ་གཉིས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་གསུམ་དང༌། ཤེས་འདོད་ལ་ལྟོས་ནས་གཞི་རྟགས་ཐ་དད་མེད་པའི་དང༌། གཞི་ཆོས་ཐ་དད་མེད་པའི་དང༌། ཆོས་རྟགས་ཐ་དད་མེད་ནས་མ་གྲུབ་པ་གསུམ་སྟེ་དྲུག་བཤད་པའི་ཕྱིར། རྒོལ་བ་ལ་ལྟོས་ནས་གསུམ་བཤད་དེ། སྔ་རྒོལ་ལ་ལྟོས་ནས་དང༌། ཕྱི་རྒོལ་ལ་ལྟོས་ནས་དང། གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའི་རྟགས་ཏེ་གསུམ་བཤད་པའི་ཕྱིར། དེ་ཐམས་ཅད་མ་གྲུབ་པའི་རྟགས་ལྟར་སྣང་དུ་འགྱུར་ཚུལ་ཡང༌། རིགས་ཐིགས་ལས། སྨྲས་ཀྱང་གོ་བར་བྱ་བ་དང་གོ་བར་བྱེད་པ་གཉིས་ལ་མ་གྲུབ་པ་འམ་ཐེ་ཚོམ་ཟ་ན་ཡང་ངོ༌། །ཆོས་ཅན་དང་འབྲེལ་བའི་ཚུལ་གཅིག་མ་གྲུབ་པའམ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འགལ་བའི་རྟགས་ལ་མཚན་ཉིད་ནི། བྱས་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་ལ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་དེ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་འགལ་རྟགས་ཀྱི་མཚན་ཉིད་ཡིན་ཏེ། དེས་རིགས་པ་འགྲེ །དེ་ལ་དུ་མ་བཤད་དེ། ཆོས་ཀྱི་ངོ་བོ་འགོག་པ་དང༌། ཆོས་ཅན་གྱི་ངོ་བོ་འགོག་པ་དང༌། ཆོས་ཀྱི་ཁྱད་པར་འགོག་པ་དང༌། ཆོས་ཅན་གྱི་ཁྱད་པར་འགོག་པ་བཞི་བཤད་པའི་ཕྱིར་ཏེ། འདི་དག་ཆོས་ཅན་གྱི་སྟེང་དུ་ཆོས་ཀྱི་ཁྱད་པར་འགོག་པ་སོགས་འདྲ་ཡང་གཞན་གྱི་འདོད་པ་འགོག་ཚུལ་གྱི་སྦྱོར་བའི་དབྱེ་བ་ཙམ་ཡིན་པའི་ཕྱིར་ཏེ། ཕྱོགས་གླང་གིས་འདི་ནི་ཆོས་ཅན་གྱི་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་ལས་འགལ་བ་ཡིན་ནོ་ཞེས་དང༌། དེ་ཉིད་ལས། དེ་ཕྱིར་དེ་ནི་ལྟོས་ནས་ཆོས་དག་དང༌། ཆོས་ཅན་ཁྱད་པར་ཡིན་པར་བརྗོད་ཅེས་དང༌། རྣམ་ངེས་ལས་ཀྱང༌། རྣམ་པར་བཞག་པ་ཙམ་ཞིག་ཐ་དད་པ་ཡིན་གྱི་དོན་མ་ཡིན་ནོ་ཞེས་སོ།  །མ་ངེས་པའི་རྟགས་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། སྒྲ་མི་རྟག་སྒྲུབ་ལ་ཉན་བྱ་རྟགས་སུ་བཀོད་པ་ལྟ་བུའི་ཁྱོད་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ཅིང་ཕྱོགས་ཆོས་གྲུབ་ཀྱང་དེ་སྒྲུབ་ཀྱི་ཁྱབ་པ་སྐབས་ཀྱི་ཕྱི་རྒོལ་གྱིས་མ་ངེས་པའི་རྟགས་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དབྱེ་ན། ཐུན་མོང་མ་ཡིན་པའི་མ་ངེས་པ་དང༌། ཐུན་མོང་བའི་མ་ངེས་པ་གཉིས། དང་པོ་ལ། གོ་དོན་ནི། དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་སོང་བའི་ཕྱི་རྒོལ་གྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ལའང་མ་མཐོང་བའི་རྟགས་དེ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཀྱི་དོན་དུ་བཤད། དེ་ལ་གསུམ་ཡོད་དེ། མཐུན་ཕྱོགས་ཁོ་ནར་ཡོད་ཀྱང་གཉིས་ཀར་མ་མཐོང་བའི་ཐུན་མོང་མ་ཡིན་པའི་མ་ངེས་པ་སྒྲ་མི་རྟག་སྒྲུབ་ལ་ཉན་བྱ་ལྟ་བུ་དང༌། ཕྱོགས་གཉིས་ཀར་ཡོད་ཀྱང་གཉིས་ཀར་མ་མཐོང་བའི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཕ་རོལ་པོ་ལྷ་ལས་ཚེ་འཕོས་པར་སྒྲུབ་པ་ལ་མིག་ལྡན་ལྟ་བུ་དང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་ཀྱང་ཕྱོགས་གཉིས་ཀར་མ་མཐོང་བ་སྒྲ་རྟག་སྒྲུབ་ལ་ཉན་བྱ་ལྟ་བུ་གསུམ་ཡོད་པའི་ཕྱིར།

          ཐུན་མོང་བའི་མ་ངེས་པའི་རྟགས་ལ། གོ་དོན། དབྱེ་བ་གཉིས། དང་པོ་ནི། སྒྲ་རྟག་སྒྲུབ་ལ་གཞལ་བྱ་བཀོད་པ་ལྟ་བུའི་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཕྱོགས་གཉིས་གང་རུང་ལ་ཡོད་པར་ངེས་པའི་མ་ངེས་པའི་རྟགས་དེ། དེ་སྒྲུབ་ཀྱི་ཐུན་མོང་གི་མ་ངེས་པའི་རྟགས་ཀྱི་གོ་དོན། དབྱེ་ན། དངོས་ཀྱི་མ་ངེས་པ་དང་། ལྷག་ལྡན་གྱི་མ་ངེས་པ་གཉིས། དང་པོ་ལ་གོ་དོན་དང༌། དབྱེ་བ་གཉིས། དང་པོ་ནི། དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་བཀོད་པ་ལྟ་བུའི་རང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཕྱོགས་གཉིས་ཀར་ཡོད་པར་ངེས་པའི་མ་ངེས་པའི་རྟགས་དེ། དེ་སྒྲུབ་ཀྱི་ཐུན་མོང་གི་དངོས་ཀྱི་མ་ངེས་པའི་རྟགས་ཀྱི་དོན་ནོ། །ཕྱེ་ན་བཞི་ཡོད་དེ། ཕྱོགས་གཉིས་ཀར་ཁྱབ་བྱེད་དུ་འཇུག་པ་དང༌། དེ་གཉིས་ལ་ཆ་གཉིས་སུ་འཇུག་པ་དང༌། མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་དང༌། མི་མཐུན་ཕྱོགས་ལ་ཁྱབ་བྱེད་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་བཞི་ཡོད་པའི་ཕྱིར། ལྷག་ལྡན་ལ་ཡང་དག་དང་འགལ་བ་ལྷག་ལྡན་གཉིས་སོགས་འཆད་པར་འགྱུར་རོ།  །ལྟར་སྣང་ལ་འགལ་མ་ངེས་མ་གྲུབ་པ་གསུམ་དུ་བྱེད་པའི་རྒྱུ་མཚན་ཡོད་དེ། རྗེས་ཁྱབ་ཀྱི་མཚན་ཉིད་སྟོན་པར་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཞེས་པའི་མཐུན་ཕྱོགས་ལ་ཡོད་པ་དང༌། དེ་ཁོ་ནར་ཡོད་པ་དང༌། དེ་ལ་ཡོད་པར་ངེས་པ་དང༌། དེ་ཁོ་ན་ལ་ཡོད་པར་ངེས་པ་འབྱུང་བས་དེ་བཞིས་བསལ་བྱ་རིམ་བཞིན་དུ་མཐུན་ཕྱོགས་ལ་མེད་པ་དང་མི་མཐུན་ཕྱོགས་ལ་ཡང་ཡོད་པའི་དོན་སྐྱོན་གཉིས། བློ་སྐྱོན་དེ་ལྟར་ཐེ་ཚོམ་པ་གཉིས་དང་བཞི་བསལ་ཞིང་སེལ་བྱའི་རྟགས་ལྟར་སྣང་བཞི་ཡོད་ཅིང༌། འདིར་འགལ་རྟགས་བསལ་བྱའི་གཙོ་བོར་བཤད། ལྡོག་ཁྱབ་ཀྱི་མཚན་ཉིད་སྟོན་པ་ན་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་ཞེས་པའི་མི་མཐུན་ཕྱོགས་ལ་མེད་ཙམ་དང་དེ་ལ་མེད་པ་ཁོ་ནར་དང༌། དེ་ལ་མེད་པར་ངེས་པ་དང༌། དེ་ལ་མེད་པ་ཁོ་ནར་ངེས་པ་བཞིས་བསལ་བྱ་བཟློག་ཟླའི་དོན་སྐྱོན་གཉིས་དང༌། དེ་ལྟར་འཛིན་པའི་ཐེ་ཚོམ་གཉིས་དང་བཞི་སེལ་བས་དེ་ལྡན་གྱི་རྟགས་མ་ངེས་པ་བཞི་ཡོད་ཀྱང་འགལ་བའི་རྟགས་ཀྱང་ཡོད། ཕྱོགས་ཆོས་ཀྱི་མཚན་ཉིད་སྟོན་པ་ན་རྗེས་སུ་དཔག་བྱ་ལ་ཡོད་པ་ཁོ་ནར་ངེས་པ་ཞེས་པས། དེ་ལ་ཡོད་པ་དང༌། དེ་ལ་ཡོད་པ་ཁོ་ན་དང་། དེ་ལ་ཡོད་པར་ངེས་པ་དང༌། དེ་ལ་ཡོད་པ་ཁོ་ནར་ངེས་པ་བཞིས། རྩོད་གཞི་ལ་གཏན་མེད་དང༌། དེ་ལ་ཡོད་ཀྱང་ཁྱབ་བྱེད་དུ་མེད་པའི་དོན་སྐྱོན་གཉིས་དང༌། དེ་གཉིས་སུ་དོགས་པའི་ཐེ་ཚོམ་རེ་རེ་སྟེ་བཞི་སེལ་བས། དེ་ལྡན་གྱི་མ་གྲུབ་པའི་རྟགས་རྣམས་ནི་བཟློག་ཟླ་ཡིན་པས་རྟགས་དེ་དེ་སྒྲུབ་ཀྱི་རྟགས་ལྟར་སྣང་མ་ཡིན་པར་མ་ངེས་པར་རྟགས་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ངེས་པ་མི་སྲིད་པའི་ཕྱིར་ཏེ། དེས་ན་འདིར་ལྟར་སྣང་རྗེས་སུ་བཤད་པ་ནི་ཚད་མས་ངེས་པའི་གོ་རིམ་མ་ཡིན་གྱི་སྡེབ་སྦྱོར་རམ་བཤད་པའི་དབང་ཙམ་ཡིན་པའི་ཕྱིར། རྣམ་བཤད་ལས་སྔ་མ་གསུམ་གྱི་རྗེས་སུ་རྐང་པ་སྨོས་པ་དོན་མེད་དོ་ཞེ་ན། ཡང་དག་དང་ལྟར་སྣང་སོ་སོར་ཤེས་པའི་དོན་དང་སྡེབ་སྦྱོར་གྱི་དབང་ལས་ཐ་མར་བསྟན་གྱི་ཚད་མས་ངེས་པའི་རིམ་པ་ལས་ཞེས་པ་ནས། ལྟར་སྣང་ཚུལ་གསུམ་དང་མི་ལྡན་པར་མ་ངེས་པར་ཚུལ་གསུམ་ཡང་དག་ཁོ་ན་ལ་ཡོད་པར་མི་ངེས་སོ། །ཞེས་གསུངས་པའི་ཕྱིར། འདི་དག་གོ་ཐོབ་བྱས་ལ་རྩོད་ཚེ་གཞི་ལ་སྦྱོར་ཤེས་པར་གྱིས། མཚན་ཉིད་ཀྱང་གཞི་ལ་སྦྱོར་ཅིག །

           གསུམ་པ་དམ་བཅའ་བཞག་པ་ནི། སྒྲ་རྟག་སྒྲུབ་ལྟ་བུའི་འགལ་རྟགས་ཡིན་ན། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་སོང་བའི་ཕྱི་རྒོལ་གྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ནར་ཡོད་པས་དངོས་ཁྱབ་ཕྱིན་ཅི་ལོག་ཏུ་སོང་བ་དང༌། དེ་ངེས་ན་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པའི་གང་ཟག་ཡིན་པས་ཁྱབ། སྒྲ་རྟག་སྒྲུབ་ལྟ་བུའི་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་དེ་སྒྲུབ་ཀྱི་ཁྱབ་པ་གཉིས་ཕྱིན་ཅི་ལོག་ཏུ་གྲུབ་པས་ཁྱབ་ཅིང༌། དེ་སྒྲུབ་ཀྱི་འགལ་ཟླར་སྒྲུབ་པའི་རྟགས་ཡང་དག་ཡིན་པས་ཁྱབ། རྟགས་དེ་ཁྱོད་ཀྱི་བློ་ངོར་ཕྱོགས་ཆོས་ཀྱི་བསལ་བྱའི་དོན་སྐྱོན་བློ་སྐྱོན་བཞི་གང་རུང་ཞུགས་ན་ཁྱོད་ཀྱི་ངོར་རྟགས་དེ་དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་ཡིན་པས་ཁྱབ། དེས་གཞན་ཡང་ཤེས་པར་གྱིས། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། གཞལ་བྱ་ཆོས་ཅན། གཏན་ཚིགས་ལྟར་སྣང་ཡིན་པར་ཐལ། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། དེར་ཐལ། སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རྟགས་ཡང་དག་ཡིན་པའི་ཕྱིར།

 སྨྲས་པ།

གངས་ཅན་རྟོག་གེའི་དབང་ཕྱུག་བརྒྱ་ཕྲག་གིས། །

ལུང་རིགས་རྣོན་པོའི་རལ་གྲིས་མ་ཆོད་པའི། །

ཡང་དག་ལྟར་སྣང་རྟགས་ལ་སོམ་ཉིའི་སྒྲོག །

ཟླ་བྲལ་རིགས་པའི་རྡོ་རྗེས་དུམ་བརྒྱར་བྱས། །

                  ཡུལ་ཀུན་ཁྱབ་ཀྱང་མི་མཐོང་གཤིས་ལུགས་དང༌། །མགྲིན་མཚོར་གནས་ཀྱང་མྱང་དཀའི་སྙན་ཚིག་དག །སྟོབས་འབྱོར་དྲེགས་པས་ཐོབ་མིན་མཁས་པའི་རྒྱན། །སྨྲ་སྟོན་མས་བྱིན་ཨ་ཧོ་འདི་སྐལ་བཟང༌། །གསལ་གསལ་དྲི་བྲལ་ཐམས་ཅད་མཁྱེན་བློ་བཞིན། །ལྷོད་ལྷོད་མ་འཁྲུལ་ཀུ་ཤའི་རྩེ་མོ་ལྟར། །འགྲིགས་འགྲིགས་ཚིག་དང་རིགས་པ་རྡུལ་གྲངས་ཀྱིས། །ཞིབ་ཞིབ་དཀའ་གནད་མ་ལུས་ངས་འདིར་ཕྱེ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                                                                                                                    རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།