ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་གཏན་ཚིགས་ཡང་དག་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-06 21:56:51     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

90826978328408125.jpg

                  གསུམ་པ་རྟགས་ཡང་དག་གི་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། རིགས་གཏེར་ལས། ཚུལ་གཅིག་ནས་ནི་དྲུག་གི་བར། །ཞེས་གསུངས་ཀྱང་ཚུལ་སོ་སོའི་ངོས་འཛིན་དང་འདོད་ཚུལ་མ་བཤད་པས་མཁས་བླུན་དུ་མས་རྣམ་རྟོག་འཁྲུལ་བའི་དྲ་བ་སྣ་ཚོགས་བྱས་ཏེ། ཁ་ཅིག །ཚུལ་དེ་ལྟར་འཕགས་ཡུལ་དུ་མ་གྲགས་ཟེར་སྐད། འོ་ན། འཕགས་ཡུལ་དུ་ཚུལ་གཅིག་ནས་དྲུག་གི་བར་འདོད་པར་བཤད་པའི་རྒྱ་གཞུང་རྣམ་དག་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འཁོར་གསུམ། འདོད་ན། མཁས་གྲུབ་ཆེན་པོ་དགྲ་ལས་རྒྱལ་བའི་བྱིས་པ་འཇུག་པའི་རྟོག་གེ་ལས། ཚུལ་གསུམ་པའི་རྟགས་སྨོས་པས་ནི། ཚུལ་གཅིག་དང༌། གཉིས་དང༌། བཞི་དང༌། ལྔ་དང༌། དྲུག་ལས་སྐྱེས་པའི་ཤེས་པའི་རྗེས་སུ་དཔག་པ་ཉིད་ཕྱིར་བཟློག་གོ །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ། དེ་བཞིན་དུ་ཞི་འཚོ་ཡབ་སྲས་གསུང་དང་འགལ་བ་འཆད་པར་འགྱུར་རོ། །འོ་ན་འདི་དག་འདོད་མཁན་དང་ཚུལ་སོ་སོར་འདྲེན་ཚུལ་ཇི་ལྟར་སྙམ་ན། འདི་ལ་རིགས་གཏེར་རང་འགྲེལ་མཁན་པོའང་མགོ་བོ་མགལ་མེ་ལྟར་འཁོར་བར་མཐོང་ལ། རེ་ཞིག་འདི་ལྟར་ཁ་ཅིག །ཚུལ་རེ་རེ་འདོད་མཁན་དང་བཞི་སོགས་འདོད་མཁན་འགལ་ཟེར། ལ་ལས་གཞུང་འདིར་ཚུལ་གསུམ་མ་སྨོས་པས་ཚུལ་གསུམ་འདོད་ཚུལ་མཐུན་ཟེར་ན། དང་པོ་ནི། རིགས་གཏེར་རང་འགྲེལ་ལས། ཡང་རིག་པ་ཅན་པ་འགའ་ཞིག་ཆོས་ཅན་ལ་གྲུབ་པ་སྔ་མ་ཅན་དང༌། མཐུན་ཕྱོགས་ལ་ཡོད་པ་ལྷག་མ་ཅན་དང༌། མི་མཐུན་ཕྱོགས་ལ་མེད་པ་སྤྱི་ལ་མཐོང་བ། མངོན་སུམ་དང་ལུང་གཉིས་ཀྱིས་མི་གནོད་པ་འགལ་བ་མེད་པ་སྟེ་ཚུལ་བཞི་ཞེས་དང༌། ཡང་ཚུལ་གསུམ་དང་དེ་ཤེས་པ་སྟེ་ཚུལ་བཞིར་འདོད་པ་འདི་མི་འཐད་པར་ཐལ། སྔ་མ་ཅན་དང༌། ལྷག་མ་ཅན་དང༌། སྤྱིར་མཐོང་ཅན་ཞེས་པ་གསུམ་ནི་གཏན་ཚིགས་ཐ་དད་པ་གསུམ་དང་རྗེས་དཔག་གསུམ་གྱི་མིང་ཡིན་གྱི་གཏན་ཚིགས་གཅིག་གི་ཚུལ་སོ་སོ་ལ་མིང་དེ་ལྟ་བཏགས་པ་མ་ཡིན་པའི་ཕྱིར། དཔེར་ན་འབྲས་རང་མི་དམིགས་པ་ཞེས་པ་གསུམ་རྟགས་གསུམ་ལ་བྱེད་ཀྱི་རྟགས་གཅིག་གི་ཚུལ་གསུམ་སོ་སོའི་མིང་མ་ཡིན་པ་བཞིན་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་ཕྱོགས་གླང་སོགས་མཁས་པ་དུ་མས་བཤད་པའི་ཕྱིར། ཚད་མ་མདོ་ལས། རིག་པ་ཅན་རྣམས་ན་རེ། དེ་སྔོན་དུ་སོང་བ་ཅན་གྱི་རྗེས་སུ་དཔག་པ་ནི་གསུམ་སྟེ། སྔ་མ་དང་ལྡན་པ་དང༌། ལྷག་མ་དང་ལྡན་པ་དང༌། སྤྱིར་མཐོང་བ་ཅན་ནོ་ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་པར་ཐལ། སྔ་མ་དང་ལྡན་པ་ཅན་ཞེས་པའི་ལྡན་པའི་སྒྲ་མཚུངས་པའི་དོན་ལ་བྱས་ན་རྒྱུ་ལས་འབྲས་བུ་རྟོགས་པའི་རྗེས་དཔག་ལ་བྱེད་དགོས་པ་གང་ཞིག །མཚུངས་སྒྲ་མི་སྦྱོར་ན་རྒྱུས་འབྲས་བུ་དཔོག་པ་ལ་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། འདིའི་འགྲེལ་བཤད་ཡངས་པ་དང་དྲི་མ་མེད་པ་རྒྱལ་དབང་བློས་མཛད་པ་ལས། སྔ་མ་དང་མཚུངས་པ་ནི་སྔ་མ་དང་འདྲ་བ་སྟེ་ཇི་ལྟར་འབྲེལ་བའི་དུས་ན་མངོན་སུམ་གྱིས་དངོས་པོ་རྟོགས་པ་དེ་ལྟ་ཁོ་ནར། དུས་ཕྱིས་རྟགས་མཐོང་བ་ལས་ཀྱང་དེ་ལས་ཤེས་པ་ཉེ་བར་སྐྱེ་སྟེ། དེའི་ཕྱིར་དེ་ནི་སྔ་མ་དང་འདྲ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྐད་དུ་དར་ཊིཀ་ལས་ཀྱང༌། མངོན་སུམ་གྱིས་རྟགས་ཆོས་དང་དེའི་འབྲེལ་བ་གཟུང་བའི་དེ་མ་ཐག །རྟགས་ཙམ་མཐོང་བའི་རྟགས་ཅན་རྟོགས་པའི་རྗེས་དཔག་སྔ་མ་མངོན་སུམ་དང་མཚུངས་པའི་སྔ་མ་དང་འདྲ་བ་དང༌། སྔ་མ་ཅན་ཞེས་ཀྱང་བྱ་ལ་ཞེས་གསུངས་པའི་ཕྱིར། འདི་ལ་བོད་གཞན་ཡང་འཁྲུལ་བ་མཐོང་ངོ༌། །རྟགས་གཉིས་པ་གྲུབ་སྟེ། འདིའི་འགྲེལ་བཤད་ལས། ཡང་ན་སྔོན་མ་ནི་རྒྱུ་སྟེ། དེ་འདིའི་ཡོད་དོ་ཞེས་པས་སྔོན་མ་དང་ལྡན་པ་སྟེ་འབྲས་བུའོ། །ཞེས་པ་ནས། གང་རྒྱུ་ལས་འབྲས་བུ་རྗེས་སུ་དཔོག་པའོ། །ཞེས་དང༌། ཤཱཀྱས། རིག་པ་ཅན་པའི་མཚན་ཉིད་ནི་སྔ་མ་དང་ལྡན་པ་དང༌། ལྷག་མ་དང་ལྡན་པ་དང༌། སྤྱིར་མཐོང་བ་ཞེས་སྨྲ་བ་ལ། རྒྱུས་འབྲས་བུ་རྗེས་སུ་དཔག་པ་ནི་སྔ་མ་དང་ལྡན་པ་སྟེ་ཞེས་གསུངས་པ་ལྟ་བུ་ཤིན་ཏུ་མང་བའི་ཕྱིར་དང༌། ལྷག་མ་དག་ཀྱང་གཞན་དུ་བཤད་ཡོད་དོ། །དེས་ན་རིགས་གཏེར་རང་འགྲེལ་མཁན་ནི་འོལ་ཚོད་པ་གཅིག་སྟེ་ཆོས་རྗེ་པཎ་ཆེན་ག་ལ་ཡིན་ཞིང༌། ཡིན་ནའང་ཤིན་ཏུ་འཁྲུལ་ལོ། །རྒྱས་པར་མ་སྤྲོས།

                  གཞན་ཡང༌། ཚུལ་རེ་རེ་འདོད་པ་དང་ཚུལ་བཞི་སོགས་འདོད་པ་མི་འགལ་བར་ཐལ། མུ་སྟེགས་སྣོད་ཀྱི་རྗེ་དེ་གཞན་དུ་མི་འཐད་པ་ཞེས་བྱ་བའི་ཚུལ་གཅིག་ཀྱང་འདོད་པ་དང༌། དེའི་ཤུགས་ལ་འཕངས་པའི་ཕྱོགས་ཆོས་སོགས་གསུམ་བསྣན་པའི་རྟགས་མཚན་ཉིད་བཞི་པ་ཡང་འདོད་པ་དང༌། གཞན་དུ་མི་འཐད་པ་ལས་ཕྱོགས་ཆོས་སོགས་མེད་པའི་མཚན་ཉིད་གཅིག་པ་འདོད་པ་དང༌། དེའི་སྟེང་དུ་རིགས་མཐུན་གྲུབ་པས་མཚན་ཉིད་གཉིས་པ་དང༌། ཡང་ན་དེའི་རིགས་མི་མཐུན་གྲུབ་པའི་མཚན་ཉིད་གཉིས་པ་དང༌། ཡང་གཞན་དུ་མི་འཐད་པ་དང༌། རིགས་མཐུན་ལ་འཇུག་པ་དང༌། བསྒྲུབ་བྱའི་མི་མཐུན་ཕྱོགས་ལས་ལྡོག་པ་ཞེས་བྱ་བའི་ཚུལ་གསུམ་ཡང་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་ཆེན་ལེའུ་ཉེར་གཉིས་པ་ལས། གཞན་དུ་མི་འཐད་པ་ཉིད་ནི། །གང་འདི་གཏན་ཚིགས་ཡིན་པར་འདོད། །ཅེས་དང༌། དེའི་དཀའ་འགྲེལ་ཀ་ཤཱིས་མཛད་པ་ལས། གཞན་དུ་ཞེས་བྱ་སྟེ། གཏན་ཚིགས་བསྒྲུབ་བྱ་མེད་ན་མི་འཐད་པ་སྟེ། བསྒྲུབ་བྱ་ཁོ་ན་ལ་ཡོད་པ་ཞེས་བྱ་བའི་དོན་ཏོ་ཞེས་དང༌། ཡང་དེ་ཉིད་ལས། ཤུགས་ཀྱིས་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་གསུམ་པོ་འདི་ཉིད་ཀྱིས་འཕེན་པའི་ཕྱིར། མཚན་ཉིད་བཞི་པ་ཡང་ཡིན་ལ་རགས་པའམ། ཞེས་གསུངས་པའི་ཕྱིར། འདིས་ནི་དངོས་སུ་ཕྱོགས་ཆོས་སོགས་མི་འདོད་ཀྱང་ཤུགས་ལ་ཁས་བླངས་པས་རྟགས་ཚུལ་བཞིར་སོང་ཞེས་པའོ། །རྟགས་གཉིས་པ་གྲུབ་སྟེ། དཀའ་འགྲེལ་དེ་ཉིད་ལས། གང་གི་ཕྱིར་འགའ་ཞིག་ཏུ་མཚན་ཉིད་གཅིག་པ་ཅན་ནམ་མཚན་ཉིད་གཉིས་པ་ཅན་ནམ་མཚན་ཉིད་གསུམ་པ་ཅན་ཡང་རིགས་ཏེ། འདི་ལྟར་གཞན་དུ་མི་འཐད་པ་ཉིད་གཅིག་པོ་དེས་མཚན་ཉིད་གཅིག་ཅེས་བསྟན་ལ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྟགས་མི་འདྲ་བ་གསུམ་འཆད་པའི་དང་པོའི་མཚན་གཞི་ཚུལ་གཅིག་པ་ཕྱི་མས་བཤད་པའི་ཕྱིར་རོ། །རྟགས་གསུམ་པ་དང༌། བཞི་པ་གཉིས་གྲུབ་སྟེ། དེ་ཉིད་ལས། གཞན་དུ་མི་འཐད་པ་དང་ལྷན་ཅིག་པའི་རིགས་མཐུན་པ་ལ་གྲུབ་པ་དང༌། རིགས་མི་མཐུན་པ་ལས་ལྡོག་པ་མངོན་པར་དཔྱད་ནས་མཚན་ཉིད་གཉིས་པའོ་ཞེས་གསུངས་པའི་ཕྱིར། རྟགས་ལྔ་པ་གྲུབ་སྟེ། དེ་ཉིད་ལས། གཞན་དུ་མི་འཐད་པ་ཉིད་དང༌། རིགས་མཐུན་པ་ལ་འཇུག་པ་དང༌། བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཞེས་བྱ་བའི་མཚན་ཉིད་གསུམ་ཡིན་གྱི། ཕྱོགས་ཀྱི་ཆོས་ལ་སོགས་པའི་མཚན་ཉིད་གསུམ་དང་ལྡན་པས་ནི་གཏན་ཚིགས་མཚན་ཉིད་གསུམ་དུ་མི་འདོད་དེ་ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་ལྟར་འདོད་མཁན་མི་འགལ་བར་ཐལ། ཚུལ་གཅིག་དང་ཚུལ་བཞི་དང་ཚུལ་དྲུག་རིག་པ་ཅན་དང་དཔྱོད་པ་བས་ཀྱང་འདོད་དེ། གཏན་ཚིགས་ཐིགས་པ་ལས། གཞན་དག་གཏན་ཚིགས་མཚན་ཉིད་དྲུག་པའོ་ཞེས་ཟེར་ཏེ། གསུམ་པོ་དེ་དག་དང༌། གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་དང༌། ཤེས་པ་ཉིད་ཅེས་བྱ་བ་ཡིན་ནོ་ཞེས་དང༌། དེའི་འགྲེལ་པར་ཨ་ཙ་ཊས་ཀྱང་རིག་པ་ཅན་དང་དཔྱོད་པ་བ་ལ་སོགས་པས་བསམ་པ་གཏན་ཚིགས་གཅིག་ཏུ་ཡོད་ཀྱང་ཚུལ་དྲུག་ཏུ་འདོད་པས་གསུམ་པོ་དེ་དག་དང་ཞེས་བྱ་བ་སྨོས་ཏེ་ཞེས་སོགས་གསུངས་པའི་ཕྱིར། དེས་ན་དེ་དག་གི་རིགས་པར་བརྟེན་ནས་ཚུལ་ལྔ་པ་དང་དྲུག་པ་རང་སྡེའི་སློབ་དཔོན་དབང་ཕྱུག་སྡེ་ཡང་འདོད་ལ། ཚུལ་རེ་རེ་བ་དང་གཉིས་གཉིས་པ་ཅན་འདོད་མཁན་བྱེ་རིག་དག་ཡོད་ཚུལ་འོག་ཏུ་13འཆད་དེ། འདི་དག་ནི་རྟགས་མཐུན་ཕྱོགས་ལ་མཐོང་ཙམ་རྗེས་འགྲོ་དང༌། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ལྡོག་པར་སྨྲ་བས་ཞིབ་ཆ་མི་འདྲ་བའི་ཕྱིར། དེ་ལ་སྣོད་ཀྱི་རྗེ་སོགས་ཀྱིས་གཏན་ཚིགས་བསྒྲུབ་བྱ་དང་མེད་ན་མི་འབྱུང་བ་དེ་གཞན་དུ་མི་འཐད་པའི་དོན་དུ་འདོད་ཟེར་ན། འོ་ན། རྟགས་བསྒྲུབ་བྱ་ལས་མེད་ན་མི་འབྱུང་བ་སྒྲུབ་བྱེད་དང་གཞན་དུ་མི་འཐད་པ་བསྒྲུབ་བྱ་ཡིན་པའི་ཁྱད་པར་མི་འཐད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་མི་ནུས་ཏེ། ཀུན་བཏུས་འགྲེལ་བཤད་ལས། རྣམ་པ་གཞན་དུ་ཞེས་པ་བསྒྲུབ་པར་བྱ་བ་མེད་པར་ཞེས་པའི་དོན་ཏོ། །མི་འཐད་པ་ཉིད་ནི་རབ་ཏུ་ནུས་པ་མེད་པ། ཞེས་པ་ནས། མེད་ན་མི་འབྱུང་བ་ཉིད་ནི་བསྒྲུབ་པར་བྱ་བ་ལས་ཕྱི་རོལ་ཏུ་འདོད་ལ་རྣམ་པ་གཞན་དུ་མི་འཐད་པ་ཉིད་ནི་ཆོས་ཅན་ཁོ་ན་ལ་བསྒྲུབ་པར་བྱ་བའོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མེད་པ་ཞེས་པ་ཡན་ཆད་ཀྱིས་གཞན་དུ་དང་མི་འཐད་པའི་དོན་བཤད་ཅིང༌། ལྷག་མས་བསྒྲུབ་བྱ་དང་སྒྲུབ་བྱེད་ཡིན་པར་བཤད་པའི་ཕྱིར། དེས་ན་ཁོས་རྟགས་ཚུལ་དེ་གཅིག་པུས་ཆོག་པར་འདོད་པ་མི་འཐད་པར་ཐལ། རྟགས་དེ་ཆོས་ཅན་གྱི་ཁྱད་པར་མ་བཟུང་བར་སྤྱིའི་སྒོ་ནས་ཡིན་ནམ། ཆོས་ཅན་གྱི་ཁྱད་པར་བཟུང་ནས་ཡིན། ཆོས་ཅན་གྱི་ཁྱད་པར་ཡང་ཤེས་འདོད་ཀྱི་ཆོས་ཅན་ལ་ཡིན་ནམ་དཔེའི་ཡིན་བརྟགས་ན་མི་འཐད་པའི་ཕྱིར། དང་པོ་ལྟར་ན་མི་འཐད་པར་ཐལ། མིག་གི་གཟུང་བྱའི་རྟགས་ཀྱིས་སྒྲ་ལ་མི་རྟག་པ་ཉིད་གོའམ་སྒྲུབ་མི་ཐུབ་པའི་ཕྱིར། ཚད་ཆེན་ཉེར་གཉིས་པ་ལས། དེར་ནི་སྤྱི་ཡིས་རྟོགས་ཤེ་ན། །སྒྲུབ་པར་བྱ་བའི་ཆོས་ཅན་ལ། །གཏན་ཚིགས་ཡོད་པར་བསྟན་པ་ན། །བརྗོད་འདོད་གྲུབ་པ་མིན་པ་བསྟེན། །དཔེར་ན་མིག་གི་གཟུང་བྱ་ནི། །མི་རྟག་པ་ལ་འཁྲུལ་པ་ཉིད། །ཅེས་གསུངས་པའི་ཕྱིར། གལ་ཏེ་ཕྱོགས་ཆོས་ཁས་ལེན་ནོ་ཞེ་ན། ངེད་ཀྱི་ཚུལ་གསུམ་ཁྱོད་ཀྱང་འདོད་པར་ཐལ་ལོ། །གཞན་དུ་མི་འཐད་པ་དང་རྗེས་སུ་འགྲོ་ལྡོག་ཁས་བླངས་ཟིན་ཅིང་ཕྱོགས་ཆོས་ཀྱང་སླར་ཁས་བླངས་པའི་ཕྱིར། འདོད་ན། ཚུལ་གཅིག་པ་ཁོ་ན་མི་འཐད་པར་ཐལ་ལོ། །འདོད་པའི་ཕྱིར། དེ་ཉིད་ལས། དེ་ལ་ཆོས་ཅན་ཡོད་གྱུར་པར། །ཤེས་བྱ་ཞེ་ན་དེ་ལྟ་ན། །ཚུལ་གསུམ་པོ་ནི་ཁྱོད་དག་གི །གཞུང་ལུགས་ལ་ཡང་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་དང༌། དེའི་དཀའ་འགྲེལ་ལས། ཅི་སྟེ་ཇི་སྐད་དུ་བཤད་པའི་སྐྱོན་དུ་གྱུར་ན་མི་རུང་ངོ་སྙམ་པས་གཏན་ཚིགས་དེ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་བརྟེན་པ་དེ་ལྟ་ཡིན་ན་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གསུམ་པོ་དེ་ཉིད། ཁྱེད་ཅག་གི་ལྟ་བ་ལ་ཡང་འགྱུར་རོ་ཞེས་གསུངས་པའི་ཕྱིར། བརྟགས་པ་གཉིས་པ་ལྟར་ན་གཏན་ཚིགས་མ་གྲུབ་པར་ཐལ་བ་ནི། དེ་ཉིད་ལས། འོ་ན་དེ་ནས། བསྒྲུབ་བྱ་རྟོགས་པར་མ་གྱུར་ན། །གཏན་ཚིགས་ལ་ཡང་ངེས་པ་མེད། །སོགས་བྱུང༌།

(13) པར་ཐེངས་གཉིས་པ། འཆད་དོ། །

                 བརྟགས་པ་གསུམ་པ་དཔེའི་ཆོས་ཅན་ལ་གྲུབ་པ་ཟེར་ན། ཤེས་འདོད་ལ་དེ་ལྟར་འགྲུབ་པའི་ངེས་པ་མེད་པར་ཐལ། ཤེས་འདོད་ཆོས་ཅན་དང་ཐ་དད་པ་སྟེ་འགལ་བ་འདི་དཔེ་ཙམ་ལ་རྟགས་ཆོས་མེད་ན་མི་འབྱུང་གྲུབ་པའི་ཕྱིར། དེ་ཉིད་ལས། དཔེ་ཡི་ཡིན་ན་དེ་གྲུབ་ཀྱང༌། །བསྒྲུབ་བྱའི་ཆོས་ཅན་བློར་མི་འགྱུར། །དེ་ཡིས་ཐམས་ཅད་བསྡུས་པ་ལ། །ཁྱབ་པར་ངེས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སློབ་དཔོན་དབང་ཕྱུག་སྡེའི་གསུང་ལས། རྟགས་ཡང་དག་གི་མཚན་ཉིད་ཚུལ་དྲུག་པ་ཅན་གྱི་རྟགས་ཡིན་ཏེ། ཕྱོགས་ཆོས་དང༌། མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་འགྲོ་དང༌། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་དང༌། དམ་བཅའ་ལ་ཚད་མའི་གནོད་པ་མེད་པའི་ཡུལ་ཅན་དང༌། གྲངས་གཅིག་པ་ཅན་དང༌། ངེས་པའི་ཤེས་པ་ཉིད་དང་དྲུག་ཏུ་བཞེད། ཚུལ་སོ་སོའི་དཔྱད་པ་འོག་ཏུ་བྱ། འོ་ན་སློབ་དཔོན་ཕྱོགས་གླང་གིས་མདོར། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་དང༌། རྗེས་དཔག་བྱ་དང་དེ་མཐུན་ལ། །ཡོད་དང་མེད་ཉིད་ལ་མེད་པ། །ཞེས་གསུངས་པ་མི་འཐད་པར་ཐལ། རྟགས་ཡང་དག་གི་མཚན་ཉིད་འདིར་བཤད་པ་ལྟར་ཚུལ་གསུམ་གྱིས་མི་ཆོག་པའི་ཕྱིར་སོགས་བྱ། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་རྗེས་ཁྱབ་ཡིན་ན་ཤུགས་ལ་ལྡོག་ཁྱབ་གྲུབ་པས་ཚུལ་གཉིས་ཇི་ལྟར་མ་བྱས་ཞེ་ན། འཕགས་ཡུལ་དུའང་ལུགས་གསུམ་བྱུང་སྟེ། དང་པོ་ནི། སྔོན་གྱི་དབང་ཕྱུག་སྡེ་སོགས་རྟོག་གེ་རྒན་པོ་རྣམས་ན་རེ། དེའི་དགོས་པ་ཡོད་དེ། མི་མཐུན་ཕྱོགས་རྣམ་པ་གསུམ་སོ་སོར་ངེས་པའི་ཆེད་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་གཞན་པ་དང་བསྒྲུབ་བྱ་མེད་ཙམ་དང་འགལ་བ་གསུམ་སོ་སོར་ངེས་པའི་ཕྱིར། ཇི་སྐད་དུ་ཐར་འབྱུང་གི་རྟོག་གེ་སྐད་ལས། སྔོན་གྱི་རྒན་པོ་རྣམས་ནི་མི་མཐུན་ཕྱོགས་ངེས་པའི་དོན་དུའོ་ཞེའོ། །དེ་རྣམས་ཀྱང་མི་མཐུན་ཕྱོགས་གསུམ་ཁོ་ནར་འགྱུར་རོ་ཞེས་སེམས་ཏེ། ཞེས་སོགས་གསུངས་པའི་ཕྱིར། འདི་མི་འཐད་དེ། ཚུལ་གསུམ་སྒྲུབ་པར་མི་མཐུན་ཕྱོགས་གསུམ་ལྡོག་དགོས་ཀྱང་དེ་ཚུལ་གསུམ་བཤད་པའི་དགོས་པ་མ་ཡིན་པའི་ཕྱིར། འདི་རྣམ་ངེས་སུ་བཀག་གོ །གཉིས་པ་ནི་རྟོག་གེ་གཞན་དག་ན་རེ། སྦྱོར་བ་ངེས་པའི་དོན་དུ་ཡིན་པར་འདོད་དེ། དེ་ཉིད་ལས། སྦྱོར་བ་ངེས་པའི་དོན་དུའོ་ཞེས་ཁ་ཅིག་སྟེ་རྗེས་སུ་འགྲོ་བ་ཅན་གྱི་སྦྱོར་བའམ། ལྡོག་པ་དང་ལྡན་པ་གཅིག་ཁོ་ན་སྦྱར་བར་བྱ་ཡི་གཉིས་དག་ནི་མ་ཡིན་ནོ། །ཞེས་སོ། །དེང་དུས་འདི་ལྟར་འཆད་པ་མང་ངོ༌། །

                  གསུམ་པ་ནི་རྟོག་གེ་བ་ལ་ལ་ན་རེ། ཆོས་མཐུན་དཔེ་དང་མི་མཐུན་དཔེ་ལ་སྦྱོར་བ་བྱེད་ཚུལ་མཁས་པའི་ཆེད་ཡིན་ཞེས་འདོད་དེ། དེ་ཉིད་ལས། ཆོས་མཐུན་པ་དང་ལྡན་པ་དང་ཆོས་མི་མཐུན་པ་དང་ལྡན་པའི་སྦྱོར་བ་གསལ་བར་བྱ་བའི་དོན་དུའོ་ཞེས་ཁ་ཅིག་གོ་ཞེས་སོ། །འདི་དག་རིགས་ཐིགས་ན་གསལ་ལ། ཛི་ན་མི་ཏྲས་བསྡད་པ་ལས། ཚུལ་དགུ་རྟགས་གསུམ་སྦྱོར་བ་དང༌། ཞེས་བཤད་པ་ལྟར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཕྱོགས་ཆོས་ཅན་གྱི་རྟགས་སྦྱོར་ཡང་དག་གསུམ་དང༌། མཐུན་ཕྱོགས་ལ་ཡོད་པ་ཉིད་དུ་ངེས་པའི་རྟགས་གསུམ་དང༌། མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་རྟགས་གསུམ་བཤད་པ་སོགས་དང་མཐུན་ནོ། །བོད་ཀྱི་རྟོག་གེ་བའི་དབང་.....ཆ་བ་པོའི་གསུང་ལས། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་ལྡོག་ཁྱབ་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། དེའི་མཚན་ཉིད་ཀྱི་ཟུར་གྱི་ལྡོག་པས་སེལ་མི་ནུས་པའི་ལོག་རྟོག་དང་རིགས་མི་མཐུན་གང་ཡང་རྗེས་འགྲོས་སེལ་མི་ནུས་པའི་ཕྱིར་ཟེར། འོ་ན། རྟགས་ཡང་དག་གི་མཚན་ཉིད་ཟུར་དུ་ཚུལ་གསུམ་སྨོས་པ་ལ་རྣམ་བཅད་ཡོངས་གཅོད་སོ་སོ་བ་རེ་མེད་པར་ཐལ། ཚུལ་དེ་གཉིས་ཀྱིས་ཆོག་པ་དེའི་ཕྱིར། རྟགས་ཁས། འདོད་ན། འདི་ཉིད་ལས། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །དེ་ཡིས་མ་གྲུབ་ཟློག་དོན་དང༌། །འཁྲུལ་བ་ཅན་གྱི་གཉེན་པོར་ནི། །ཞེས་སོགས་མི་འཐད་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། རྗེས་འགྲོ་ངེས་པས་འགལ་བ་དང་དེའི་ཕྱོགས་མཐུན་སེལ་བ་དང་ལྡོག་པ་ངེས་པས་མ་ངེས་པ་དང་དེའི་ཕྱོགས་དང་མཐུན་པ་ལྷག་ལྡན་སེལ་ཞེས་སོ་སོར་བཤད་མི་རིགས་པར་ཐལ། ལྡོག་ཁྱབ་ཀྱིས་མི་སེལ་བའི་རིགས་མཐུན་དང་ལོག་རྟོག་མེད་པའི་ཕྱིར། དེར་ཐལ། དེའི་རང་འགྲེལ་ལས། དེ་ལ་རྗེས་སུ་འགྲོ་བ་ངེས་པས་ནི་འགལ་བ་དང་དེའི་ཕྱོགས་དང་མཐུན་པ་རྣམས་བསལ་ཏོ། །ལྡོག་པས་ནི་མ་ངེས་པ་དང་དེའི་ཕྱོགས་དང་མཐུན་པ་ལྷག་མ་དང་ལྡན་པ་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་དུ་བཤད་པས་སྒྲུབ་ངག་གི་ཡན་ལག་ལ་དཔེ་ཡང་འཇོག་དགོས་སྙམ་པ་མི་སེལ་བར་ཐལ། ཚུལ་གཉིས་ཀྱིས་ཆོག་ཚུལ་དེའི་ཕྱིར། འདོད་ན། རྣམ་ངེས་ལས། གཏན་ཚིགས་མཚན་ཉིད་ཚུལ་གསུམ་ཕྱིར། །དཔེ་ཉིད་ལོགས་ཤིག་བརྗོད་བྱ་མིན། །ཞེས་དང༌། དེའི་རང་འགྲེལ་ལས། གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གསུམ་བཤད་པ་དེ་ཙམ་གྱིས་དོན་རྟོགས་པས། དཔེ་ཞེས་བྱ་བ་སྒྲུབ་པའི་ཡན་ལག་ཅན་ནི་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་རིག་པ་ཅན་དེས་སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་དེ་གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པའི་ལྡོག་པ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཏུ་བདེན་ཞེན་གྱིས་མི་འདོད་པར་ཐལ། རིག་པ་ཅན་པ་དེས་དེ་འདྲའི་ལུས་དེ། གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པའི་ཕྱོགས་ཆོས་དང་ལྡོག་ཁྱབ་ཀྱི་གཞི་མཐུན་དུ་བདེན་ཞེན་གྱིས་འདོད་པའི་ཕྱིར། ཁྱབ་པར་ཐལ། ཕྱོགས་ཆོས་དང་ལྡོག་ཁྱབ་ཀྱི་གཞི་མཐུན་དེས་ལྡོག་པ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་པར་འདོད་པའི་ལོག་རྟོག་སེལ་ནུས་པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། འདི་ཉིད་ལས། ལྡོག་ཅན་མཚུངས་པར་བསྟན་པའི་ཕྱིར། ཞེས་སོགས་ལ་དགོས་པ་མེད་པར་ཐལ་ལོ། །གཞན་ཡང་ཚད་མ་མདོར། ཚུལ་གཉིས་པ་དང་རེ་རེ་བ། །རྟགས་དོན་མིན་པར་དོན་གྱིས་བྱས། །ཞེས་གསུངས་པ་མི་འཐད་པར་ཐལ། ཕྱོགས་གླང་གིས་རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་ཡིན་པའི་རྟགས་སུ་བཤད་པས་རྣམ་བཅད་ཀྱིས་ཕྱོགས་ཆོས་རྐྱང་པ་དང་རྗེས་འགྲོ་རྐྱང་པ་དང་ལྡོག་ཁྱབ་རྐྱང་པ་དང་ཕྱོགས་ཆོས་དང་ལྡོག་ཁྱབ་གཉིས་རྐྱང་ཙམ་སོགས་རྟགས་ལྟར་སྣང་དྲུག་བྱེ་བྲག་པས་འདོད་པ་གཅོད་པའི་ཆེད་མ་ཡིན་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར་སོགས་བྱ། འདི་རྣམ་རྟོག་ཟབ་མོ་ཞིག་འདུག་པས་ཅུང་ཟད་དཔྱད་དོ། །ཡང་ཁ་ཅིག་ན་རེ། ཚུལ་གསུམ་ཚད་མས་ངེས་པ་རྟགས་ཡང་དག་གི་མཚན་ཉིད་ཡིན་ཟེར་ཏེ། རྣམ་ངེས་ལ་འཁྲུལ་བ། འོ་ན། རི་བོང་རྭ་ཆོས་ཅན། རྟགས་ཡང་དག་ཏུ་ཐལ། ཚུལ་གསུམ་ཚད་མས་ངེས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཚུལ་གསུམ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མེད་ངེས་ཡིན་པའི་ཕྱིར། ཡང་ཁ་ཅིག །ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པ་རྟགས་ཡང་དག་གི་མཚན་ཉིད་ཟེར་ནའང་རི་བོང་རྭ་ཡང་འཕེན་ལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྔ་རྒོལ་རྣམ་དག་ཆོས་ཅན། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་མཚོན་བྱ་དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པ་ཡིན་པའི་ཕྱིར། དེར་ཐལ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་སྔ་རྒོལ་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། འདི་ཉིད་ལས། རང་གིས་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་འདོད་པ་ཡིས། །ཞེས་གསུངས་པའི་ཕྱིར།

                 ཡང་ཁ་ཅིག །ཚུལ་གསུམ་ཚད་མས་ངེས་པའི་གཏན་ཚིགས་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཆོས་ཅན། ཚད་མས་དམིགས་པར་ཐལ། ཚད་མས་གཞལ་བའི་ཕྱིར། ཞེས་བཀོད་པའི་ཚེ་ན། ཚད་མས་གཞལ་བ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ངེས་པར་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་ཆོས་ཅན། མི་རྟག་པར་ཐལ། དེ་ལྟར་བཀོད་པའི་ཚེ་ན་ཚད་མས་གཞལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། རིགས་གཏེར་རྗེས་འབྲང་ཁ་ཅིག་ན་རེ། ཚུལ་གསུམ་ཚང་བའི་གཏན་ཚིགས་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། རིགས་གཏེར་ལས། ཕྱོགས་ཆོས་གྲུབ་ཅིང་འབྲེལ་བ་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཞེས་གསུངས་ཟེར་ན། བྱས་པ་ཆོས་ཅན། ཁྱོད་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་སྐྱོན་མེད་ཡིན་པར་ཐལ། ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་བྱས་པ་དང་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། ཁྱོད་སྒྲ་དང་གཅིག་ཡིན་ན་ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡོད་པའི་ཕྱིར། རྩ་བར་འདོད་ན། བྱས་པ་བྱས་པ་ཆོས་ཅན། ཁྱོད་ཡིན་ན་མི་རྟག་པ་ཡིན་དགོས་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། རི་བོང་རྭ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་བྱས་པ་ཡིན་པའི་ཕྱིར། འཁོར་གསུམ་ཁས། གཞན་ཡང་བྱས་པ་ཆོས་ཅན། ཁྱོད་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་སྐྱོན་མེད་ཡིན་པར་ཐལ། ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མ་ཚང་བར་ཐལ། མ་གྲུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་པའི་ཕྱིར། དེར་ཐལ། བྱས་པ་བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱང་ཡོད། བྱས་པ་བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱང་ཡོད། དེ་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱང་ཡོད་པའི་ཕྱིར། དང་པོ་མ་གྲུབ་ན། བྱས་པ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡོད་པར་ཐལ། ཁྱོད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡོད་པའི་ཕྱིར། གཉིས་པ་མ་གྲུབ་ན། བྱས་པ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡོད་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་དེའི་རྗེས་ཁྱབ་ཡོད་པའི་གོ་དོན་ཡིན་པའི་ཕྱིར། རྟགས་སླ། མ་ཁྱབ་མཚམས་ལ་རྟགས་དེར་ཐལ། ཁྱོད་མི་རྟག་པ་དང་ཐ་དད། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ནར་ཡོད་པའི་ཕྱིར། གསུམ་པ་ཡང་དེས་རིགས་འགྲེ་བྱ། གཞན་ཡང་བྱས་པ་བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་འཇོག་པ་ན་བྱས་པ་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་འཇོག་པར་ཐལ་ལོ། །བྱས་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང་བྱས་པ་རྟགས་སུ་བཀོད་པའི་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བ་སྐོར་གཅིག་གི་རྗེས་ཁྱབ་ཡོད་ཚུལ་དོན་གཅིག་པའི་ཕྱིར་ཏེ། བྱས་པ་བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་དང་བྱས་པ་བྱས་པ་རྟགས་སུ་བཀོད་པའི་དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་རྗེས་ཁྱབ་ཡོད་ཚུལ་དོན་གཅིག་པའི་ཕྱིར། རྟགས་ཁས། འདོད་ན། སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། དེ་ཡང་ཁྱབ་པ་ལ་རྣམ་པ་བཞི་སྟེ། རྗེས་ཁྱབ་ལྡོག་ཁྱབ་དང་དངོས་ཁྱབ་ལྡོག་ཁྱབ་རྣམས་སོ། །ཞེས་གསུངས་པ་ལྟར་མི་འབྱེད་པར་ཐལ་བ་དང༌། ཁྱེད་རང་གི་རིགས་གཏེར་འགྲེལ་པར་དེ་ལྟར་བཤད་པ་དང་འགལ་ལོ། །འོ་ན། བྱས་པ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་སྐྱོན་མེད་ཡིན་པར་འདོད་སྙམ་ན། འོ་ན་གང་བྱས་པ་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་པ་བྱས་པ་ཡིན་ཞེས་པའི་སྒྲུབ་ངག་འདི་སྒྲུབ་ངག་ཡང་དག་ཏུ་ཐལ། བྱས་པ་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་མེད་ཡིན་པའི་ཕྱིར། །འདོད་ན། རི་བོང་རྭས་གཤག་ལ་དེ་བཞིན་དུ་སྦྱོར་བས་ཀྱང་སྐྱོན་སྟོན། འོ་ན། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། བྱས་པ་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར་ན་འདིར་ཤིན་ཏུ་མ་ཁྱབ། ཁ་ཅིག །ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། མིག་ཤེས་ཀྱི་གཟུང་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་ཕྱིར། རྣམ་བཤད་ལས། དཔེ་14གཉིས་ནི་ཆོས་སུ་གྱུར་པའི་མིག་ཤེས་ཀྱི་གཟུང་བྱས་སྒྲ་མི་རྟག་པ་དང༌། རྟག་པར་སྒྲུབ་པ་ལ་ཚུལ་དང་པོ་མི་ཁེགས་པའི་ཕྱིར། ཞེས་སོགས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར།

(14) པར་ཐེངས་གཉིས་པ། གཉིས་ཀྱི་ཆོས།

          ཁ་ཅིག་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། འོ་ན། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་པའི་ཕྱིར། དེར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡོད། སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡོད། སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། འདས་པ་ཡང་ཡོད་མ་འོངས་པ་ཡང་ཡོད་ད་ལྟར་བ་ཡང་ཡོད་ན། འདས་མ་འོངས་ད་ལྟར་བ་གསུམ་ཡོད་དགོས་པའི་ཕྱིར། གོང་གི་རྟགས་དང་པོ་གྲུབ་སྟེ། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བྱས་པ་ཆོས་ཅན། སྒྲ་རྟག་སྒྲུབ་ཀྱི་འགལ་རྟགས་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་ཤིང༌། སྒྲ་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། རིགས་ཐིགས་ལས། བྱས་པ་ཉིད་དང་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ནི། རྟག་པ་ཉིད་15སྒྲུབ་པ་ལ་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། འདི་གཉིས་ནི་མཐུན་པའི་ཕྱོགས་ལ་མེད་པ་དང་མི་མཐུན་ཕྱོགས་ལ་ཡོད་པས། ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། རྟགས་ཕྱི་མ་གཉིས་གྲུབ་སྟེ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་དེ་སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་ཕྱིར་ཏེ། དེ་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་རྟག་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། སྒྲ་རྟག་པ་ཡོད་པར་ཐལ། སྒྲ་ཡང་ཡོད་རྟག་པ་ཡང་ཡོད་པའི་ཕྱིར་ན་མི་མཚུངས་ཏེ། སྒྲ་རྟག་པ་ཞེས་གཅིག་ཚིག་ལས་མེད་པས་དེ་གཉིས་ཚོགས་པ་སྟོན་གྱི་ཐ་དད་མི་སྟོན་ལ། ཚུལ་གསུམ་ཡོད་ཅེས་སྨྲས་པས་གསུམ་ག་གང་གྲུབ་མ་གྲུབ་དཔྱད་པས་ཆོག་པའི་ཕྱིར། ཡང་ཁོ་ན་རེ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་དྲན་པའི་དྲན་ཤེས་ཡོད་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྟག་འཛིན་སེམས་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་སྒྲུབ་ཀྱི་རྟག་འཛིན་སེམས་དེས་དེ་སྒྲུབ་ཀྱི་རྟགས་ཅན་རྗེས་དཔག་ཅིག་གི་རྒྱུ་བྱེད་པར་ཐལ་ལོ། །འདོད་པའི་ཕྱིར། ཁྱབ་སྟེ། རྟགས་འཛིན་སེམས་ལ་རྗེས་དཔག་གི་མིང་འདོགས་པའི་རྒྱུ་མཚན་དེ་རང་འབྲས་རྟགས་ཅན་རྗེས་དཔག་གི་རྒྱུ་ཡིན་པས་བཏགས་པའི་ཕྱིར། ཕྱོགས་གླང་གིས། རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །ཞེས་པའི་རྗེས་དཔག་ཅེས་པའི་དོན་ཡོད་པའི་ཕྱིར། འདོད་ན། སྒྲ་རྟག་པར་རྟོགས་པའི་རྟགས་ཅན་རྗེས་དཔག་ཡོད་པར་ཐལ་ལོ། །ཡང་ཁོ་ན་རེ། ཆོས་དེ་ཡང་ཡོད་གཞི་དེ་ཡང་ཡོད་ན་ཆོས་དེ་དང་གཞི་དེ་གཉིས་ཀ་ཡོད་དགོས་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་རེ་རེ་ནས་ཡོད་ན་སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་དགོས་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། ཀ་བུམ་གཉིས་མེད་པ་ཆོས་ཅན། ཀ་བུམ་གཉིས་ཡོད་པར་ཐལ། ཀ་བ་ཡང་ཡོད་བུམ་པ་ཡང་ཡོད་པའི་ཕྱིར་ཟེར། དེ་ལ་འོ་ན། ཆོས་དེ་ཡང་ཡོད་གཞི་དེ་ཡང་ཡོད་ན་ཆོས་དེ་དང་གཞི་དེ་གཉིས་ཀ་ཡོད་དགོས་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཀྱང་ཡོད་མི་མཐུན་ཕྱོགས་ཀྱང་ཡོད་ན་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ཡོད་དགོས་པའི་ཕྱིར་ཏེ། སྒྲ་རྟག་པར་སྒྲུབ་པའི་དེ་གཉིས་ཀ་ཡོད་པའི་ཕྱིར། ཚད་མ་མདོར། ཚུལ་གཉིས་པ་དང་རེ་རེ་བ། །ཞེས་གསུངས་པའི་ཕྱིར། འདོད་ན། ཀ་བུམ་གཉིས་མེད་པ་ཆོས་ཅན། ཀ་བུམ་གཉིས་ཡོད་པར་ཐལ། ཀ་བ་ཡང་ཡོད་བུམ་པ་ཡང་ཡོད་པའི་ཕྱིར། ཁྱབ་པ་ཁས། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཀ་བའི་དགག་གཞིར་ཐལ། ཁྱོད་ཡོད་ཀ་བ་མེད་པའི་ཕྱིར། འདོད་ན། ཀ་བུམ་གཉིས་ཀ་ཆོས་ཅན། ཁྱོད་མེད་ན་ཀ་བ་མེད་པས་ཁྱབ་པར་ཐལ། ཁྱོད་མེད་པ་ཀ་བའི་དགག་གཞི་ཡིན་པའི་ཕྱིར། འདོད་ན། བུམ་མེད་ཆོས་ཅན། དེར་ཐལ། དེའི་ཕྱིར། འདིར་དགག་གཞིའི་ནུས་པས་རྩོད་གཞིའི་ཁྲིད་དགོས་སོ། །

(15) པར་ཐེངས་གཉིས་པ། སྒྲུབ་ལ།

           ཡང་ཁོ་ན་རེ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་མ་ངེས་པའི་གང་ཟག་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ངེས་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱང་ཚད་མས་ངེས། དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱང་ཚད་མས་ངེས། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱང་ཚད་མས་ངེས་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་མ་ངེས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྔ་མའི་རྟགས་གསལ་ལ་རྩོད་གཞི་མི་འཐེན་ལ་རྟགས་འདི་ལ་རྩོད་གཞི་འཐེན་དགོས་པས་ཡིན་ནོ། །གཞན་ལའང་ཅི་རིགས་དེ་ལྟར་ཤེས་དགོས་སོ། །ཡང་ཁོ་ན་རེ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་གང་རུང་ཚད་མས་ངེས། དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་མ་ངེས་པའི་གང་ཟག་ཆོས་ཅན། དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་ངེས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡོད་པའི་ཕྱིར། རྟགས་བསྒྲུབས་ཟིན། ཁོ་རང་ལ་འོ་ན། རི་བོང་ར་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ངེས་པའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མའི་གཞལ་བྱ་ཡིན་པའི་ཕྱིར། རིགས་པ་སྦོམ་པོ་ཁ་ཅིག་ན་རེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་མ་བཀོད་ཀྱང་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། བྱས་པ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ཟེར་ན། འོ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་མ་བཀོད་པའི་ཕྱིར། འཁོར་གསུམ། རྟགས་སླ། ཡང་དེ་ལས་བླུན་པ་ཁ་ཅིག་ན་རེ། བྱས་པ་དེ་སྒྲུབ་ཀྱི་རྟགས་སུ་མ་བཀོད་པར་མ་ཟད། དེ་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ཡང་བྱས་པ་དེ་སྒྲུབ་ཀྱི་རྟགས་སུ་མ་བཀོད། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་སྔ་རྒོལ་རྣམ་དག་གིས་དེ་སྒྲུབ་ཀྱི་ཕྱི་རྒོལ་རྣམ་དག་གི་ངོར་བྱས་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་ལ་བཀོད་པའི་ཚེ་བྱས་པ་རྟགས་སུ་བཀོད་ཟེར། ཡང་དེ་བས་མོ་ཧ་ཁ་ཅིག །དེ་གསུམ་གའི་དུས་མ་བཀོད་ཀྱང༌། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་བཀོད་པའི་ཚེ་བྱས་པ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ཟེར། འདི་དག་སྔ་མས་ཤུགས་ལ་ཁེགས་ཤིང་དགག་ཤིན་ཏུ་སླ་ལ། འཁྲུལ་བའི་རྒྱུ་དགག་རྟགས་སྒྲུབ་རྟགས་ལ་རྨོངས་པས་སོ། །ཡང་དོན་དམ་ལ་དཔྱོད་པའི་སྐབས་སུ་གང་གྲུབ་དོན་དམ་དུ་གྲུབ་དགོས་སྙམ་པའི་བོད་རྒན་ལུག་ཆུར་འབབ་ཀྱི་རིགས་སྨྲ་དག་ན་རེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་བྱས་པ་ཆོས་ཅན། ཁྱོད་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པར་ཐལ། ཁྱོད་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ན་བྱས་པ་ཆོས་ཅན། ཁྱོད་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་སྦྱོར་བ་དེས་ཁྱོད་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པར་ཐལ། ཁྱོད་དེ་འདྲའི་སྦྱོར་བ་བཀོད་པའི་ཚེ་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་པ་ཞིག་གོ །འདོད་མི་ནུས་ཏེ། དེ་འདྲའི་སྦྱོར་བ་དེ་སྒྲ་རྟག་པར་སྒྲུབ་པའི་སྦྱོར་བ་མ་ཡིན་པའི་ཕྱིར། བསྡུས་གྲྭའི་ཁས་ལེན་གྱི་བསྡུས་ཚན་དང་རིགས་པ་འདི་གཉིས་བོད་ཀྱི་འཁྲུལ་བ་བརྒྱ་ཕྲག་ཟློག་བྱེད་ཡིན་པས་རིགས་པའི་སྒོ་རེ་དང་རྒྱུ་མཚན་གསལ་བ་རེ་བསྟན་ན་དབུ་ཚད་ཀྱི་རིགས་པའི་དཔྱོད་པར་ཕན་པས་འདི་ལྟར། འོ་ན་རང་ཅག་གཉིས་ཀྱི་ཁོ་བོ་སྔ་རྒོལ་དང་མཁས་པ་ཁྱེད་ཀྱིས་ཕྱི་རྒོལ་བྱས་ཏེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་གང་ཟག་གཞན་གྱིས་ཀྱང་དེ་འདྲའི་སྦྱོར་བ་དང་སྒྲ་མི་རྟག་པར་འདོད་པ་ལ་སྒྲ་རྟག་སྒྲུབ་ཀྱི་སྦྱོར་བ་བཀོད་པ་དུ་མ་ཡོད་པར་ཐལ། རང་རེ་གཉིས་ཀྱི་སྦྱོར་བ་དེ་བཀོད་དུས་ཀྱི་སྒྲ་ལ་རྟག་མི་རྟག་དཔྱོད་མཁན་ཡིན་ན་རང་ཅག་གཉིས་གང་རུང་ཡིན་མི་དགོས་པའི་ཕྱིར། རྟགས་ཆོས་གྲྭ་ཞིག་གི་དཔྱོད་མཁན་མང་པོའི་མངོན་སུམ་ཚད་མས་གྲུབ་པའི་ཕྱིར། འདོད་ན། རང་ཅག་གཉིས་ཀྱིས་སྦྱོར་བ་དེ་བཀོད་པའི་ཚེ་ན་བྱས་པ་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པར་ཐལ། སྦྱོར་བ་དེ་བཀོད་པའི་ཚེ་སྒྲ་རྟག་པར་སྒྲུབ་པའི་སྦྱོར་བ་བཀོད་པ་ཡང་ཆེས་མང་བའི་ཕྱིར། རྟགས་སོང༌། འདོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་སྦྱོར་བ་དེས་བྱས་པ་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ་ཁས། གཞན་ཡང་སྦྱོར་བ་དེ་བཀོད་པའི་དུས་ཀྱི་སྔ་རྒོལ་གྱི་སྒྲུབ་ཚུལ་ཡིན་ན་སྒྲ་མི་རྟག་པར་སྒྲུབ་ཚུལ་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་ཡིན་དགོས་པར་ཐལ། དེའི་ཚེ་བཀོད་པའི་སྦྱོར་བ་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བ་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། སྦྱོར་བ་དེ་བཀོད་དུས་ཀྱི་སྔ་རྒོལ་ལ་འབྲས་རང་མ་དམིགས་པའི་རྟགས་འགོད་མཁན་དང་ཐལ་འགྱུར་བཀོད་མཁན་དུ་མ་མེད་པར་ཐལ་ལོ། །འདོད་པའི་ཕྱིར། འདིས་ནི་དབུ་སེམས་ཀྱི་ཆོས་ཀྱི་བདག་མེད་དང་དོན་དམ་བདེན་པ་དཔྱོད་པའི་སྐབས་སུ་གང་ཡང་ཁས་མི་ལེན་ཟེར་བ་ལ་ཡང༌། ཤེས་བྱ་ཆོས་ཅན། དོན་དམ་ལ་རྒོལ་ཕྱིར་རྒོལ་གཉིས་ཀྱིས་དཔྱོད་པའི་སྐབས་དེ་གཉིས་ཀྱིས་དོན་དམ་ལ་དཔྱོད་པའི་སྐབས་ཡིན་པར་ཐལ། དོན་དམ་ལ་དཔྱོད་པའི་སྐབས་ཡིན་པས་གང་ཡང་ཁས་ལེན་མི་རུང་བའི་ཕྱིར། རྟགས་ཁས་ལ། མ་གྲུབ་ན། དངོས་འགལ། འདོད་ན། དེ་ལ་དཔྱོད་པའི་སྐབས་ཀྱི་རྒོལ་ཕྱི་རྒོལ་གཉིས་དང་དམ་བཅའ་དང་རྒྱུ་མཚན་སོགས་འདོད་དགོས་པར་ཐལ། རྒོལ་ཕྱི་རྒོལ་གཉིས་ཀྱིས་དེ་ལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར། རྟགས་ཁས། ཡང་དེའི་སྐབས་སུ་གྲུབ་ན་དོན་དམ་དུ་གྲུབ་མི་དགོས་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་སྐབས་སུ་གྲུབ་ན་རྟག་པར་གྲུབ་མི་དགོས་པའི་ཕྱིར། ལྷག་མཐོང་ཆེ་བ་ལས། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་ཀྱང་མི་འདོད་ན་ནི་དབུ་མ་པའི་རིགས་པའི་རྣམ་པར་དཔྱོད་པའི་དུས་མི་སྲིད་པར་འདོད་དགོས། སྐབས་དེ་འཇོག་ན་ནི་དཔྱོད་པ་པོ་དང་དཔྱོད་པའི་རིགས་པ་དང༌། དཔྱོད་པའི་གཞི་དང་གང་དང་ལྷན་ཅིག་དཔྱོད་པའི་ཕྱི་རྒོལ་སོགས་ཀྱང་ངེས་པར་འདོད་དགོས་པས་དེའི་སྐབས་སུ་གྲུབ་པ་ཐམས་ཅད་དོན་དམ་དུ་གྲུབ་ག་ལ་དགོས། ཞེས་གསུངས་པའི་ཕྱིར། དབུ་སེམས་ཀྱི་མཁས་པས་དོན་དམ་ལ་རྩོད་ཚུལ་ལ་ཀུན་རྫོབ་སྒོ་ཅན་དོན་དམ་སྒོ་ཅན་གྱི་ཀླན་ཀ་སོགས་ལ་ལན་འདེབས་ཚུལ་མ་གྲུབ་པ་ཁོ་ན་མ་ཡིན་པར་ཐལ། དེ་ལ་ལན་དུ་མ་ཡོད་པའི་ཕྱིར་དང༌། དེ་དག་མ་ཤེས་ན་སྡེ་བདུན་འདིར་དབུ་སེམས་ཀྱིས་རྩོད་ཚུལ་མི་གོ་བས་བཤད་པ་སྐབས་སུ་བབས་པའི་ཕྱིར། སོགས་བྱ།

                 ཡང་ཁ་ཅིག །བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་སྒྲ་མི་རྟག་པར་ཚད་མས་མ་ངེས་ཞེས་ཕྱི་རྒོལ་ཡང་དག་གི་ཞེས་དྲུག་སྒྲ་བྱས་ནས་ཟེར་ན། དེ་འདྲའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱི་སྒྲ་མི་རྟག་པར་ཚད་མས་ངེས་པར་ཐལ། ཁྱོད་ཀྱི་སྒྲ་མི་རྟག་པ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱི་ངག་མི་རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཕྱི་རྒོལ་གྱི་སྒྲ་ཞེས་རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་ཡིན་པས་གང་ཟག་དེ་རྟོགས་མཁན་དུ་མི་སྟོན་པའི་ཕྱིར། ཙནྡྲ་བ་ལས། དྲུག་པ་འབྲེལ་བ་ལའོ། །ཞེས་གསུངས་པའི་ཕྱིར། དེས་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་ཞེས་ས་མཐའ་བྱས་ན་རྣམ་དབྱེ་གསུམ་པ་བྱེད་ཚིག་ཡིན་པས་སྒྲ་མི་རྟག་པར་ཚད་མས་མ་ངེས་པ་ཁོ་ན་ཡིན་པས་འབྲི་དུས་དང་བརྗོད་དུས་དེ་གཉིས་གཅིག་ཏུ་མ་འཁྲུལ་ཞིག འོག་གི་རྩོད་པ་ཕལ་ཆེ་བ་འདི་གཉིས་མ་ཕྱེད་པའི་རྩོད་པར་སྣང་ངོ༌། །དེ་ལ་ཁོ་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་སྒྲ་མི་རྟག་པར་ཚད་མས་མ་ངེས་པར་ཐལ། དེ་འདྲའི་ཕྱི་རྒོལ་ཡང་དག་སྒྲ་རྟག་མི་རྟག་ཐེ་ཚོམ་ཅན་ཡིན་པའི་ཕྱིར་ན་འདོད་བྱས་པ་ལ། དངོས་འགལ་ཟེར་ན། དངོས་འགལ་མ་ཡིན་པར་ཐལ། ཕྱི་རྒོལ་ཡང་དག་གིས་ཞེས་པའི་ཚིག་གིས་ཚད་མས་རྟོགས་པར་བྱེད་མཁན་དུ་བསྟན་པའི་ཕྱིར་དང༌། གང་ཟག་དེའི་སྐྲ་བྲེགས་ཞེས་དྲུག་སྒྲ་བྱས་ཚེ་ངག་དེས་སྐྲ་གང་ཟག་དེའི་ཡིན་པར་སྟོན་གྱི་གང་ཟག་དེ་སྐྲ་གཅོད་མཁན་དུ་མི་སྟོན་ལ། གང་ཟག་དེས་སྐྲ་བཅད་ཅེས་གསུམ་པ་བྱས་ཚེ་ངག་དེས་གང་ཟག་དེ་སྐྲ་གཅོད་པར་བྱེད་མཁན་དུ་སྟོན་གྱི་སྐྲ་གང་ཟག་དེའི་ཡིན་པར་མི་སྟོན་པ་བཞིན་ཡིན་པའི་ཕྱིར་ཏེ། སྔ་ཕྱི་ལ་དོན་སོ་སོར་སྦྱོར་དགོས་པའི་ཕྱིར་ཏེ། ལྷ་སྦྱིན་གྱི་སྒྲ་ཤེས་ཞེས་དྲུག་སྒྲ་སྨྲས་ཚེ་སྒྲ་དེ་ལྷ་སྦྱིན་གྱི་ཡིན་པར་སྟོན་ཀྱང་ལྷ་སྦྱིན་ཤེས་མཁན་དུ་མི་སྟོན། ལྷ་སྦྱིན་གྱིས་སྒྲ་ཤེས་ཞེས་རྣམ་དབྱེ་གསུམ་པ་བྱས་ཚེ་ངག་དེས་ལྷ་སྦྱིན་སྒྲ་ཤེས་མཁན་དུ་སྟོན་ཀྱང་སྒྲ་ལྷ་སྦྱིན་གྱི་ཡིན་པར་མི་སྟོན་པའི་ཕྱིར། དེར་ཐལ། ལྷ་སྦྱིན་གྱི་སྒྲ་ཤེས་ཞེས་པ་འབྲེལ་ཚིག་དང༌། ལྷ་སྦྱིན་གྱིས་སྒྲ་ཤེས་ཞེས་པ་བྱེད་ཚིག་ཡིན་པའི་ཕྱིར། སྔ་མ་རྣམ་དབྱེ་དྲུག་པ་དང་ཕྱི་མ་རྣམ་དབྱེ་གསུམ་པ་ཡིན་པས་འབྲེལ་བའི་སྒྲ་དང་བྱེད་པའི་སྒྲ་དོན་སོ་སོ་བ་ཡིན་པའི་ཕྱིར། ཙནྡྲ་བ་ལས། དྲུག་པ་འབྲེལ་བ་ལའོ་ཞེས་དང༌། བྱེད་པ་པོ་ལ་གསུམ་པའོ། །བྱེད་པ་ལའོ་ཞེས་གསུངས་པའི་ཕྱིར། ལེགས་པར་བཤད་ཡོད་དོ། །དེས་ན་གཞལ་བྱ་ཚད་མས་མ་ངེས་པའི་གང་ཟག་དང༌། གྲངས་ཅན་གྱི་སྒྲ་མི་རྟག་པར་ངེས་མ་ངེས་དག་ལ་དེ་ལྟར་ཤེས་པར་གྱིས།

           ཡང་ཁ་ཅིག །དཔལ་ལྡན་ཆོས་གྲགས་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པས་ཁྱབ་པར་ཐལ། བྱས་པ་དང་གཅིག་ཡིན་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པས་ཁྱབ་པའི་ཕྱིར། འདོད་ན། སློབ་དཔོན་དེས་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ན་བྱས་པ་དང་གཅིག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར་ཡང༌། འདི་དྲུག་སྒྲ་བྱས་ན་བརྗོད་བྱས་སྟོང་པས་གསུམ་པ་དགོས་པས། འདོད་བྱས་པ་ལ་ཁོ་ན་རེ། སློབ་དཔོན་དེས་དེ་ལྟར་བཀོད་པའི་ཚེ་ན་བྱས་པ་བྱས་པ་དང་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སློབ་དཔོན་དེས་དེ་ལྟར་བཀོད་དུས་ཀྱི་བྱས་པ་བྱས་པ་དང་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར་ན། འདིར་མ་ཁྱབ་སྟེ། སློབ་དཔོན་དེས་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ན་སློབ་དཔོན་དེས་བཀོད་དུས་ཀྱི་བྱས་པ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། སློབ་དཔོན་དེས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་དུས་ཀྱི་བྱས་པ་ཡིན་པར་ཐལ་ལོ། །ཁྱོད་སློབ་དཔོན་དེས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཕྱིར། རྟགས་གྲུབ་སྟེ། སྦྱོར་བ་བཀོད་དུས་ཁོ་ནའི་བྱས་པ་རྟགས་སུ་བཀོད་ན། བུམ་པ་མཐུན་དཔེ་གཉིས་ལྡན་དུ་མི་འགྱུར་བའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཁྱོད་སློབ་དཔོན་དེས་སྦྱོར་བ་བཀོད་ཉིན་གྱི་བྱས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། ཁྱོད་ཡིན་ན་ཉི་མ་གཅིག་པུ་དེའི་དུས་ཀྱི་བྱས་པས་ཁྱབ་པར་ཐལ་ལོ། །འདོད་པའི་ཕྱིར། དེ་ལ་ཁོ་ན་རེ། དེས་དེ་ལྟར་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། བྱས་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པར་ཐལ། ཁྱོད་བྱས་པ་དང་གཅིག་ཡིན་པའི་ཕྱིར་ཟེར་ན། སྦྱོར་ལུགས་སྐྱོན་ཅན་ཡིན། འདོད་ན། དེས་དེ་ལྟར་བཀོད་པའི་རྗེས་སུ་བྱུང་བའི་གང་ཟག་རྣམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཁས། དེ་བཞིན་དུ་དེས་དེ་ལྟར་མ་བཀོད་གོང་གི་ང་ལས་ནུ་སོགས་ཀྱིས་གཤག་གོ །ཁོ་རང་ལ་བྱས་པའི་དུས་ན་བྱས་པ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོད་པར་ཐལ། ཁྱོད་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། འདོད་ན། བདག་སྐྱེ་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འཁོར་གསུམ་ཁས་སོགས་བྱ། གཞན་ཡང༌། དེས་དེ་ལྟར་བཀོད་པའི་ཚེ་ན་བྱས་པ་བྱས་པ་དང་གཅིག་ཡིན་ཀྱང། དེས་དེ་ལྟར་བཀོད་པའི་དུས་ཀྱི་བྱས་པ་བྱས་པ་དང་གཅིག་མ་ཡིན་པའི་ཁྱད་པར་མི་འཐད་པར་ཐལ་ལོ། །དམ་བཅའ་འཐད་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། དེས་དེ་ལྟར་བཀོད་དུས་ཀྱི་བྱས་པར་ཐལ། དེས་དེ་ལྟར་བཀོད་པའི་ཚེ་ན་བྱས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དེས་དེ་ལྟར་བཀོད་པའི་ཚེ་ན་བྱས་པ་ཡོད་པའི་ཕྱིར། རྟགས་སླ། འདོད་ན། དེས་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཚེ་ན་དུས་ཀྱི་ཁྱད་པར་དུ་བྱས་ནས་བཀོད་པར་ཐལ། དེས་དེ་ལྟར་བཀོད་དུས་ཀྱི་ཁྱད་པར་བྱས་ནས་བཀོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ལྟར་བཀོད་དུས་ཀྱི་དེ་དེ་དང་གཅིག་ཡིན་པར་ཐལ། དེ་ལྟར་བཀོད་དུས་དེ་དེ་དང་གཅིག་ཡིན་པའི་ཕྱིར་ན་ཡང་མ་ཁྱབ། རྟགས་གྲུབ་སྟེ། དེའི་ཚེ་སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པའི་ཕྱིར་ཞེས་པའི་སྦྱོར་བ་རྟགས་ཆོས་ཐ་མི་དད་ཡིན་པའི་ཕྱིར། སོགས་བྱ། ཡང་ཁ་ཅིག་ན་རེ། བྱས་པ་དང་གཅིག་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་ཡིན་དགོས་པར་ཐལ། དེ་ལ་དེ་སྒྲུབ་ཀྱི་རྟགས་ཡང་དག་གིས་ཁྱབ་པའི་ཕྱིར། འདོད་ན། ཆོས་གྲགས་ཀྱི་ཞེས་པ་དྲུག་སྒྲ་བྱས་ནས། སྔོན་འཛིན་ཚད་མ་རྒྱུད་ལྡན་གྱི་ཆོས་གྲགས་ཀྱི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། རྟགས་དེར་ཐལ། དེའི་ཚེ་བྱས་པ་བྱས་པ་དང་ཐ་དད་མ་ཡིན་པའི་ཕྱིར། རྟགས་གྲུབ་ཟིན། རྩ་བར་འདོད་ན། དེའི་ཚེ་བྱས་པ་ཆོས་ཅན། བྱས་པ་ཡིན་ན་ཁྱོད་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་སྐྱོན་ཅན་ཁོ་ན་ཡིན་ཏེ། འོ་ན། མངོན་སུམ་གྱི་གཟུང་ངོར་བྱས་མི་རྟག་གཉིས་ཆོས་ཅན། གཅིག་དང་ཐ་དད་གང་རུང་དུ་ཐལ། ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གཅིག་ཏུ་ཐལ། འདོད་པ་གང་ཞིག །ཐ་དད་མ་ཡིན་པའི་ཕྱིར། འདོད་ན། དབྱེར་མེད་ཀྱི་གཅིག་ཏུ་ཐལ་ལོ། །འདོད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། འབྲེལ་མེད་ཀྱི་ཐ་དད་མ་ཡིན་པའི་ཕྱིར།

                  ཡང་ཁ་ཅིག །སྔོན་པོ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། སྔོན་འཛིན་ཚད་མ་རྒྱུད་ལྡན་གྱི་ཆོས་གྲགས་ཀྱི་སྒྲ་བྱས་པར་ཐལ། དེ་ལྟར་བཀོད་པའི་ཚེ་ན་བྱས་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ལྟར་བཀོད་པ་ཡོད་པའི་ཕྱིར། འདོད་ན། དེ་འདྲའི་ས་ཕྱོགས་ཆོས་ཅན། སྔོན་འཛིན་ཚད་མ་རྒྱུད་ལྡན་གྱི་ཆོས་གྲགས་ཡོད་པར་ཐལ། སྔོན་འཛིན་ཚད་མ་རྒྱུད་ལྡན་གྱི་ཆོས་གྲགས་ཀྱི་སྒྲ་བྱས་པ་ཡིན་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར་ན། འོ་ན། བདག་མེད་ཡིན་ན་ཁྱོད་ཀྱི་སྒྲ་ཡོད་པས་ཁྱབ་པར་ཐལ། མེད་ན་ཁྱོད་ཀྱི་སྒྲ་མེད་པས་མ་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། མ་བྱས་པ་ཆོས་ཅན། ཁྱོད་ཀྱི་སྒྲ་ཡོད་པར་ཐལ། བདག་མེད་ཡིན་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ། མ་བྱས་པའི་སྒྲ་ཡོད་པའི་ཕྱིར། འཁོར་གསུམ། དེ་བཞིན་དུ་རྟག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་གཉིས་ལ་འདོད་ན། རིག་བྱེད་པས་རྟག་པའི་སྒྲ་འདོད་པ་དགག་མི་རིགས་པར་ཐལ་ལོ། །ཡང་འདི་འདྲར་འཁྲུལ་ནས་དྲུག་སྒྲ་བྱས་ནས། སྒྲ་རྟག་པར་རྟོགས་པའི་ཆོས་གྲགས་ཀྱི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་བྱས་པ་བྱས་པ་མིན་ཟེར་ན། དེ་འདྲའི་སྦྱོར་བ་བཀོད་པ་ཡོད་པར་ཐལ། དེ་འདྲའི་སྦྱོར་བ་ལྟར་སྣང་ཡིན་པའི་ཕྱིར་ཏེ། དེ་འདྲའི་ཆོས་གྲགས་ཀྱི་སྒྲ་བྱས་པ་མ་ཡིན་པས། དེ་འདྲའི་སྦྱོར་བ་ལྟར་སྣང་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་སྦྱོར་བ་བཀོད་པའི་ཚེ་བྱས་པ་བྱས་པ་ཡིན་པར་ཐལ། དེ་འདྲའི་སྦྱོར་བ་བཀོད་པའི་ཚེ་བྱས་པ་ཡོད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་རྟག་པར་རྟོགས་པའི་ཆོས་གྲགས་ཡོད་པར་ཐལ། སྒྲ་རྟག་པར་རྟོགས་པའི་ཆོས་གྲགས་ཀྱི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་སྦྱོར་བ་བཀོད་པ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དྲུག་སྒྲས་དེ་འདྲའི་ཆོས་གྲགས་དེ་འགོད་མཁན་དུ་མི་སྟོན་པའི་ཕྱིར་ཏེ། དྲུག་སྒྲ་བྱེད་ཚིག་མ་ཡིན་པའི་ཕྱིར། ཡང་ཁ་ཅིག །གསུམ་པར་བྱས་ནས་སྒྲ་རྟག་པར་རྟོགས་པའི་ཚད་མ་རྒྱུད་ལྡན་གྱི་ཆོས་གྲགས་ཡོད་པར་ཐལ། དེ་འདྲའི་ཚད་མ་རྒྱུད་ལྡན་གྱི་ཆོས་གྲགས་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་སྦྱོར་བ་བཀོད་པ་ཡོད་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར་ན་འགལ་ཁྱབ་ཡིན་ཏེ། བདག་མེད་ཡིན་ན་དེ་འདྲའི་ཆོས་གྲགས་ཀྱིས་དེ་འདྲའི་སྦྱོར་བ་མ་བཀོད་པས་ཁྱབ་པའི་ཕྱིར་ཏེ། དེ་འདྲའི་ཆོས་གྲགས་ཀྱིས་ཞེས་གསུམ་པའི་ཚིག་གིས་དེ་འདྲའི་ཆོས་གྲགས་དེ་དེ་འདྲའི་སྦྱོར་བ་འགོད་མཁན་དུ་བསྟན་པའི་ཕྱིར་ཏེ། དེའི་གསུམ་པའི་བྱེད་ཚིག་གི་ནུས་པ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་ཚེ་མི་རྟག་པ་མི་རྟག་པ་དང་གཅིག་ཡིན་པར་ཐལ། དེའི་ཚེ་མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེའི་ཚེ་སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པའི་ཕྱིར་ཞེས་པའི་སྦྱོར་བ་རྟགས་ཆོས་ཐ་མི་དད་ཀྱི་སྦྱོར་བ་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་མི་རྟག་པ་ཆོས་ཅན་ཟེར་ན་སྐྱོན་ཅན་ནོ། །ཡང་ཁ་ཅིག་སྔོན་འཛིན་ཚད་མ་རྒྱུད་ལྡན་གྱི་ཆོས་གྲགས་ཆོས་ཅན། ཁྱོད་ཀྱི་ངོར་བྱས་པ་བྱས་པ་དང་གཅིག་ཡིན་པར་ཐལ། ཁྱོད་བྱས་པ་བྱས་པ་དང་གཅིག་ཏུ་འདོད་པའི་གང་ཟག་ཡིན་པའི་ཕྱིར་ན་འདོད་ལ་སྦྱོར་ལུགས་སྐྱོན་ཅན་ཡང་ཡིན་ནོ།  །ཡང་ཁ་ཅིག་ན་རེ། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་པར་ཐལ། སྦྱོར་བ་སྐོར་གཅིག་གི་རྟགས་ཡང་དག་ཡིན་ན་སྦྱོར་བ་སྐོར་གཅིག་གི་ཚུལ་གསུམ་ཡོད་པས་མ་ཁྱབ་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། འདི་ཚིག་འཁྲི་ངན་པ་ཡིན་ལ། སྔར་བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་དང༌། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བའི་དངོས་ཁྱབ་མེད་པར་བཤད་པའི་ཕྱིར་རོ། །གལ་ཏེ་རྩ་རྟགས་མ་གྲུབ་ཟེར་ན། གསར་དུ་མི་སླུ་བའི་རིག་པ་ཆོས་ཅན། བྱས་པའི་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། ཁྱོད་དེ་འདྲ་བའི་རྗེས་དཔག་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་བྱས་པའི་རྟགས་ལས་སྒྲ་མི་རྟག་པ་ལ་གསར་དུ་མི་སླུ་བའི་ཞེན་རིག་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར། རྟགས་དེར་ཐལ། ཁྱོད་སྒྲ་མི་རྟག་རྟོགས་ཀྱི་ཞེན་རིག་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདིར་མ་ཁྱབ་སྟེ། གསར་དུ་མི་སླུ་བའི་རིག་པ་བྱས་པའི་རྟགས་སུ་བཀོད་ནས་ཚད་མར་སྒྲུབ་ཚུལ་མེད་པའི་ཕྱིར་རོ། །འདིས་བྱས་པའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཡོད་མེད་རྩོད་པ་ལྷག་མའི་རྒྱུ་མཚན་གོ་བར་གྱིས། རྩ་བར་འདོད་ན། བུམ་པ་ཆོས་ཅན། ཚད་མར་ཐལ། བྱས་པའི་ཕྱིར། ཁྱབ་པ་སོང༌།

                  ཡང་ཁོ་ན་རེ། གསར་དུ་མི་སླུ་བའི་རིག་པ་ཆོས་ཅན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་རྗེས་དཔག་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དེ་སྔོན་འཛིན་མངོན་སུམ་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རྗེས་སུ་དཔག་པའི་ཚད་མར་རྟོགས་ནས་ཆོས་དེ་ཚད་མར་མ་རྟོགས་པ་མེད་པའི་ཕྱིར། དེར་ཐལ། ཤིང་ཤ་བར་ཚད་མས་ངེས་ནས་ཤིང་དུ་མ་ངེས་པ་མེད་པའི་ཕྱིར། རྣམ་བཤད་ལས། ཤིང་ཡང་ཡིན་ཤ་བ་ཡང་ཡིན་པའི་གཞི་མཐུན་དུ་ངེས་ན་ཤིང་དུ་མ་ངེས་པ་འགལ་བས། ཞེས་གསུངས་པའི་ཕྱིར། རྣམ་ངེས་ཊིཀ་ཆེན་ལས་ཀྱང་དེ་ལྟར་བཤད་དོ། །གོང་གི་རྟགས་གྲུབ་སྟེ། དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རྩ་བར་འདོད་མི་ནུས་ཏེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་རྗེས་དཔག་ཏུ་ཚད་མས་ངེས་པའི་གང་ཟག་ཡིན་ན། དེ་རྗེས་དཔག་ཚད་མར་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། རྗེས་དཔག་དེ་ཚད་མས་ངེས་པའི་གང་ཟག་ཡིན་ན། རྗེས་དཔག་དེ་རྗེས་དཔག་ཚད་མར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། རྗེས་དཔག་དང་རྗེས་སུ་དཔག་པའི་ཚད་མ་གཉིས་པོ་མཚན་ཉིད་གཅིག་གིས་མཚོན་ནུས་པའི་མཚོན་བྱ་ཐ་དད་ཙམ་ཡིན་པའི་ཕྱིར། མདོ་ལས། རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སྦྱོར་བ་སྐོར་གཅིག་གི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་ན། སྦྱོར་བ་སྐོར་གཅིག་གི་རྟགས་ཡང་དག་མ་ཡིན་པས་ཁྱབ་པ་དང༌། སྦྱོར་བ་སྐོར་གཅིག་གི་རྟགས་ཡང་དག་ཡིན་ན། སྦྱོར་བ་སྐོར་གཅིག་གི་ཤེས་འདོད་ཆོས་ཅན་མ་ཡིན་པས་ཁྱབ་པར་ཐལ། འདི་ཉིད་ལས། ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་བདག་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། གསར་དུ་མི་སླུ་བའི་རིག་པ་དེ་སྒྲ་མི་རྟག་རྟོགས་ཀྱི་ཞེན་རིག་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར་རོ། །དེས་ལྷག་མ་རྩོད་ཚུལ་ཤེས་པར་གྱིས།

           གཉིས་པ་རང་ལུགས་ནི། རྟགས་ཡང་དག་གི་མཚན་ཉིད། དབྱེ་བ། དམ་བཅའ་བཞག་པ། སྒྲུབ་བྱེད་འགོད་པ་བཞི་ལས། དང་པོ་ནི། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་ནོ། །

           གཉིས་པ་ནི། རྟགས་ཡང་དག་ལ་དབྱེ་ཚུལ་དུ་མ་ཡོད་དེ། དེ་ལ་ངོ་བོའི་སྒོ་ནས་གསུམ་དང་བསྒྲུབ་བྱའི་སྒོ་ནས་གསུམ་དང༌། སྒྲུབ་ཚུལ་གྱི་སྒོ་ནས་བཞི་དང༌། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་གཉིས་དང༌། མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་གཉིས་དང༌། རྒོལ་བའི་སྒོ་ནས་གཉིས་རྣམས་སུ་ཡོད་པའི་ཕྱིར། ངོ་བོའི་སྒོ་ནས་འབྲས་རང་མི་དམིགས་པའི་རྟགས་ཡང་དག་གསུམ་ཡོད་དེ། རྟགས་དེ་བསྒྲུབ་བྱའི་ཆོས་དང་ངོ་བོ་གཅིག་མི་གཅིག་སྒོ་ནས་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་བཞག་པའི་ཕྱིར་རོ། །བསྒྲུབ་བྱའི་སྒོ་ནས་དངོས་སྟོབས་ཀྱི་རྟགས་ཡང་དག་དང༌། ཡིད་ཆེས་ཀྱི་དེ་དང༌། གྲགས་པའི་དེ་གསུམ་བཞག་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་དངོས་སྟོབས་ཀྱི་ཡུལ་ཅུང་ཟད་ལྐོག་གྱུར་དང༌། ཡིད་ཆེས་ཀྱི་ཡུལ་ཤིན་ལྐོག་དང༌། གྲགས་པའི་ཡུལ་འདོད་པས་བཞག་པ་གསུམ་ཡོད་པའི་ཕྱིར། སྒྲུབ་ཚུལ་སྒོ་ནས་དོན་སྒྲུབ་ཀྱི་དེ་དང༌། དོན་འབའ་ཞིག་སྒྲུབ་ཀྱི་དེ་དང༌། ཐ་སྙད་སྒྲུབ་ཀྱི་དེ་དང༌། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་དེ་བཞི་ཡོད་དེ། ཕྱི་རྒོལ་ལ་ལྟོས་ནས་དོན་ནམ་མཚོན་བྱ་སྒྲུབ་དགོས་པ་སོགས་བཞི་ཡོད་པའི་ཕྱིར། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དགག་རྟགས་ཡང་དག་དང་སྒྲུབ་རྟགས་ཡང་དག་གཉིས་ཡོད་དེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མེད་དགག་ཡིན་པས་དགག་རྟགས་དང༌། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དངོས་ཤུགས་གང་རུང་ལ་སྒྲུབ་པ་འཕེན་པས་འབྲས་རང་གི་རྟགས་གཉིས་བཞག་པའི་ཕྱིར། མཐུན་ཕྱོགས་ལ་འཇུག་ཚུལ་སྒོ་ནས་རྣམ་གཉིས་སུ་དང་ཁྱབ་བྱེད་དུ་འཇུག་པ་གཉིས་ཡོད་དེ། སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་དང་བྱས་པ་ལྟ་བུ་གཉིས་ཡོད་པའི་ཕྱིར། རྒོལ་བའི་སྒོ་ནས་གཉིས་ཡོད་དེ། རང་དོན་སྐབས་ཀྱི་དེ་དང་གཞན་དོན་སྐབས་ཀྱི་དེ་གཉིས་ཡོད་པའི་ཕྱིར།

           གསུམ་པ་ནི། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ། དངོས་པོ་ཡིན་ན་འབྲས་རྟགས་ཡང་དག་ཡིན་པས་ཁྱབ། གཞི་གྲུབ་ན་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་ཁྱབ། གཞི་གྲུབ་ན་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ། མིང་མཐར་དགག་ཚིག་ཅན་གྱི་མེད་དགག་ཡིན་ན་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ། མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་ན་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ། གཞི་གྲུབ་ན་སྒྲུབ་རྟགས་ཡང་དག་ཡིན་པས་ཁྱབ། གཞི་གྲུབ་ན་དགག་རྟགས་ཡང་དག་ཡིན་པས་ཁྱབ། གཞི་གྲུབ་ན་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ། གཞི་གྲུབ་ན་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ། གཞི་གྲུབ་ན་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ། གཞི་གྲུབ་ན་གྲགས་པའི་རྟགས་ཡང་དག་ཡིན་པས་ཁྱབ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་གང་ཟག་གཅིག་གིས་མ་བཀོད་ན་ཡང་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་གནས། བྱས་པ་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ལ་སྒྲ་མི་རྟག་པར་སྒྲུབ་པའི་གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་སོང་བའི་ཚེ་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཡིན། བྱས་པ་གྲངས་ཅན་ལ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་དུ་སོང་བ་དེའི་ཚེ་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་མེད་པའི་ཚེ་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡོད། ཤེས་བྱ་ལ་ལ་རྟག་ཤེས་བྱ་ལ་ལ་མི་རྟག་ཅེས་པ་ལྟར་འདི་མིང་གཅིག་ཀྱང་དོན་ཐ་དད་དོ། །སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན། དུ་ལྡན་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། དུ་ལྡན་ལ་མེ་ཡོད་པར་སྒྲུབ་པའི་འགོད་ཚུལ་ཡོད་འགོད་ཡིན།

          བཞི་པ་སྒྲུབ་བྱེད་ནི། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། རྟགས་ཡང་དག་མ་ཡིན་པ་མེད་པའི་ཕྱིར། མ་གྲུབ་ན། འོ་ན། རྟགས་ཡང་དག་མ་ཡིན་པའི་བྱས་པ་དེ་རྟགས་ཡང་དག་མ་ཡིན་པའི་སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། རྟགས་ཡང་དག་མ་ཡིན་པའི་བྱས་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། རྟགས་ཡང་དག་མ་ཡིན་པའི་བྱས་པ་ཆོས་ཅན། རྟགས་ཡང་དག་ཡིན་པར་ཐལ། རྟགས་ཡང་དག་མ་ཡིན་པའི་སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ་ཁས། གོང་གི་མ་ཁྱབ་མཚམས་ཀྱི་རྩ་རྟགས་མ་གྲུབ་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་པས་ཁྱབ་ན། དེ་སྒྲུབ་ཀྱི་འགལ་རྟགས་ཡིན་ན་འགལ་རྟགས་ཡིན་པས་ཁྱབ་པ་ཡོད་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། བྱས་པ་ཆོས་ཅན། འགལ་རྟགས་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། འདི་ལ་མ་གྲུབ་ན་སྐྱོན་མི་རྙེད་ལ། མ་ཁྱབ་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་རྟགས་ཡང་དག་གིས་ཁྱབ་པར་ཐལ། མ་ཁྱབ་པ་དེའི་ཕྱིར། ཞེས་པའི་ཟོལ་རྩོད་གཅིག་ཡིན་ནོ། །འདོད་ན། བྱས་པ་ཆོས་ཅན། གཏན་ཚིགས་ལྟར་སྣང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་པས་བྱས་པ་རྟགས་ཡང་དག་གསུམ་གྱི་མཚན་གཞིར་བསྟན་པར་ཐལ་ལོ། །གཞུང་དེ་གཏན་ཚིགས་གསུམ་མདོར་བསྟན་གྱི་གཞུང་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། བྱས་པ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་ག་ཡིན་པས་དེ་འཆད་པ་སྐབས་སུ་བབས་པའི་ཕྱིར་སོགས་བྱའོ། །འདོད་མི་ནུས་ཏེ། ཁྱོད་ཚུལ་གསུམ་ཚང་བའི་གཏན་ཚིགས་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། འཁོར་གསུམ་ཁས། ཁྱབ་སྟེ། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་གསུངས་པའི་ཕྱིར་དང༌། ཤཱཀྱས། གཏན་ཚིགས་གསུམ་པོ་དེ་ལས་གཞན་པ་ནི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིས་ནི་སྒྲ་རྟག་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་ཀྱང་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་མ་ཡིན་པར་ཤེས་པར་གྱིས། གཞན་ཡང༌། རྟགས་ཡང་དག་ཡིན་ན་བསྒྲུབ་བྱ་ཐམས་ཅད་སྒྲུབ་པའི་རྟགས་ཡང་དག་ཡིན་དགོས་པར་ཐལ། རྩོད་གཞི་ཁ་ཡར་བ་ཆོས་དེར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་མི་དགོས་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་དགོས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞི་གྲུབ་ན་རྟགས་ཡང་དག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ་ཁས། རྩ་བར་འདོད་ན། རྟགས་ཡང་དག་མི་སྲིད་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་ན། བསྒྲུབ་བྱ་ཐམས་ཅད་བསྒྲུབ་བྱ་ཐམས་ཅད་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། དེ་ལྟ་བུ་སོགས་ལུང་རིགས་དང་འབྲེལ་བར་འཕེན་ཤེས་པར་བྱའོ།  །དངོས་པོ་ཡིན་ན་འབྲས་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ན་འབྲས་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། དངོས་པོ་ཡིན་ན་འབྲས་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། འབྲས་རྟགས་ཡང་དག་མ་ཡིན་པའི་དངོས་པོ་མེད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་དངོས་པོ་དེ་འབྲས་རྟགས་ཡང་དག་མ་ཡིན་པའི་སྒྲ་རང་རྒྱུ་ལས་སྐྱེས་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འབྲས་རྟགས་ཡང་དག་མ་ཡིན་པའི་དངོས་པོ་ཡོད་པའི་ཕྱིར། འདོད་ན། དེ་འདྲའི་དངོས་པོ་ཆོས་ཅན། འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། སོགས་འདྲ། རྩ་རྟགས་མ་གྲུབ་ན། དངོས་པོ་ཡིན་ན་རང་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པས་མ་ཁྱབ་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དངོས་པོ་ཡིན་ན་རང་རྒྱུ་སྔོན་སོང་ཡིན་པས་མ་ཁྱབ་པར་ཐལ་བ་དང༌། རང་རྒྱུ་སྔོན་སོང་སྒྲུབ་ཀྱི་རྟགས་ཡང་དག་དུ་མ་མེད་པར་ཐལ་ལོ། །འདོད་པའི་ཕྱིར་སོགས། གཞན་ཡང་འབྲས་རྟགས་ཡང་དག་ལ་ལྔ་ལས་ཆེས་མང་བ་འཇོག་མི་ཐུབ་པར་ཐལ། དངོས་པོ་ཡིན་ན་འབྲས་རྟགས་ཡང་དག་ཡིན་མི་དགོས་པའི་ཕྱིར། འདོད་ན། སྡེ་བདུན་རྒྱན་ལས། འདི་དག་ཀྱང་ཕྱི་རྒོལ་གྱི་ཤེས་འདོད་དང་སྔ་རྒོལ་གྱི་དཔག་འདོད་ཀྱི་དབང་གིས་རྟགས་ཀྱི་འགོད་ཚུལ་ཇི་ལྟར་འབྱུང་བ་དང་མཐུན་པར་ཐ་སྙད་བྱས་པ་ཙམ་ཡིན་གྱི། ཤེས་འདོད་དང་དཔག་འདོད་ཀྱི་དབང་གིས་རྟགས་ཀྱི་འདོད་ཚུལ་མཐའ་ཡས་པའི་ཕྱིར། འབྲས་རྟགས་ཀྱི་འགོད་ཚུལ་གྱི་རིགས་ཇི་སྐད་བཤད་པ་འདི་དག་ཏུ་གྲངས་ངེས་པ་ནི་མིན་ཏེ་ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །འབྲས་རྟགས་ཡང་དག་གི་འགོད་ཚུལ་གྱི་རིགས་མཐའ་ཡས་པ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་ཡིན་ན་འབྲས་རྟགས་ཡང་དག་ཡིན་མི་དགོས་པའི་ཕྱིར། འཁོར་གསུམ། རྒྱས་པར་འོག་ཏུ་སྤྲོ། འདི་ཡང་བློ་གྲོས་ཡངས་པ་རྣམས་ལ་རིགས་པའི་སྒོ་བརྒྱ་ཕྱེ་བ་ཡིན་ནོ།  །གཞི་གྲུབ་ན། རང་བཞིན་གྱི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་ན་རང་བཞིན་གྱི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། མ་ཁྱབ་ན། སྔར་རྟགས་ཡང་དག་གི་རིགས་པ་ལྟར་འགྲེས་ལ་སྒྲུབས་ཤིག །རྩ་རྟགས་མ་གྲུབ་ན། རང་བཞིན་གྱི་རྟགས་ཡང་དག་མི་སྲིད་པར་ཐལ། སྒྲ་ལྟ་བུའི་རྩོད་གཞི་དེ་མ་ཡིན་དགག་དང་སྒྲུབ་པ་གང་རུང་གི་རིགས་ཀྱི་ཆོས་དེར་སྒྲུབ་པའི་དེ་སྒྲུབ་ཀྱི་ཆོས་དང་རང་བཞིན་གཅིག་པའི་རྟགས་ཡང་དག་ཡིན་ན་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། གཞི་གྲུབ་ན་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར།

           གཞན་ཡང༌། རང་འགྲེལ་ལས། དེ་དག་ནི་འབྲས་བུ་དང་རང་བཞིན་དང་མ་དམིགས་པའི་མཚན་ཉིད་ཅན་གྱི་གཏན་ཚིགས་གསུམ་ཡིན་ཏེ། དཔེར་ན་དུ་བ་ལས་ནི་འདི་ན་མེ་ཡོད་དོ། །ཤིཾ་ཤ་བ་ཡིན་པའི་ཕྱིར། འདི་ནི་ཤིང་ཡིན་ནོ་ཞེས་གསུངས་པ་འདིས་ཤིཾ་ཤ་བ་སྟེ་ཨ་ཀ་རུ་དེ་བྲག་རྫོང་གི་ཨ་ཀ་རུ་ཤིང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་གཞིར་བཤད་མི་རིགས་པར་ཐལ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ལ་རང་བཞིན་གྱི་རྟགས་ཡང་དག་གིས་མ་ཁྱབ་པའི་ཕྱིར། སོགས་ལུང་སོ་སོར་སྦྱོར། གཞི་གྲུབ་ན་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན་སྔར་གྱི་རིགས་པ་བསྒྲེ། མ་གྲུབ་ན། དེར་ཐལ། རྒྱུ་ལྡན་དང་དངོས་པོ་དང་ཤེས་བྱ་དང་བརྗོད་པར་བྱ་བ་གང་རུང་ཡིན་ན། རྩོད་གཞི་གཅིག་ཆོས་ཀྱི་བདག་མེད་ལྟ་བུའི་མེད་དགག་ཅིག་བསྒྲུབ་བྱའི་ཆོས་སུ་བྱས་པ་དེར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དཔེར་ན་ཤེས་བྱ་དེ་ས་སོགས་འབྱུང་བ་ཆོས་ཀྱི་བདག་མེད་དུ་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་ཡིན་ལ། དེ་བཞིན་དུ་དངོས་པོ་དང་བརྗོད་བྱ་དང་རྒྱུ་ཅན་སོགས་རེ་རེ་ནས་ཡིན་པ་བཞིན་ཡིན་པའི་ཕྱིར། དེར་ཐལ། ཤེས་བྱ་དེ་ས་སོགས་འབྱུང་བ་དོན་དམ་པར་གཟུང་འཛིན་ཐ་དད་དུ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། ཤེས་བྱ་དེ་ས་སོགས་འབྱུང་བ་ཆོས་ཅན། དོན་དམ་པར་གཟུང་འཛིན་གཉིས་སུ་མེད་དེ། ཤེས་བྱ་ཡིན་པའི་ཕྱིར། དཔེར་ན། ཤེས་པ་བཞིན་ཞེས་པའི་སྦྱོར་བ་སྐོར་གཅིག་གི་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དབུ་མ་སྙིང་པོ་ལས། འདིར་ནི་ས་ལ་སོགས་པ་དག །དོན་དམ་པར་ན་འབྱུང་བ་ཡི། །ངོ་བོ་ཉིད་མིན་བྱས་ཕྱིར་དང༌། །རྒྱུ་ལྡན་སོགས་ཕྱིར་ཤེས་པ་བཞིན། །ཞེས་དང༌། རྟོག་གེ་འབར་བ་ལས་ཀྱང༌། གང་དང་གང་རྒྱུ་དང་ལྡན་པ་ཉིད་དང༌། དངོས་པོ་ཉིད་དང༌། ཤེས་བྱ་ཉིད་དང༌། བརྗོད་པར་བྱ་བ་ཉིད་ལ་སོགས་པ་ཡིན་པ་དེ་དང་དེ་ནི། འབྱུང་བའི་ངོ་བོ་ཉིད་མ་ཡིན་ཏེ། དཔེར་ན། ཤེས་པ་བཞིན་ནོ། །དེ་བཞིན་དུ་ས་ལ་སོགས་པ་དག་ཀྱང་དོན་དམ་པར་ན་འབྱུང་བའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱོར་ཞེས་གསུངས་པའི་ཕྱིར་དང༌། འདི་དག་གི་རིགས་པ་གོང་འོག་ཕན་ཚུན་སྒྲེ་ཤེས་པར་བྱ་ལ། འདི་དག་ལ་རིགས་པ་མི་འདྲ་བ་རེ་དཔེར་བཀོད་ན། འབྲེལ་ཟླ་མ་དམིགས་པའི་རྟགས་དང་འགལ་དམིགས་ཀྱི་རྟགས་དང་སྒྲུབ་རྟགས་དང་དགག་རྟགས་རྣམས་སྔ་མ་གསུམ་གྱིས་ལེགས་པར་གྲུབ་ཟིན། གཞི་གྲུབ་ན་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། གཞན་དོན་བསྒྲུབ་བྱ་ཡང་དག་ལྟ་བུ་ཁྱོད་ཀྱིས་རྟགས་ཡང་དག་ཙམ་ཡང་མ་ཡིན་པར་འདོད་པ་ཡང་དོན་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་ཀྱིས་རྟགས་ཡང་དག་མ་ཡིན་པར་བསམ་པའི་གང་ཟག་གི་བདག་མེད་ཀྱང་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་གཞན་ལ་ལྟ་ཅི་སྨོས་པའི་ཕྱིར། དང་པོ་མ་གྲུབ་ན། གཞན་དོན་བསྒྲུབ་བྱ་ཡང་དག་ཆོས་ཅན། དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དོན་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། སྒྲ་དང་མི་རྟག་པའི་ཚོགས་དོན་གང་ཟག་གི་བདག་ཚད་མས་མ་དམིགས་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །གང་ཟག་གི་བདག་ཚད་མས་མ་དམིགས་པ་དེ་མཚན་ཉིད་ཡིན་པའི་ཕྱིར། འཁོར་གསུམ། རྟགས་སོ་སོ་ནས་སྒྲུབ་སླ། མ་ཁྱབ་ན་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་མཚན་ཉིད་གང་རུང་ཞིག་བཀོད་པའི་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། རྩ་རྟགས་གཉིས་པ་མ་གྲུབ་ན། གང་ཟག་གི་བདག་མེད་ཀྱང་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྐྱེས་བུ་ཆོས་ཀྱི་བདག་ཚད་མས་མ་དམིགས་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ། རྟགས་དེར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། སོགས་སྔ་མ་ལྟར་རོ།  །གཞི་གྲུབ་ན་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གིས་ཁྱབ་པར་ཐལ། སྒྲ་ཆོས་ཅན། རྟག་པར་ཐལ། མ་བྱས་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཡང་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། རྟག་པར་ཐལ། མ་བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་དབྱེ་ན་ཕྱི་ནང་གང་ཟག་དུ་མའི་ངག་གི་ཐལ་འགྱུར་དེ་འདྲ་མེད་པར་ཐལ། དེ་འདྲའི་ཐལ་འགྱུར་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་དེ་སློབ་དཔོན་དབྱིག་གཉེན་གྱིས་བཀོད་པའི་སྒྲ་ཆོས་ཅན། རྟག་པར་ཐལ། མ་བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་མི་རྟག་པར་སྒྲུབ་པའི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །མི་རྟག་པ་མཚོན་བྱ་ཡིན་པའི་ཕྱིར། འཁོར་གསུམ་ཁས།

           བྱས་པ་ལ་ཁོ་ན་རེ། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གྲུབ་པར་ཐལ། ཁྱོད་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། སྒྲ་རྟག་པར་ཐལ་ཞེས་ཐལ་བ་ཙམ་བཀོད་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གྲུབ་པར་ཐལ། ཁྱོད་རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ། རྟགས་སྔར་བཞིན། བྱས་པ་ལ་ཁོ་ན་རེ། ཐལ་འགྱུར་སྔ་མ་ཆོས་ཅན། ཁྱོད་ཀྱི་རྟགས་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་གྲུབ་པའི་ཕྱིར་ན་མ་ཁྱབ་སྟེ། ཐལ་འགྱུར་དེ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པའི་རྟགས་གྲུབ་པ་དང་ཐལ་འགྱུར་རང་གི་རྟགས་གྲུབ་པ་གཉིས་དོན་མི་གཅིག་པའི་ཕྱིར་རོ། །འཁོར་གསུམ། དེས་དངོས་སྟོབས་ཀྱི་རྟགས་ཡང་བསྒྲུབས་ཟིན་ཏེ། སྒྲ་བདག་མེད་དུ་སྒྲུབ་པ་དང༌། མི་རྟག་པར་སྒྲུབ་པའི་རྟགས་གང་རུང་ཡིན་ན་དེ་སྒྲུབ་ཀྱི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར་ཏེ། སྒྲ་བདག་མེད་དང་མི་རྟག་པ་གཉིས་དངོས་སྟོབས་རྗེས་དཔག་གི་གཞལ་བྱ་ཡིན་པའི་ཕྱིར་རོ། །སོགས། གཞི་གྲུབ་ན་གྲགས་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། གང་ཟག་གི་བདག་མེད་ཡང་བུམ་པ་ཀ་བ་ཞེས་པའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་གྲགས་རྟགས་ཡང་དག་ཡིན་པས་ན་གཞན་ལ་ལྟ་ཅི་སྨོས་པའི་ཕྱིར། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་ཕྱི་རྒོལ་གཅིག་གིས་མ་བཀོད་ན་ཡང་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། བྱས་པ་དུས་ཀུན་ཏུ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། བྱས་པ་འགོག་པའི་ཚེ་ན་ཡང་བྱས་པ་སྒྲ་མི་རྟག་པར་སྒྲུབ་པ་ལ་དུས་ཀྱི་ཁྱད་པར་མ་བྱས་པ་འགོད་པ་ཡིན་པའི་ཕྱིར། འདི་ལ་ཞིབ་ཆ་ཞིག་འོག་ཏུ་བྱའོ། །ཁོ་ན་རེ། དུས་ཀུན་ཏུ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་དུ་སོང་བའི་དུས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དུས་དེ་གཉིས་མི་འགལ་བའི་ཕྱིར་ཏེ། རྒོལ་བའི་དབང་གིས་བྱས་པ་ལྟ་བུའི་རྟགས་ཡང་དག་གཅིག་ཕྱི་རྒོལ་གཅིག་ལ་དེ་སྒྲུབ་ཀྱི་ཡང་དག་དང་ལྟར་སྣང་དུ་སོང་བ་འགལ་ཡང༌། ཕྱི་རྒོལ་ཐ་དད་པ་ལ་ཡང་དག་དང་ལྟར་སྣང་སོ་སོར་སོང་བའི་དུས་འགལ་མི་དགོས་པའི་ཕྱིར། འདིས་རང་དོན་སྐབས་དང་གཞན་དོན་གྱི་རྟགས་མི་འགལ་པར་སོང་ཚུལ་ཤེས་པར་གྱིས། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན་པར་ཐལ། དེའི་ཚེ་ཡིན་འགོད་དང་ཡོད་འགོད་གང་རུང་གང་ཞིག །ཡོད་འགོད་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བདག་མེད་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་བྱས་པ་དང་གཅིག་ཡིན་པའི་ཕྱིར། འདོད་ན། རི་བོ་རྭ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། དེ་ལྟར་བཀོད་པའི་ཚེ་ན་བྱས་པ་ཡོད་པའི་ཕྱིར། འཁོར་གསུམ་ཁས། མ་ཁྱབ་ན། ཡོད་འགོད་ཡིན་པར་བུད། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་མེ་ཡོད་པར་སྒྲུབ་པའི་འགོད་ཚུལ་ཡོད་འགོད་ཡིན་པར་ཐལ། དེའི་ཚེ་ཡིན་འགོད་དང་ཡོད་འགོད་གང་རུང་གང་ཞིག །ཡིན་འགོད་མ་ཡིན་པའི་ཕྱིར། དང་པོ་སླ། གཉིས་པ་མ་གྲུབ་ན། དེའི་ཚེ་དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་དུ་བ་དང་གཅིག་ཡིན་པའི་ཕྱིར། འདོད་ན། དུ་ལྡན་ལ་ཆོས་ཅན། དུ་བ་མ་ཡིན་པར་ཐལ། ལ་ཡིན་པའི་ཕྱིར། འདོད་ན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་དང༌། རྟགས་ཡང་དག་ཡིན་པ་འབུད་པས་དངོས་འགལ་ལོ། །

           གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་བསྒྲུབ་བྱ་ཐམས་ཅད་སྒྲུབ་མི་དགོས་པའི་ཕྱིར། འདོད་ན། སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་ན་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་དགོས་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། བྱས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཁས། འདོད་ན། བྱས་པ་ཆོས་ཅན། ཚུལ་གསུམ་མ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། དེས་ན་མ་ཁྱབ་མཚམས་ལ་མ་ཁྱབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་ཀྱང་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་མི་དགོས་པ་ནི་གཙོ་ཆེ་ཆུང་དབང་གིས་ཡིན་པའི་ཕྱིར། དེར་ཐལ། དཔེར་ན། ཁྱོད་ཀྱང་ཡིན་མེད་ངེས་ཀྱང་ཡིན་པ་བཞག་ཆོག་ན་ཁྱོད་མེད་ངེས་ཡིན་མི་དགོས་ལ། ཁྱོད་ཀྱང་ཡིན་ཡོད་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་ན་ཁྱོད་ཡོད་པ་ཡིན་པས་ཁྱབ་པ་ནི་གཙོ་ཆེ་ཆུང་དབང་གིས་བཞག་པ་བཞིན་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པ་ལ་ཚད་མ་ཡོད་སྒྲ་རྟག་པར་སྒྲུབ་ལ་ཚད་མ་མེད་པའི་ཕྱིར། ཁྱབ་སྟེ། འདི་ཉིད་ལས། གང་ལ་རྒྱབ་བརྟེན་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །ཞེས་གསུངས་པའི་རིགས་ལམ་ཆེན་པོ་ཡིན་པའི་ཕྱིར།

           ཡང་ཁོ་ན་རེ། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་མ་ཁྱབ་པར་ཐལ། རྟགས་ཡང་དག་གི་ལོག་ཕྱོགས་གཏན་ཚིགས་ལྟར་སྣང་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། མེད་པ་ཡོད་པར་ཐལ། ཡོད་པའི་ལོག་ཕྱོགས་མེད་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། ཁོ་ན་རེ། རྟགས་ཡང་དག་གི་ལོག་ཕྱོགས་གཏན་ཚིགས་ལྟར་སྣང་ཁོ་ཁོ་རང་ཡིན་པར་ཐལ། དེ་ཡོད་པའི་ཕྱིར། འདོད་ན། རྟགས་ཡང་དག་གི་ལོག་ཕྱོགས་གཏན་ཚིགས་ལྟར་སྣང་ཆོས་ཅན། རྟགས་ཡང་དག་གི་ལོག་ཕྱོགས་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རྟགས་ཡང་དག་གི་གོལ་ས་མ་ཡིན་པར་ཐལ། རྟགས་ཡང་དག་ཡིན་པའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར། ཡང་རྟོག་གེའི་དབང་པོ་ཁ་ཅིག་ན་རེ། བསྒྲུབ་བྱ་ཡང་དག་ཡིན་ན་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་གིས་རྟོགས་པས་ཁྱབ་པར་ཐལ། རྟགས་ཡང་དག་ཡིན་ན་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་གིས་རྟོགས་པས་ཁྱབ་པའི་ཕྱིར་ན། ཁ་ཅིག་མ་ཁྱབ་ཟེར་ན་སོང༌། བསྒྲུབ་བྱ་ཡང་དག་ཡིན་ན་རྟགས་ཡང་དག་འགོད་པ་སྐབས་བབས་ཀྱི་གང་ཟག་གི་ཚད་མས་རྟོགས་པས་ཁྱབ་པར་ཐལ། རྟགས་ཡང་དག་འགོད་པ་སྐབས་བབས་ཀྱི་གང་ཟག་གི་ཚད་མས་མ་རྟོགས་པ་མེད་པའི་ཕྱིར། མ་གྲུབ་ན། དེའི་ཚད་མས་མ་གྲུབ་པའི་ཡོད་པ་ཁོ་ཁོ་རང་དུ་ཐལ། དེ་ཡོད་པའི་ཕྱིར། འདོད་ན། དེའི་ཚད་མས་མ་གྲུབ་པ་ཆོས་ཅན། དེའི་ཚད་མས་གྲུབ་པར་ཐལ། རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ་ཁས། རྩ་རྟགས་མ་གྲུབ་བྱས་པ་ལ་ཁོ་ན་རེ། རྩ་རྟགས་དེར་ཐལ། རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་གི་ཚད་མས་མ་རྟོགས་པ་ཡོད་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ། དེའི་ཚད་མས་མ་གྲུབ་པ་ཁོ་ཁོ་རང་དུ་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་གི་ཚད་མས་མ་གྲུབ་པ་ཆོས་ཅན། རྟགས་ཡང་དག་འགོད་པ་སྐབས་སུ་བབ་པའི་གང་ཟག་གི་ཚད་མས་རྟོགས་པར་ཐལ། ཁྱོད་རྟགས་ཡང་དག་འགོད་པ་སྐབས་སུ་བབ་པའི་གང་ཟག་གི་ཚད་མས་མ་གྲུབ་པའི་བྱས་པ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་གི་ཚད་མས་གྲུབ་པའི་ཕྱིར་ན་འདིར་མ་ཁྱབ་པ་ཁོ་ན། རྟགས་གྲུབ་སྟེ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་ཁྱབ་མཚམས་ལ་འོ་ན། བྱས་པ་གང་ཡང་རུང་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགོད་པ་སྐབས་བབས་ཀྱི་གང་ཟག་ཡིན་ན། བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགོད་པ་སྐབས་བབས་ཡིན་དགོས་པར་ཐལ། རྟགས་ཡང་དག་འགོད་པ་སྐབས་བབས་ཀྱི་གང་ཟག་གི་ཚད་མས་མ་གྲུབ་པའི་གཞལ་བྱ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགོད་པ་སྐབས་བབས་ཀྱི་གང་ཟག་ཡིན་ན། རྟགས་ཡང་དག་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགོད་པ་སྐབས་བབས་ཀྱི་གང་ཟག་ཡིན་དགོས་པའི་ཕྱིར། མ་གྲུབ་ན་དངོས་སུ་འགལ་ལ། དེར་ཐལ། སྔ་མའི་ཚད་མས་ངེས་ན་ཕྱི་མའི་ཚད་མས་ངེས་པས་ཁྱབ་པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། དོན་བྱེད་ནུས་པའི་རྟགས་ཀྱིས་སྒྲ་བྱས་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་བབས་ཀྱི་གང་ཟག་ཡིན་ན་བྱས་པ་སྒྲ་བྱས་པར་སྒྲུབ་པའི་རྟགས་ཡང་དག་འགོད་པ་སྐབས་བབས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། དོན་བྱེད་ནུས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་སྒྲའི་སྟེང་དུ་བྱས་པ་ངེས་དགོས་ཀྱི་གང་ཟག་མ་ཡིན་པར་ཐལ། ཁྱོད་བྱས་པ་བྱས་པར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ་དང་མ་གྲུབ་ན། དེ་ཆོས་ཅན། རྟགས་དེར་ཐལ། ཁྱོད་བྱས་པ་དེ་སྒྲུབ་ལ་རྟགས་ཡང་དག་ཏུ་འགོད་པ་སྐབས་བབས་ཀྱི་གང་ཟག་ཡིན་པའི་ཕྱིར། རྟགས་སོང༌། དེར་ཐལ། ཁྱོད་དོན་བྱེད་ནུས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགོད་པ་སྐབས་བབས་ཀྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། མ་གྲུབ་ན། དོན་བྱེད་ནུས་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགོད་པ་སྐབས་བབས་ཀྱི་གང་ཟག་རང་ཉིད་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། སོགས་བྱ། ཡང་ཁ་ཅིག །རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཆོས་ཅན། གཞི་གྲུབ་ན། ཁྱོད་ཀྱི་ཚད་མས་གྲུབ་པས་ཁྱབ་པར་ཐལ། ཁྱོད་རྟགས་ཡང་དག་འགོད་པ་སྐབས་སུ་བབས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། ལ་ལ་མ་གྲུབ་ཟེར། ཁྱབ་པར་ཐལ། གཞི་གྲུབ་ན་རྟགས་ཡང་དག་གིས་ཁྱབ་པ་གང་ཞིག །དེ་འདྲའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འདི་འཁྲུལ་བ་ཆེན་པོ་ཡིན་ལ། ཚིག་སྐྱོན་ཡང་ཡོད་དོ། །འོ་ན། ཤེས་བྱ་དེ་སྒྲུབ་ལ་རྟགས་ཡང་དག་ཏུ་འགོད་པ་སྐབས་བབས་ཀྱི་གང་ཟག་ཆོས་ཅན། གཞི་གྲུབ་ན་ཁྱོད་ཀྱི་ཚད་མས་གྲུབ་པས་ཁྱབ་པར་ཐལ། ཁྱོད་ཤེས་བྱ་དེ་སྒྲུབ་ལ་རྟགས་ཡང་དག་ཏུ་འགོད་པ་སྐབས་བབས་ཀྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། མ་ཁྱབ་ན་ཁྱབ་པར་ཐལ། གཞི་གྲུབ་ན་ཤེས་བྱས་ཁྱབ་པ་གང་ཞིག །དེ་འདྲའི་གང་ཟག་ཡིན་པའི་ཕྱིར། འཁོར་གསུམ་ཁས། ཚིག་སྐྱོན་ཡང་རྟགས་ཡང་དག་འགོད་པའི་སྦྱོར་བ་ཡིན་ན་རྟགས་སྦྱོར་ཡང་དག་ཡིན་པས་ཁྱབ་པར་ཐལ། རྟགས་ཡང་དག་འགོད་པ་སྐབས་བབས་ཀྱི་ཕྱི་རྒོལ་དེ་ཕྱི་རྒོལ་རྣམ་དག་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། རྟགས་ཡང་དག་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཆོས་ཅན། རྟགས་སྦྱོར་ཡང་དག་ཡིན་པར་ཐལ། རྟགས་ཡང་དག་བཀོད་པའི་སྦྱོར་བ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་ཡང་དག་ཆོས་ཅན། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་ཁྱོད་བཀོད་པའི་སྦྱོར་བ་ཡིན་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། དེ་འདྲའི་སྦྱོར་བ་ཡོད་པ་གང་ཞིག །རྟགས་ཡང་དག་ཅེས་པའི་རྟགས་སུ་འགོད་རྒྱུ་ངོས་བཟུང་ནས། ཕྱིར་ཞེས་པས་དེ་རྟགས་སམ་རྒྱུ་མཚན་དུ་བཀོད་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བདག་མེད་ཡིན་པའི་ཕྱིར།

           གཉིས་པ་གྲུབ་སྟེ། དཔེར་ན་བྱས་པའི་ཕྱིར་ཞེས་པས་བྱས་པ་ངོས་བཟུང༌། ཕྱིར་ཞེས་པའི་སྒྲས་བྱས་པ་གཏན་ཚིགས་སུ་བཀོད་པའི་ཕྱིར་ཏེ། རྟོག་གེ་འབར་བ་ལས། གཏན་ཚིགས་ཉེ་བར་འཇོག་པ་ནི་བྱས་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། ཞེས་པ་ནས། གཏན་ཚིགས་ཀྱི་དོན་དུ་ཕྱིར་ཞེས་སྨོས་སོ་ཞེས་གསུངས་པའི་ཕྱིར། འཕགས་ཡུལ་པཎ་ཆེན་གྱི་ཚིག་ལྷག་ཆད་ཅན་མི་མཛད་ཀྱང་བོད་རྒན་དག་གིས་ཚིག་ཟློས་ཅན་མང་ངོ༌། །རྩ་བར་འདོད་མི་ནུས་ཏེ། དེ་སྦྱོར་བ་ལྟར་སྣང་ཡིན་པའི་ཕྱིར། དེར་ཐལ། དེ་རྟགས་ཙམ་བཀོད་པའི་སྦྱོར་བ་ལྟར་སྣང་ཡིན་པའི་ཕྱིར་ཏེ། རྟགས་ཙམ་བཀོད་པའི་སྒྲུབ་ངག་ལྟར་སྣང་བྱེ་བྲག་པས་བཀོད་པ་ཡོད་པའི་ཕྱིར། དེར་ཐལ། བྱེ་བྲག་པ་སོགས་ཀྱིས་འདི་བྱས་པའི་ཕྱིར་ཞེས་པའི་སྒྲུབ་ངག་གིས་སྒྲ་མི་རྟག་པར་སྒྲུབ་ཐུབ་པར་འདོད་ཅིང་ཚུལ་ཕྱི་མ་གཉིས་མི་བརྗོད་པའི་ཕྱིར། མདོའི་རང་འགྲེལ་ལས། རྟོག་གེའི་བསྟན་བཅོས་རྣམས་སུ་ནི་ཕྱོགས་ཀྱི་ཆོས་ཉིད་ཙམ་གཏན་ཚིགས་ཀྱི་སྦྱོར་བ་ཡིན་ནོ་ཞེས་གྲགས་ཏེ་ཞེས་དང༌། མཚན་ཉིད་ལྷག་མ་ནི་སྦྱོར་བ་མ་བརྗོད་པས་དེའི་དོན་དུ་ཞེས་གསུངས་པའི་ཕྱིར། དར་ཊིཀ་མཐར་འཛིན་གདུང་སེལ་ལས་ཀྱང༌། རྟོག་གེའི་བསྟན་བཅོས་གཞན་རྣམས་ལས་ཕྱོགས་ཆོས་ཙམ་སྟོན་པ་སྦྱོར་བ་ཡང་དག་ཏུ་འདོད་པ་དག་གི་ལོག་རྟོག་དགག་པའི་ཆེད་དུ་ཞེས་གསུངས་པའི་ཕྱིར་རོ། །

           རྟགས་ཡང་དག་གི་གྲངས་ངེས་ལ། གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་དོན་ལ་ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་ཏེ། འབྲེལ་བ་ལ་གཉིས་སུ་གྲངས་ངེས་པའི་ཕྱིར་ཟེར། འོ་ན། ཤེས་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་ཐལ་ལོ། །འབྲེལ་བ་ལ་གཉིས་སུ་གྲངས་ངེས་པའི་ཕྱིར། འཁོར་གསུམ་ཁས། ཁོ་ན་རེ། དེ་སྒྲུབ་ཀྱི་འབྲེལ་བ་གཞིར་བཞག་ཟེར་ན། འོ་ན། སྒྲ་དངོས་པོར་སྒྲུབ་པའི་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་ཐལ། སྒྲ་དངོས་པོར་སྒྲུབ་པའི་འབྲེལ་བ་ལ་གཉིས་སུ་གྲངས་ངེས་པའི་ཕྱིར་རོ། །འཁོར་གསུམ། དེར་ཐལ། དེ་སྒྲུབ་ཀྱི་འབྲེལ་བ་ལ་གཉིས་ཡོད། དེ་ལས་མང་མེད་པའི་ཕྱིར། དེར་ཐལ། དོན་བྱེད་ནུས་པའི་རྟགས་ཀྱིས་བདག་གཅིག་འབྲེལ། དངོས་པོ་སྐད་ཅིག་ཕྱི་མའི་རྟགས་ཀྱིས་དེ་འབྱུང་འབྲེལ་ལྟ་བུ་ཡོད་པའི་ཕྱིར། རྟགས་སླ། འདོད་ན། སྒྲ་དངོས་པོར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག །གསལ་བ་སྔ་མ་ལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ་ལ་དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་ངེས་པའི་ཕྱིར་ཟེར་ན། འོ་ན། སྒྲ་མི་རྟག་པར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་ཡོད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པ་གང་ཞིག །དེ་སྒྲུབ་ཀྱི་རྟགས་ཡང་དག་དང་གཅིག་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དང་གཅིག་མ་ཡིན་པས་མ་ཁྱབ་པའི་ཕྱིར། དང་པོ་ཁས། ཕྱི་མ་མ་གྲུབ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་ཡོད་པའི་ཕྱིར། འདོད་ན་སོང༌། དེ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་དང་གཅིག་ཡིན་པའི་ཕྱིར་རམ། ཡང་ན་ཁྱོད་ཁྱོད་དང་གཅིག་ཡིན་པའི་ཕྱིར། རྟགས་ཁྱབ་དེ་སྒྲུབ་ལ་སོང༌། དེ་ལ་ཁོ་ན་རེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་གྲངས་ངེས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་གྲངས་ངེས་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་དང་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས་སུ་གྲངས་ངེས་པའི་ཕྱིར། ཡང་ཁོ་ན་རེ། དེ་ལྟར་གྲངས་ངེས་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་དབྱེར་ཡོད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡོད་པ་གང་ཞིག །དེ་ལ་ཕྱི་མ་གཉིས་ཀྱང་ཡོད་པའི་ཕྱིར། དང་པོ་དེར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་གཅིག་ཡིན་ན་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་དང་གཅིག་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། སྔར་བཞིན་བསྒྲེ། ཕྱི་མ་གཉིས་ཀྱང་དེ་ལྟར་ཟེར་ན། འོ་ན། ཤེས་བྱ་ཆོས་ཅན། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་དང་གཅིག་ཡིན་པར་ཐལ། ཁོ་རང་གི་རྟགས་དེའི་ཕྱིར། ཁྱབ་པ་བསྒྲིགས་པ་ཡིན་པས་གཤགས་ན་ངོ་ཚ་ཡིན་ནོ། །འདོད་ན། དེ་གཉིས་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་མེད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས་སོ། །འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། ཡང་ཁྱབ་པ་ཁས་སོ། །འདོད་ན། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། འཁོར་གསུམ་ཁས། ཡང་དེ་ཆོས་ཅན། མེ་མེད་པར་ཐལ། དུ་བ་ཡོད་པའི་ཕྱིར། འཁོར་གསུམ་ཁས། འདི་དག་ལ་ཚིག་འཁྲི་ཆེ་ཡང་གོ་ཐོབ་ཀྱང་ཡོད་ཅིང་རིགས་པ་ཕྲ་བར་ཕན་པས་སྣང་ཆུང་མི་བྱ། ཡང་སྔ་ཕྱིའི་མཁས་པ་མང་པོས་གཞི་གྲུབ་ན་དགག་རྟགས་ཡང་དག་དང་རང་བཞིན་གྱིས་རྟགས་ཡང་དག་གིས་ཁྱབ་པ་ཁས་བླངས་ནས་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་གྲངས་ངེས་པར་ཁས་ལེན་པ་ཚིག་ལ་དངོས་འགལ་ཡིན་པར་གོ་སྟེ། ཤེས་བྱ་ལ་གཞལ་བྱ་དང་ཡོད་པ་དང་དངོས་པོ་གསུམ་དུ་གྲངས་ངེས་པར་ཐལ། རྟགས་ཡང་དག་ལ་འབྲས་བུ་དང་རང་བཞིན་དང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པའི་ཕྱིར། རྟགས་སོང༌། མ་ཁྱབ་ན། རང་བཞིན་གྱི་རྟགས་ཡང་དག་དང་མ་དམིགས་པའི་རྟགས་ཡང་དག་གཉིས་རྟགས་ཡང་དག་གི་ཡ་གྱལ་ཡིན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། རང་བཞིན་གྱི་རྟགས་ཡང་དག་གི་ཡ་གྱལ་ལ་རྟགས་ཡང་དག་དང་མ་དམིགས་པའི་རྟགས་ཡང་དག་འཇོག་རིགས་པར་ཐལ། རྟགས་ཡང་དག་དང་རང་བཞིན་གྱི་རྟགས་ཡང་དག་དང་མ་དམིགས་པའི་རྟགས་ཡང་དག་གསུམ་ཁྱབ་ཆེ་ཆུང་མེད་ཀྱང་ཕྱི་མ་གཉིས་སྔ་མའི་ཡ་གྱལ་དང༌། སྔ་མ་ཕྱི་མ་གཉིས་ཀྱི་དབྱེ་གཞི་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། རྟགས་ཡང་དག་ཆོས་ཅན། ཁྱོད་ཁྱོད་ཀྱི་དབྱེ་གཞི་དང་ཁྱོད་ཁྱོད་ཀྱི་ཡ་གྱལ་གཉིས་ཀ་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། འཁོར་གསུམ་ཁས།

           རང་ལུགས་ལ་རྟགས་ཡང་དག་ལ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་དང་འབྲེལ་བ་ཅི་རིགས་སྒོ་ནས་ཕྱེ་ན་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་ཁོ་ནར་ཟད་ཅིང་དེ་ལས་གཞན་པའི་རྟགས་ཡང་དག་ཀྱང་མེད་དེ། མེད་ན་མི་འབྱུང་གི་ཁྱབ་པའི་ཚུལ་གཉིས་དང་ཕྱོགས་ཆོས་ཏེ་ཚུལ་གསུམ་ཡིན་པ་དེ་གསུམ་དུ་ངེས་པའི་ཕྱིར་ཏེ། དེ་གསུམ་ཁོ་ནར་ངེས་པའི་ཕྱིར། རྣམ་བཤད་ལས། ཚུལ་གསུམ་པའི་གཏན་ཚིགས་དེ་ནི་རྣམ་པ་གསུམ་ཉིད་དུ་ངེས་ཏེ་སོགས་དང༌། རྣམ་ངེས་རང་འགྲེལ་ལས། མཚན་ཉིད་དེ་དང་ལྡན་པའི་གཏན་ཚིགས་མ་དམིགས་དང༌། བདག་དང་འབྲས་བུ་ཞེས་བྱ་གསུམ། ཁོ་ནའོ། །ཞེས་གསུངས་པའི་ཕྱིར། གཞུང་འདིས་རྟགས་ཡང་དག་གི་གྲངས་ངེས་མ་བསྟན་ཡང་བཤད་མི་རུང་སྟེ། ཤཱཀྱས། རྣམ་གསུམ་ཞེས་བྱ་བ་ནི་གྲངས་ངེས་པའོ། །ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་ལས་ཀྱང་ཚིགས་བཅད་འདིས། མཚན་ཉིད་གྲངས་ངེས་སོགས་འཆད་པར་གསུངས་པའི་ཕྱིར། རྟགས་ཡང་དག་ལ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་འབྲེལ་ཚུལ་ཅི་རིགས་སྒོ་ནས་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་ཕྱེ་བ་ཚིག་དོན་གཉིས་ཀར་མི་འགལ་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དངོས་ཤུགས་གང་རུང་ལ་དངོས་པོ་སྟེ་སྒྲུབ་པ་སྒྲུབ་པའི་སྒྲུབ་པ་འབྲེལ་ཚུལ་གྱི་རྟགས་ཡང་དག་གཉིས་དང༌། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དགག་བྱ་བཀག་ཙམ་ཁོ་ན་ལས་དངོས་ཤུགས་གང་ལ་ཡང་སྒྲུབ་པ་མི་སྒྲུབ་པའི་མ་དམིགས་པའི་དགག་རྟགས་ཡང་དག་དང་གསུམ་དུ་གྲངས་ངེས་པའི་ཕྱིར། སོགས་བྱ་སྟེ། སྒྲུབ་ཆོས་དང་འབྲེལ་ཚུལ་གཉིས་ཚོགས་ཀྱི་གྲངས་ངེས་ཡིན་ཏེ། སྒྲུབ་ཆོས་ཀྱི་གཉིས་སུ་ཕྱེ་བ་16ལས། སྒྲུབ་རྟགས་ལ་འབྲེལ་ཚུལ་གཉིས་བྱུང་བས་འབྲས་བུ་དང་རང་བཞིན་གྱི་རྟགས་ཕྱེ་བས་གསུམ་དུ་སོང་བའི་ཕྱིར་དང༌། དེ་ལྟར་གསུམ་དུ་གྲངས་ངེས་པ་ནི། འདིའི་རང་འགྲེལ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་ཏེ། རང་བཞིན་དང་འབྲེལ་བ་ཡོད་ན་དོན་འཁྲུལ་བ་མེད་དོ་ཞེས་གསུངས་པའི་ཕྱིར་དང༌། རྣམ་ངེས་འགྲེལ་པར་ཡང་ངོ༌། །བྱས་པ་ལ་ཁོ་ན་རེ། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་ཐལ། རྟགས་ཡང་དག་ལ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་དང་འབྲེལ་ཚུལ་ཅི་རིགས་ཀྱིས་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པའི་ཕྱིར་ན་མ་ཁྱབ་པ་ཤིན་ཏུ་གསལ་བར་རྟོགས་སླའོ། །ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་འཆད་པའི་དངོས་བསྟན་གྱི་ཕྱོགས་ལ་ཚོགས་དོན་ཞིག་མི་འཇོག་པར་ཐལ། དེ་དེ་སྒྲུབ་ཀྱི་རྩོད་གཞི་ཁོ་ནར་འཇོག་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཚུལ་གསུམ་འཆད་པའི་དངོས་བསྟན་གྱི་ཕྱོགས་ལ་ཚོགས་དོན་ཞིག་མི་འཇོག་པར་ཐལ། འདོད་པ་གང་ཞིག །ཚུལ་གཞན་གཉིས་འཆད་པའི་དངོས་བསྟན་གྱི་ཕྱོགས་མེད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཚུལ་དང་པོ་འཆད་པའི་སྐབས་ཀྱི་ཕྱོགས་ལའང་ཚོགས་དོན་ཞིག་མི་རུང་བར་ཐལ། འདོད་པའི་ཕྱིར་ན་འདིར་མ་ཁྱབ་སྟེ། ཚུལ་དང་པོའི་ཤུགས་བསྟན་གྱི་གཙོ་བོ་ལ་འཇོག་པའི་ཕྱིར་རོ། །ཡང་ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་འཆད་པའི་དངོས་བསྟན་གྱི་ཕྱོགས་སྒྲ་འཇུག་གཞི་ལ་སྒྲ་ཁོ་ནས་ཁྱབ་པར་ཐལ། དེ་ལ་ཚོགས་དོན་དང་ཆོས་གང་ཡང་མི་འཇོག་པའི་ཕྱིར་ན་མ་ཁྱབ། འདོད་ན། དེའི་སྐབས་ཀྱི་དངོས་བསྟན་གྱི་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་སྒྲ་འཇུག་གཞི་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྟོག་པས་སྒྲོ་བཏགས་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་ཀ་རྟོག་པས་སྒྲོ་བཏགས་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། ཆོས་དང་ཆོས་ཅན་རྣམས་བརྟགས་པ། །ཞེས་གསུངས་པའི་ཕྱིར། །

(16) པར་ཐེངས་གཉིས་པ། ལ།

                    སྨྲས་པ།

                        འཕགས་བོད་པཎ་གྲུབ་དྲང་སྲོང་བརྒྱས་བསྒྲུབས་པའི། །དག་བྱེད་བློ་གྲོས་རལ་པའི་ཀློང་ཡངས་ནས། །གྲངས་མེད་རིགས་པའི་རླབས་འཕྱོ་གངྒཱའི་རྒྱུན། །ས་གསུམ་དྲི་མ་འཁྲུད་བྱེད་མཆོད་ཡོན་བསྒྲུབ། །ཕྱོགས་གླང་ཇི་བཞིན་རྟོག་གེའི་མཐར་སོན་ཀྱང༌། །ཕྱོགས་གླང་ལྟ་བུར་དབེན་པ་ལ་དགའ་བས། །ཕྱོགས་གླང་རིགས་པས་ཐུབ་བསྟན་ཀུན་འགྲེལ་ཚུལ། །ཕྱོགས་གླང་གཞུང་བཞིན་ཚིག་དོན་མ་འཁྲུལ་བཤད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                                                                                                                             རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།