ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་ཕྱོགས་སྒྲའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-04 21:52:41     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

97058295108396316.jpg

                  རང་འགྲེལ་གྱི་གཞུང་དོན་བསྡུས་ཙམ་བཀོད་ན། སྐབས་འདིར་ཆོས་ཅན། དོན་ལྔས་བཤད་པ་ཡིན་ཏེ། ཕྱོགས་ཆོས་ཀྱི་སྒྲ་དོན་བཤད་པ་དང༌། དེ་ཆས་ཁྱབ་པའི་དོན་དང༌། གཏན་ཚིགས་གསུམ་གྱི་དོན་དང་འབྲེལ་བའི་སྒོ་ནས་གཉིས་སུ་བཤད་པ། དེ་ལ་རྩོད་སྤངས་ཤེས་བྱེད་དང་ལྔ་ཡོད་པའི་ཕྱིར། དང་པོ་ནི། རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ནོ། །ཞེས་པ་ནས། མ་ཡིན་ཏེ་བཤད་པར་བྱའོ་ཞེས་བྱུང༌། གཉིས་པ་འཆད་པར། རང་འགྲེལ་ལས། དེའི་ཆ་ནི་ཞེས་པ་ནས། ཕྱོགས་ཀྱི་ཆོས་ཀྱང་བཤད་པ་ཡིན་ནོ། །ཞེས་གསུངས། གསུམ་པ་འཆད་པར། རང་འགྲེལ་ལས། དེ་དག་ནི་འབྲས་བུ་དང༌། ཞེས་པ་ནས། ཡོད་པ་ཅན་ཞེས་བཤད་པ་ཡིན་ནོ་ཞེས་བྱུང༌། བཞི་པ་ནི། རང་འགྲེལ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་ཏེ། ནས། དེ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་བྱུང༌། ལྔ་པ་ནི། རང་འགྲེལ་ལས། གལ་ཏེ་དེའི་བདག་ཉིད་ཡིན་ན། ཞེས་པ་ནས། རག་མ་ལས་པའི་ངོ་བོ་རྣམས་ནི་ལྷན་ཅིག་འབྱུང་བའི་ངེས་པ་མེད་པའི་ཕྱིར་རོ། །ཞེས་བྱུང༌། འདི་རྣམས་ཀྱི་ལྷག་མ་འོག་ཏུ་འཆད་ལ། འདིར་ཕྱོགས་ཆོས་ཀྱི་སྒྲ་དོན་མདོ་རྩ་འགྲེལ་དང་དར་ཊིཀ་རྣམ་ངེས་རྩ་འགྲེལ་དང་འགྲེལ་བཤད་འཐད་ལྡན་དང་དར་ཊིཀ་དང་འདིའི་རང་འགྲེལ་འགྲེལ་བཤད་དག་ལ་བརྟེན་ནས་ཅུང་ཟད་བཤད་ན། ཕྱོགས་ཆོས་ཀྱི་ཕྱོགས་ངོས་བཟུང་བ་དང༌། གཏན་ཚིགས་དེའི་ཆོས་ཡིན་ན་ཐུན་མོང་མ་ཡིན་པར་ཐལ་བ་སྤངས་པ་གཉིས།

           དང་པོ་ལ། དངོས་དང་དགོས་མེད་ཀྱི་རྩོད་སྤངས་གཉིས། དང་པོ་ནི། ཚད་མ་མདོ་ལས། གང་ཞིག་བསྒྲུབ་བྱའི་ཆོས་ཀྱི་རྟགས། །དེ་ལྟར་སྣང་བ་ཕལ་ཆེ་བས། །ཞེས་སོགས་ཀྱི་འདིར་བསྒྲུབ་བྱའི་ཆོས་ཞེས་པ་དང༌། དེའི་རང་འགྲེལ་ལས། གང་གི་ཕྱིར་ཕྱོགས་ཆོས་རྣམ་པ་དགུར་བསྟན་པ་དེའི་ཕྱིར། དེ་ཉིད་སྔར་བརྟག་པར་བྱའོ་ཞེས་པའི་ཕྱོགས་ཆོས་ཞེས་པ་གཉིས་དོན་གཅིག་ལ། འདིར་ཕྱོགས་ཆོས་ཞེས་པའི་ཕྱོགས་དེ་ཆོས་དང་ཆོས་ཅན་གྱི་སྤྱི་ལ་བྱེད་པར་ཐལ། རྟོག་གེའི་གཞུང་ལས། ཆོས་དང་ཆོས་ཅན་ཚོགས་པའི་སྤྱི་ནི་བསྒྲུབ་བྱ་དང་ཕྱོགས་ཞེས་དེ་ལྟར་གྲགས་པའི་ཕྱིར། མ་གྲུབ་ན། གྲགས་པས་གནོད་ལ། འདོད་ན། ཕྱོགས་ཀྱི་ཆོས་གྲུབ་ན་བསྒྲུབ་བྱ་གྲུབ་པར་ཐལ་ལོ། །ཆོས་དང་ཆོས་ཅན་ཚོགས་དོན་གྱི་ཆོས་གྲུབ་པ་དང་ཚོགས་དོན་གྲུབ་དགོས་པའི་ཕྱིར། མ་གྲུབ་ན། ཁྱད་གཞི་མ་གྲུབ་པར་ཁྱད་ཆོས་གྲུབ་པར་ཐལ་བའི་སྐྱོན་ཡོད་པས་ཁེགས་སོ། །འདོད་ན། གཏན་ཚིགས་ཕྱོགས་ཆོས་མ་ཡིན་པར་ཐལ་ལོ། །ཞེས་པའི་རྩོད་ཚུལ་ནི། མདོའི་རང་འགྲེལ་ལས། རེ་ཞིག་ཅི་སྟེ། ཕྱོགས་ཀྱི་ཆོས་སུ་འགྱུར་ཞེ་ན་ཞེས་དང༌། ཤཱཀྱས། མདོ་ལས་ཕྱོགས་ཆོས་ཞེས་བཤད་པ་ཕྱོགས་ནི་ཆོས་དང་ཆོས་ཅན་གྱི་སྤྱི་ལ་བྱ་ན་གཏན་ཚིགས་ནི་སྤྱིའི་ཆོས་ཉིད་ཡིན་པར་ཕྱིར་རྒོལ་བ་ལ་མ་གྲུབ་བོ། །འོན་ཏེ་གྲུབ་ན་རྗེས་སུ་དཔག་པ་དོན་མེད་དོ་ཞེ་ན་ཞེས་གསུངས། འདིའི་སྤྱི་ནི་ཚོགས་སྤྱི་ཡིན་ལ་དེ་བཞིན་དུ། འཐད་ལྡན་ལས། འདིར་ཕྱོགས་ནི་བསྒྲུབ་བྱའི་ཆོས་དང་ཆོས་ཅན་གྱི་སྤྱི་ཡིན་པས། ཞེས་པ་ནས། བསྒྲུབ་པར་བྱ་གཞན་ཅི་ཞིག་ཡོད། །ཅེས་བྱུང༌། དེ་ལ་སྐྱོན་དེ་མེད་པར་ཐལ། རྟགས་ཚུལ་དང་པོ་འཆད་པའི་ཕྱོགས་སྒྲ་དང་བསྒྲུབ་བྱའི་སྒྲ་ནི་ཚོགས་དོན་ལ་བྱས་ན་སྐྱོན་དེ་ལྟར་ཡོད་ཀྱང༌། འདིར་ཤེས་འདོད་ཆོས་ཅན་ལ་བཏགས་ནས་བྱེད་པ་ཙམ་ཡིན་པའི་ཕྱིར་དང་ཆོས་ཅན་ཕྱོགས་མཚན་ཉིད་པ་དང་བསྒྲུབ་བྱར་ཡང་མི་འདོད་པའི་ཕྱིར་རོ། །ཇི་སྐད་དུ་མདོའི་རང་འགྲེལ་ལས། ཇི་ལྟར་མི་འགྱུར། ཆོས་ཅན་ནི་གྲུབ་ཟིན་བའི་ཕྱིར་སྒྲུབ་པར་མི་འདོད་པས་ན་ཉེས་པ་མེད་དོ་ཞེས་དང༌། དེའི་དོན་འཆད་པར། རྣམ་ངེས་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། ཞེས་པའི་རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ནོ་ཞེས་དང༌། ཤཱཀྱས། ཕྱོགས་ནི་ཆོས་ཅན་ནོ་ཞེས་བྱ་བ་སྨོས་ཏེ་ཉེ་བར་བརྟགས་པའི་ཕྱིར་རོ་སྙམ་དུ་བསམ་པ་ཡིན་ནོ་ཞེས་དང༌། འཐད་ལྡན་ལས། དེའི་ཕྱིར་ཕྱོགས་ཀྱི་སྒྲ་དངོས་ཀྱི་དོན་ལ་འཇུག་པར་འདོད་པ་ནི་མ་ཡིན་ནོ་ཞེས་དང༌། ཕྱོགས་ནི་ཆོས་ཅན་ནོ་ཞེས་སྨོས་ཏེ་ཕྱོགས་ཀྱི་སྒྲས་ནི་འདིར་ཆོས་ཅན་བརྗོད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར།

           གཉིས་པ་ལ་རྩོད་པ་དང་ལན་གཉིས། དང་པོ་རྩོད་མཁན་ནི་ཆ་བའི་རྣམ་ངེས་ཊིཀ་ཆེན་ཉི་ཟེར་ལས་དབང་ཕྱུག་སྡེ་ཡིན་གསུངས། ཕྱོགས་ལྷ་དང་བསོད་ནམས་གྲགས་པས་པཎྚི་ཏ་སུརྱ་བར་འདོད་དོ། །སུརྱ་ཐེང་བོ་མདོ་དང་རྣམ་འགྲེལ་ངེས་ཀྱི་ཕྱོགས་སྔར་འདོད་ན་མི་འཐད་པར་ཐལ། དེ་ལོ་ཙྪ་བ་བློ་ལྡན་ཤེས་རབ་དང་རྣམ་བཤད་ལྟར་བརྩད་པར་བཤད་པའི་ཕྱིར། ཁྲི་རིན་པོ་ཆེ་ཤེས་རབ་དར་གྱི་སྡེ་བདུན་སྤྱི་དོན་ལུང་རིགས་བང་མཛོད་ལས། རྩོད་པ་འདི་པཎྚི་ཏ་སུརྱ་ཐེང་བོས་ལོ་ཙྪ་བ་བློ་ལྡན་ཤེས་རབ་ལ་འཕངས་པ་ཡིན་ཞེས་གཏམ་རྒྱུད་ཁ་ཅིག་ལས་གྲགས་འདུག་གོ་ཞེས་གསུངས་པའི་ཕྱིར། དབང་ཕྱུག་སྡེ་ཡང་རྣམ་འགྲེལ་ངེས་ཀྱི་ཕྱོགས་སྔའི་མཚན་གཞིར་རུང་ཡང་དེ་ཁོ་ན་མ་ཡིན་ཏེ། མདོའི་རང་འགྲེལ་གྱིས་ཀྱང་བཀག་པའི་ཕྱིར་རོ། །དེས་ན་རྣམ་འགྲེལ་ངེས་སོགས་ཀྱི་ཕྱོགས་སྔའི་གཙོ་བོ་སློབ་དཔོན་དབང་ཕྱུག་སྡེ་ཡིན་ཏེ། གཏན་ཚིགས་ཐིགས་པའི་འགྲེལ་པར་ཨ་ཚ་ཊས། འདིར་སློབ་དཔོན་གྱིས་བཤད་པ་ལ་དབང་ཕྱུག་སྡེ་སྤོང་བའི་ལན་བཏབ་པར་འདོད་པས་ཕྱོགས་སྔ་མ་ནི་གལ་ཏེ་དགོས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེས་དང༌། ཛྙ་ན་ཤྲིས་རྣམ་ངེས་འགྲེལ་བཤད་ལས་ཀྱང༌། འདིར་སློབ་དཔོན་དབང་ཕྱུག་སྡེ་ན་རེ། དགོས་པ་མེད་པའི་ཕྱིར་གདགས་པར་མི་བྱའོ་ཞེ་ན་ཞེས་གསུངས་པའི་ཕྱིར། ཁོ་ན་རེ། ཤེས་འདོད་ལ་ཕྱོགས་ཞེས་གདགས་མི་རིགས་པར་ཐལ། སྒྲ་རིག་ལས། དགོས་པ་མེད་པར་གཙོ་བོ་ཡི། །སྒྲ་དོན་ལས་འདས་འདོད་མ་ཡིན། །ཞེས་བཤད་པ་ལྟར་རིགས་པ་གང་ཞིག །འདིར་ཡང་དགོས་པ་མེད་པའི་ཕྱིར། ཞེས་རྩོད་ཚུལ། རང་འགྲེལ་གཉིས་ལས། གལ་ཏེ་དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན་ཞེས་བྱུང༌། ཤཱཀྱས་ཕ་རོལ་པོས་ཐེ་ཚོམ་གྱི་བསམ་པ་ཡིན་ནོ་ཞེས་སོ། །འདིས་རྩོད་མཁན་ཡོད་པར་གསལ་ལོ། །ལན་ནི་རྩོད་གཞི་སྒྲ་ལྟ་བུ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་སྒྲས་བཏགས་པ་དགོས་མེད་མ་ཡིན་པར་ཐལ། དེ་ལྟར་བཏགས་པའི་དགོས་པ་ཡང་ཡོད་པ་གང་ཞིག །རྒྱུ་མཚན་ཡང་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་དེ་སྒྲུབ་ཀྱི་ཕྱོགས་སྒྲས་བཏགས་ན་ཕྱོགས་ཀྱི་གདགས་གཞིར་གོ་ནས་ཆོས་ཅན་ཐམས་ཅད་ཀྱི་ཆོས་དེ་སྒྲུབ་ཀྱི་ཕྱོགས་ཆོས་སམ་རྟགས་ཡིན་པར་གྲུབ་པ་ཁེགས་པའི་ཕྱིར། དེར་ཐལ། དེ་ལ་དེ་སྒྲུབ་ཀྱི་ཕྱོགས་མིང་གིས་མ་བཏགས་པར་ཆོས་ཅན་ཞེས་བཏགས་ན་རྩོད་གཞི་ཆོས་ཅན་དང་མཐུན་དཔེ་ཆོས་ཅན་བུམ་པའི་ཆོས་མིག་ཤེས་ཀྱི་གཟུང་བྱ་ལ་ཡང་དེ་སྒྲུབ་ཀྱི་རྟགས་སམ་ཕྱོགས་ཆོས་ཚང་བའི་སྐྱོན་ཡོད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཆོས་ལ་མིག་ཤེས་ཀྱི་གཟུང་བྱ་དང་སོགས་སྒྲས་ཚོགས་པ་སོགས་འཇོག་པའི་ཕྱིར། དེར་ཐལ། མདོར་ན་མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་སྒྲུབ་ཀྱི་ཚུལ་དང་པོ་དང༌། སྒྲ་རྟག་སྒྲུབ་ཀྱི་ཡང་ཕྱོགས་ཆོས་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེར་ཐལ། མིག་ཤེས་ཀྱི་གཟུང་བྱ་དེ་སྒྲ་མི་རྟག་སྒྲུབ་ཀྱི་ཆོས་ཅན་གྱི་ཆོས་གང་ཞིག །དེ་སྒྲ་རྟག་སྒྲུབ་ཀྱི་ཆོས་ཅན་གྱི་ཆོས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་གྱི་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་བུམ་པའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར། དེར་ཐལ། བུམ་པ་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། རྒྱན་ལས། ཉེ་བར་བཏགས་པ་དང་བྲལ་བའི་ཆོས་ཅན་སྨོས་པས་ནི་བསྒྲུབ་བྱའི་ཆོས་ཅན་ཉིད་དུ་མི་འགྲུབ་བོ། །ཆོས་མི་མཐུན་པ་ཅན་གྱི་དཔེའི་ཆོས་ཀྱི་ཆོས་ཞེས་བྱ་བར་ཡང་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་མི་མཐུན་པ་ཅན་གྱི་ཞེས་པའི་དོན་ཡོད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་མི་མཐུན་དཔེ་ཆོས་ཅན་གྱི་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་དཔེ་ཆོས་ཅན་བུམ་པའི་སྟེང་དུ་གྲུབ་པའི་ཕྱིར། ཇི་སྐད་དུ་རྣམ་ངེས་རང་འགྲེལ་ལས། མ་ཡིན་ཏེ་ཆོས་ཅན་ཐམས་ཅད་ཀྱི་ཆོས་ཡིན་པ་དགག་པའི་ཕྱིར་ཏེ། ཞེས་པ་ནས། དེ་ལྟར་ཡིན་དང་མིག་གིས་གཟུང་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ། །ཞེས་དང༌། རང་འགྲེལ་ལས་ཀྱང༌། ཆོས་ཅན་གྱི་ཆོས་ཐམས་ཅད་ཅེས་པ་མ་ཡིན་པ་གཞན་འདྲ་ལ། འཐད་ལྡན་ལས། ཆོས་ཅན་ཐམས་ཅད་ཀྱི་ཞེས་སྨོས་ཏེ། ཐམས་ཅད་ཀྱི་སྒྲ་ནི་བྱེ་བྲག་མེད་པར་བརྗོད་པ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ། ཆོས་ཅན་གང་ཡང་རུང་བའི་ཆོས་གང་ཡིན་པ་དེ་གཏན་ཚིགས་ཡིན་པར་བཀག་པ་ནི་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་རྟོགས་པའི་དགོས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གོང་གི་རྩ་རྟགས་གཉིས་པ་དེ་ལྟར་འདོགས་པའི་རྒྱུ་མཚན་ཡོད་པར་ཐལ། སྒྲ་དེ་དེ་སྒྲུབ་ཀྱི་ཕྱོགས་ཀྱི་གདགས་གཞིའི་ཆའམ་ཡ་གྱལ་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། གདགས་གཞིའི་ཆ་ལ་དེའི་མིང་འདོགས་པ་འཇིག་རྟེན་ན་གྲགས་པས་གྲུབ་པའི་ཕྱིར་ཏེ། དཔེར་ན། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་ཟེར་གྱི་ལྭ་བ་ཚིག་མི་ཟེར་བ་ལྟར་དེ་སྒྲུབ་ཀྱི་སྐབས་འདིར་ཡང་ཕྱོགས་དངོས་ཚོགས་དོན་དང་རྩོད་གཞི་དང་ཆོས་གཉིས་ལ་བཏགས་ནས་འཇུག་གི་དེ་སྒྲུབ་ཀྱི་དཔེ་རྟགས་ལ་དེ་སྒྲུབ་ཀྱི་ཕྱོགས་ཞེས་མི་འདོགས་པའི་ཕྱིར་དང༌། དེས་ན་ཚུལ་དང་པོའི་ཕྱོགས་སྒྲ་ཕྱོགས་ཆོས་སམ་རྟགས་སྒྲུབ་པ་དང་འགྲེལ་པས་རྩོད་གཞིར་མི་འཁྲུལ་བའི་ཕྱིར་ཏེ། ཚད་མ་མདོར། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེ་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བཏགས་ནས་བརྗོད། །ཅེས་དང༌། །དེའི་རང་འགྲེལ་ལས། ཡན་ལག་གི་དོན་ཆོས་ཙམ་དང་ཆོས་ཅན་ཁ་ཡར་བ་ལ་ནི་ཉེ་བར་བཏགས་ནས་ཡིན་པར་བརྗོད་དོ། །དེའི་ཆོས་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དཔེར་ན། རས་ཡུག་ཚིག་གོ་ཞེས་བྱ་བ་བཞིན་ནོ། །ཞེས་གསུངས་པའི་དོན་འཆད་པར། རང་འགྲེལ་གཉིས་ལས། དེའི་ཕྱོགས་གཅིག་ཡིན་པས་དེར་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་ཡིན་པར་རྟོགས་པར་བྱ་བའི་ཕྱིར་རོ། །ཞེས་དང༌། ཤཱཀྱས། སྤྱི་ཡན་ལག་དག་ལ་ཉེ་བར་འདོགས་པའི་རྒྱུ་ནི། དེའི་ཕྱོགས་གཅིག་ཉིད་ཡིན་ནོ། །དེ་ལྟར་མ་ཡིན་ན་ཐམས་ཅད་ལ་ཉེ་བར་འདོགས་པར་འགྱུར་རོ་ཞེས་དང༌། འཐད་ལྡན་ལས། གང་ཞིག་གང་གི་ཕྱོགས་གཅིག་ཡིན་པ་དེ་ལ་དེའི་རང་བཞིན་ཉེ་བར་འདོགས་པ་ཡིན་གྱི་སྣམ་བུའི་ཕྱོགས་གཅིག་ཚིག་པ་ལ་ལྭ་བ་ཚིག་གོ་ཞེས་ཉེ་བར་གདགས་པ་མེད་དོ་ཞེས་གསུངས་པའི་ཕྱིར། ཉེ་བའི་རིགས་པས་ཀྱང་རྩོད་གཞིར་གོ་མི་ནུས་པ་ནི། ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཆོས་ཞེས་པའི་ཆོས་ཅན་གྱི་སྒྲ་དེ་རྩོད་གཞི་ལས་མཐུན་དཔེ་ཆོས་ཅན་ལ་མི་འཇུག་པར་ཐལ། ཆོས་ཞེས་བརྗོད་ཙམ་གྱིས་ཀྱང་ཁྱད་གཞི་ཆོས་ཅན་གཅིག་འགྲུབ་ལ། འདིར་ཆོས་ཅན་གྱི་ཆོས་ཞེས་སྨོས་པ་ན་ཆོས་ཅན་ཞེས་ལྷག་པོ་སྨོས་པའི་ཤུགས་ཀྱིས་རྩོད་གཞི་ཁོ་ན་ལ་ཉེ་བའི་ཕྱིར། དེར་ཐལ། སྒྲ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་སྒྲུབ་པའི་གཞིར་བློ་ལ་གནས་པའི་ཕྱིར། དེས་ན་ཆོས་ཅན་ཁྱད་པར་ཅན་བསྒྲུབ་བྱའི་ཆོས་ཅན་ཡིན་པར་འགྲུབ་པའི་ཕྱིར་ཟེར་ཏེ། ཇི་སྐད་དུ་རང་འགྲེལ་གཉིས་ལས། གལ་ཏེ་ཆོས་ཞེས་བརྗོད་པས་ཀྱང་ཆོས་ཅན་ཡིན་པར་གཞི་ལྟ་གྲུབ་སྟེ། ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་ཉེ་བ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་གྲུབ་བོ་ཞེ་ན་ཞེས་གསུངས་ལ་འདིའི་གཞི་ལྟ་ཞེས་པ་ནི། ཁྱད་གཞི་དེ་ལྟ་ཞེས་པ་ཡིན་ཞིང༌། ཤཱཀྱས། ཆོས་ཅན་གྱི་ཆོས་ཞེས་པའི་ཤུགས་ཀྱིས་འདིར་ཉེ་བ་ཞེས་དང༌། འཐད་ལྡན་ལས། གྲུབ་བཞིན་དུ་ཡང་ཆོས་ཅན་ཞེས་སྨོས་པའི་ནི་ཁྱད་པར་ཅན་གྱི་ཆོས་ཅན་ངེས་པར་རྟོགས་པར་འགྱུར་རོ་ཞེས་དང༌། རྗེས་སུ་དཔག་པའི་དུས་སུ་བསྒྲུབ་བྱའི་ཆོས་ཀྱི་གཞི་ཉིད་དུ་བློ་ལ་གནས་པས་ན་བསྒྲུབ་བྱའི་ཆོས་ཅན་ནི་ཉེ་བ་ཡིན་ནོ་ཞེས་སོགས་སོ། །

           ལན་ནི་སློབ་དཔོན་ན་རེ། དེ་ལྟར་སྨོས་པས་དེ་སྒྲུབ་ཀྱི་ཆོས་ཅན་ཁྱད་པར་ཅན་དུ་རྟོགས་པ་དང་དེ་སྒྲུབ་ཀྱི་རྩོད་གཞི་ཁོ་ན་ཉེ་བ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཆོས་ཅན་ཞེས་པའི་མིང་དོན་གཉིས་ཀ་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་བུམ་པ་ལ་ཡང་ཉེ་བའི་ཕྱིར། དེར་ཐལ། བུམ་པ་དེ་དེ་སྒྲུབ་ཀྱི་སྐབས་ཀྱི་ཆོས་ཅན་ཡིན་པའི་ཕྱིར། དེས་ན་མིག་ཤེས་ཀྱི་གཟུང་བྱ་དེ་སྒྲུབ་ཀྱི་ཚུལ་དང་པོར་ཐལ་ལོ། །ཇི་སྐད་དུ་རང་འགྲེལ་གཉིས་ལས། མ་ཡིན་ཏེ་དཔེའི་ཆོས་ཅན་ཡང་ཉེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཟློས་པའི་རིགས་པས་ཀྱང་རྩོད་གཞི་ཁོ་ནར་གོ་མི་ནུས་པ་ནི། ཁོ་ན་རེ། དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཆོས་ཞེས་པའི་སྒྲ་དེ་དེ་སྒྲུབ་ཀྱི་རྩོད་གཞི་ཁོ་ནར་འཇུག་ལ་དེ་སྒྲུབ་ཀྱི་མཐུན་དཔེར་མི་འཇུག་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོ་འཆད་པའི་སྐབས་སུ་རྟགས་དེ་དེ་སྒྲུབ་ཀྱི་མཐུན་དཔེ་ལ་ཡོད་པར་བསྟན་པ་ལ་དགོས་པ་མེད་པའི་ཕྱིར། དེར་ཐལ། དེ་ཆས་ཁྱབ་ཅེས་དེ་སྒྲུབ་ཀྱི་རྗེས་ཁྱབ་སྟོན་པའི་ཚིག་ལས་གཏན་ཚིགས་དེ་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་ལ་ཡོད་པར་རྟོགས་ནུས་པའི་ཕྱིར་ན། སླར་ཡང་ཆོས་ཅན་གྱི་ཆོས་ཞེས་པས་ཀྱང་མཐུན་དཔེ་ལ་ཡོད་པར་བསྟན་ན་ཟློག་པར་འགྱུར་བས། དེ་ལྟར་ཟློས་པར་གོ་བའི་ཤུགས་ཀྱིས་ཆོས་ཅན་གྱིས་ཆོས་ཞེས་རང་མིང་གིས་སྨོས་པའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་ཡིན་པར་བཟུང་རིགས་པའི་ཕྱིར། ཞེས་ཁོའི་རྩོད་ཚུལ་ནི། འདིའི་རང་འགྲེལ་ལས། དེ་ཆས་ཁྱབ་པ་ཞེས་བྱ་བས་དཔེ་ཆོས་ཅན་ལ་ཡོད་པར་གྲུབ་པས་ཆོས་ཅན་གྱི་ཆོས་སྨྲས་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་ངོ་ཞེ་ན་ཞེས་དང༌། རྣམ་ངེས་ལས་ཀྱང༌། མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པས་སོགས་དང༌། འཐད་ལྡན་ལས། དཔེའི་ཆོས་ཅན་འཛིན་ན་སོགས་དང་ཤཱཀྱས། དེ་ཆས་ཁྱབ་པ་ཞེས་པ་ནས། དེ་ལྟ་བས་ན་ཆོས་ཅན་ཞེས་སྨོས་པ་ནི་དཔེའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་བའི་ཕྱིར་མ་ཡིན་ཏེ་དོན་མེད་པའི་ཕྱིར་རོ། །འོན་ཀྱང་ཆོས་ཅན་ཞེས་པའི་ཤུགས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་ངོ་ཞེས་གསུངས། ལན་ནི་དེ་ལ་སློབ་དཔོན་འདི་ན་རེ། རྩོད་པ་དེ་ཤིན་ཏུ་མི་འཐད་པར་ཐལ། དེ་སྒྲུབ་ཀྱི་རྟགས་བྱས་པ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་རྟོགས་ན་མཐུན་དཔེ་བུམ་པ་ལ་ཡོད་པར་རྟོགས་པས་ཁྱབ་པ་ཡང་མི་འཐད་པ་གང་ཞིག །ཚིག་སྔ་མས་བསྟན་པར་གྲུབ་ཟིན་པ་སླར་བསྟན་ན་ཟློས་སྐྱོན་འོངས་པས་ཁྱབ་པ་ཡང་མི་འཐད། ཤུགས་ཀྱིས་རྟོགས་དགོས་ན་རྟོགས་དཀའ་བའི་སྐྱོན་གསུམ་ཡོད་པའི་ཕྱིར། དང་པོ་དེར་ཐལ། རྗེས་ཁྱབ་གྲུབ་ན་བསྒྲུབ་བྱ་གྲུབ་མི་དགོས་པའི་ཕྱིར། དེར་ཐལ། བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་ནས་བུམ་པ་མི་རྟག་པར་མ་རྟོགས་པ་ཡོད་པའི་ཕྱིར། རྣམ་བཤད་ལས། མཐུན་ཕྱོགས་ཁོ་ན་ལ་ཡོད་པར་གྲུབ་ན་མཐུན་དཔེ་ལ་ཡོད་པར་གྲུབ་པས་མ་ཁྱབ་པར་ཐལ། རྗེས་ཁྱབ་གྲུབ་ན་བསྒྲུབ་བྱ་གྲུབ་མི་དགོས་པའི་ཕྱིར། ཞེས་གསུངས། གཉིས་པ་མ་གྲུབ་ན། སློབ་དཔོན་ཕྱོགས་གླང་གིས། རྗེས་དཔག་བྱ་དང་དེ་མཐུན་ལ། །ཡོད་དང་མེད་ཉིད་ལ་མེད་པའོ། །ཞེས་གསུངས་པའི་ཚུལ་གསུམ་སྟོན་པའི་སྒྲ་ཟློས་སྐྱོན་ཅན་དུ་ཐལ། དེས་ཚུལ་གཉིས་པ་སྟོན་པ་ན་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་བསྟན་ནས་མི་མཐུན་ཕྱོགས་ལ་མེད་པར་གྲུབ་ཟིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། བྱས་པ་ལ་ཁོ་ན་རེ། དེའི་སྐྱོན་མེད་དེ། དེ་ལྟར་བསྒྲུབས་ཟིན་ཀྱང་ཁྱབ་པ་གཅིག་བརྗོད་པས་ཀྱང་གཉིས་པ་འཕེན་པའི་ཚུལ་གྱིས་སྦྱོར་བའི་དབྱེ་བ་བསྟན་པའི་ཆེད་དུ་བསྒྲུབས་ཟིན་ཀྱང་བསྣན་ནས་དེ་ལྟར་བསྟན་པའི་ཕྱིར་ཟེར་ན། འོ་ན། ཆོས་ཅན་གྱི་ཆོས་ཞེས་པ་དང་དེ་ཆས་ཁྱབ་པ་གཉིས་ལའང་ཟློས་སྐྱོན་མེད་པར་ཐལ། མཐུན་དཔེ་ལ་ཡོད་པར་གྲུབ་ཟིན་ཀྱང་དེ་ཉིད་ཡང་བསྣན་ནས་སམ་ཟློས་ནས་བཤད་པ་ནི་ངེས་པའི་ཕྱིར་ཡིན་ནམ་སྙམ་པའི་དོགས་པ་མི་ཆོད་པའི་ཕྱིར། རང་འགྲེལ་ལས། གྲུབ་བཞིན་དུ་བསྣན་པའི་ཕྱིར་ཡང་སྨོས་པ་ཡིན་པར་དོགས་པར་འགྱུར་ཏེ། མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བས་མི་མཐུན་པའི་ཕྱོགས་ལས་བཟློག་པ་གྲུབ་མོད་ཀྱི་བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་སྨོས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། ཤེས་འདོད་དང་མཐུན་དཔེ་ཆོས་ཅན་གཉིས་ལ་གཙོ་ཕལ་དང་ཤེས་འདོད་ལ་བྱ་བ་ངེས་པ་དག་གིས་ཤུགས་ལ་རྟོགས་དགོས་ན་རྟོགས་དཀའ་བའི་ཕྱིར་ཏེ། སྒྲས་དངོས་སུ་མ་བསྟན་པའི་དོན་ནི་རྟོགས་དཀའ་བའི་ཕྱིར་རོ། །རང་འགྲེལ་ལས། ཤུགས་ཀྱིས་དོན་གོ་ན་རྟོགས་པར་དཀའ་བ་ཡོངས་སུ་སྤངས་པའི་ཕྱིར་ཕྱོགས་ཞེས་སྨོས་པ་ཡིན་ནོ། །ཞེས་དང༌། ཤཱཀྱས། སྒྲ་མེད་པའི་དོན་ལ་བདག་ཉིད་ཀྱིས་རྗེས་སུ་འབྲངས་པ་ནི་རྟོགས་པར་དཀའོ་ཞེས་གསུངས་པའི་ཕྱིར། ཕྱིར་ཡང་ཞེས་པའི་ཡང་སྒྲའི་དོན་ཡོད་དེ། བཤད་ཟིན་བསྡུ་བ་དང་མ་བཤད་པ་བསྡུས་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཤཱཀྱས། ཡང་ཞེས་བཤད་ཟིན་པ་བསྡུ་བར་བྱ་བ་ཡིན་ནོ། །ཞེས་སོ།  །གཉིས་པ་གྲུབ་སྟེ། སུརྱ་པཎྜི་ཏ་ན་རེ། ཕྱོགས་ཞེས་བཏགས་པ་དང་ཆོས་ཅན་ཞེས་སྨོས་པ་གཉིས་ཀ་མི་འཐད་པས་ན་ཤེས་འདོད་ཆོས་ཅན་གྱི་ཆོས་ཞེས་བརྗོད་རིགས་པར་ཐལ། དེ་ལྟར་བརྗོད་ན་མི་འཁྲུལ་བའི་ཕྱིར་ཟེར་བའི་རྩོད་ཚུལ་ནི། ཤཱཀྱས། གལ་ཏེ་ཕ་རོལ་པོ་ཉེ་བར་བཏགས་པ་ཡང་མི་བྱ་ལ་ཆོས་ཅན་ཞེས་སྨོས་པར་ཡང་མི་བྱའོ། །འོ་ན་ཅི་ཞེ་ན། ཤེས་པར་འདོད་པའི་ཆོས་ཅན་གྱི་ཆོས་ཞེས་བརྗོད་པར་བྱའོ་ཞེས་སྨྲ་བར་འགྱུར་ན་ཞེས་བྱུང༌། དེ་ལ་ཤཱཀྱ་བློ་ན་རེ། དེ་ལ་མ་ཁྱབ་པར་ཐལ། དེ་ལྟར་བརྗོད་ན་གཞུང་མང་བ་དང༌། སྡེབ་སྦྱོར་ཉམས་པའི་སྐྱོན་ཡོད་པའི་ཕྱིར། ཇི་སྐད་དུ་ཤཱཀྱས། དེ་ལྟ་བས་ན་ཕྱོགས་གཞན་ལ་འཆེལ་ན་གཞུང་མང་བ་དང་ཚིག་ལེའུར་བྱས་པ་ཉམས་པར་འགྱུར་བ་ཡོངས་སུ་སྤངས་པའི་ཕྱིར་ཡང་མ་བཤད་པ་བསྡུ་བར་བྱ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེ་ལྟར་འཐད་དེ། རྣམ་ངེས་ལས་ཀྱང༌། དེ་ལྟར་བཤད་པར་བྱ་བ་ལ་འབད་པ་དེ་ནི་ཕྱོགས་ཞེས་བརྗོད་པས་སྤངས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། འདི་ཡན་ཆད་ཀྱི་དོན་ལ་རྩོད་པ་བྱས་ཤིང༌། འདི་མན་ཆད་ཀྱི་ཕྱོགས་ཆོས་ཀྱི་ཚིག་ལ་རྩོད་དོ། །

          གཉིས་པ་རྟགས་དེའི་ཆོས་ཡིན་ན་རྟགས་ཐུན་མོང་མ་ཡིན་པའི་མ་ངེས་པར་ཐལ་བ་སྤངས་པ་ལ་རྩོད་པ་དང༌། ལན་གཉིས། དང་པོ་ནི་ཁོ་ན་རེ། རྩ་བར། ཕྱོགས་ཆོས་ཞེས་ཚིག་སྡུད་འདི་དྲུག་པའི་བསྡུ་བར་ཐལ། འབྲུ་མང་པོ་དང་ཟླས་དབྱེ་དང་ལས་འཛིན་དུ་མི་རུང་བའི་ཕྱིར། ཇི་སྐད་དུ་ཤཱཀྱས། འདི་ལྟར་རེ་ཞིག་འདི་ལ་ཕྱོགས་ཀྱི་ཆོས་ཡོད་པས་ཞེས་བྱ་བར་འབྲུ་མང་པོ་བ་ནི་མ་ཡིན་ཏེ་སོགས་དང༌། འཐད་ལྡན་ལས་ཀྱང༌། རེ་ཞིག་འདི་ཟླས་དབྱེའི་བསྡུ་བ་ནི་མ་ཡིན་ཏེ་ཞེས་སོགས་བཤད་པའི་ཕྱིར། འདི་མཁས་འདོད་མ་ཡིན་ཏེ་འདི་མ་གོ་ན་གཞུང་འདི་དག་གི་ཚིག་དོན་མི་རྟོགས་པའི་ཕྱིར། དེས་ན་དགོས་ཆུང་ཆོས་ལ་མ་བྱེད་ཅིག །རྩ་བར་འདོད་རིགས་པ་ཡིན་ཏེ། ཕྱོགས་ཆོས་ཞེས་པའི་ཚིག་བསྡུས་པ་འབྱེད་པ་ན་ཕྱོགས་ཀྱི་ཞེས་དྲུག་སྒྲ་བཏོན་པའི་ཕྱིར་ཏེ། རང་འགྲེལ་ལས། ཕྱོགས་ཀྱི་ཆོས་ཉིད་ཡིན་ན་ཞེས་གསུངས་པའི་ཕྱིར། ཇི་སྐད་དུ་ཤཱཀྱས། དེ་ལྟ་བས་ན་ཕྱོགས་ཆོས་ཞེས་བྱ་བ་དྲུག་པར་ཚིག་བསྡུ་བ་ཡིན་ལ་ཞེས་དང༌། འཐད་ལྡན་ལས་ཀྱང༌། དྲུག་པའི་བསྡུ་བ་ཡིན་པར་བསམ་ནས་ཕྱོགས་ཀྱི་ཆོས་ཉིད་ཡིན་ན་ཞེས་སྨོས་སོ་ཞེས་གསུངས་པའི་ཕྱིར། དེ་ལ་ཕ་རོལ་པོ་ན་རེ། འོ་ན། དྲུག་སྒྲ་ལ་རྒྱལ་པོའི་སྐྱེས་བུ་ཞེས་པ་ལ་རྒྱལ་པོའི་སྐྱེས་བུ་ཡིན་གྱི་གཞན་གྱི་མ་ཡིན་པར་སྟོན་པ་གཅིག་ཡོད་པ་ལྟར་འདིར་ཡང་བྱས་པ་དེ་དེ་སྒྲུབ་ཀྱི་ཕྱོགས་ཏེ་རྩོད་གཞི་སྒྲའི་ཆོས་ཡིན་ཀྱི་གཞན་གྱི་མ་ཡིན་ཞེས་གཞན་ལྡན་རྣམ་གཅོད་དུ་བསྟན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཀྱི་ཆོས་ཞེས་རྣམ་དབྱེ་དྲུག་པ་བདག་པོའི་སྒྲས་བཤད་པའི་ཕྱིར་ན་འདིར་མ་ཁྱབ་མོད། འདོད་ན། བྱས་པ་དེ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་ཐལ། འདོད་པའི་ཕྱིར། ཞེས་པའི་རྩོད་ཚུལ། རང་འགྲེལ་ལས། གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན་དེའི་ཁྱད་པར་ལ་ལྟོས་པ་གཞན་ལ་མི་འཇུག་པའི་ཕྱིར། ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ་ཞེེ་ན་ཞེས་དང༌། རྣམ་ངེས་ལས་ཀྱང་དེ་ལྟར་དང༌། འཐད་ལྡན་ལས། དྲུག་པའི་བསྡུ་བ་ནི། ཞེས་པ་ནས། རྒྱལ་པོའི་སྐྱེས་བུ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེའོ། །དེ་བཞིན་དུ་འདིར་ཡང་ཕྱོགས་ཀྱི་ཆོས་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་སོགས་དང༌། ཤཱཀྱས་ཀྱང༌། དེ་ལ་ཡང་ཕྱོགས་ཁོ་ནའི་ཆོས་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་ཕྱོགས་ཀྱི་ཆོས་ཁྱད་པར་དུ་བྱེད་པ་ཡིན་ནོ་སོགས་བྱུང༌།

          གཉིས་པ་དེའི་ལན་ནི། སློབ་དཔོན་ཆོས་གྲགས་ན་རེ། སློབ་དཔོན་ཕྱོགས་གླང་གིས་ཕྱོགས་ཆོས་ཞེས་བདག་སྒྲའམ་དྲུག་སྒྲ་བསྡུས་པའི་བདག་པོའི་སྒྲའམ་དྲུག་པའི་སྒྲ་དེ་ཁྱོད་ཀྱིས་བཤད་པ་ལྟར་གཞན་ལྡན་རྣམ་གཅོད་ལ་སྦྱོར་བ་མ་ཡིན་པར་ཐལ། དྲུག་པའི་སྒྲ་ལ་ཡང་མི་ལྡན་རྣམ་གཅོད་གཅིག་དང་གཞན་ལྡན་རྣམ་གཅོད་གཅིག་དང་མི་སྲིད་རྣམ་གཅོད་གཅིག་དང་གསུམ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱལ་པོ་སྐྱ་བསེང་བུ་ནག་པའི་འཕོང་སྐྱེན་ནོ་ཞེས་ནག་པའི་མདའ་འཕེན་པ་སྐྱེན་པར་བཤད་པའི་དྲུག་སྒྲ་དེ་མི་ལྡན་རྣམ་གཅོད་ཀྱི་ངག་ཡིན་པའི་ཕྱིར། དེར་ཐལ། རྒྱལ་པོ་སྐྱ་བསེང་ལ་རྒྱུ་སྐར་ནག་པས་བྱིན་པའི་བུ་ནག་པ་ནི་འཕོང་སྐྱེན་པར་མ་གྲགས་པས་དེ་སྐྱེན་མི་སྐྱེན་དྲིས་པའི་ལན་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟ་ན་གཞན་མདའ་སྐྱེན་པ་མི་གཅོད་པར་ནག་པ་འཕོང་སྐྱེན་པ་དང་མ་འབྲེལ་བའམ་མི་ལྡན་པ་གཅོད་པའི་ཕྱིར། དེར་ཐལ། ནག་པའི་འཕོང་སྐྱེན་ནོ་ཞེས་པའི་དྲུག་སྒྲ་བསྡུས་ནས་ནག་པ་འཕོང་སྐྱོན་ནོ་ཞེས་མི་ལྡན་རྣམ་གཅོད་ལྟར་སློབ་དཔོན་ཕྱོགས་གླང་གིས་ཀྱང་བྱས་པ་དེ་སྒྲུབ་ཀྱི་ཕྱོགས་ཏེ་རྩོད་གཞིའི་ཆོས་སམ་ཕྱོགས་ཀྱི་ཆོས་ཞེས་པའི་དྲུག་སྒྲ་བསྡུས་ནས་ཕྱོགས་ཆོས་ཞེས་པ་ཡང་རྩོད་གཞི་རྟགས་སུ་འགོད་རྒྱུ་དང་མི་ལྡན་པ་གཅོད་ཀྱི་གཞན་དང་ལྡན་པ་མི་གཅོད་པའི་ཕྱིར། ཇི་སྐད་དུ་རྣམ་ངེས་རང་འགྲེལ་ལས། མ་ཡིན་ཏེ། དཔེར་ན་ནག་པ་འཕོང་སྐྱེན་ནོ་ཞེས་བྱ་བ་ལྟ་བུར་མ་འབྲེལ་བ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པའི་ཕྱིར་ཏེ། ཞེས་སོགས་དང༌། རང་འགྲེལ་ལས། མ་འབྲེལ་བ་ཞེས་པ་མི་ལྡན་པ་ཞེས་བྱུང་གཞན་འདྲ། རྟགས་གཉིས་པ་གྲུབ་སྟེ། རྒྱལ་པོ་སྐྱ་བསེང་ལ་བརྒྱ་བྱིན་གྱིས་བྱིན་པའི་བུ་སྲིད་སྒྲུབ་ཀྱི་འཕོང་སྐྱེན་པ་ལྟ་བུ་གཞན་ལ་ཡོད་དམ་སྙམ་པའི་ངོར་སྲིད་སྒྲུབ་ཀྱི་འཕོང་སྐྱེན་ནོ་ཞེས་པས་སྲིད་སྒྲུབ་ཀྱི་འཕོང་གང་ཟག་གཞན་ལས་སྐྱེན་ནོ་ཞེས་གོ་ནུས་པས་དེའི་དྲུག་སྒྲས་སྐབས་སྟོབས་ཀྱིས་གཞན་ལ་མི་ལྡན་པའི་འཕོང་སྲིད་སྒྲུབ་ལ་ཡོད་པར་སྟོན་ནུས་པས་ན་གཞན་ལྡན་རྣམ་གཅོད་ཡིན་པའི་ཕྱིར། དེར་ཐལ། དེ་ལྟ་བུའི་གཞན་ལྡན་རྣམ་གཅོད་ཀྱི་དྲུག་སྒྲ་བསྡུས་ནས་སྲིད་སྒྲུབ་འཕོང་སྐྱེན་ཞེས་པ་ལྟར་འདིར་ཡང་གཞན་ལྡན་རྣམ་གཅོད་ཀྱི་དྲུག་སྒྲ་བསྡུས་ནས་ཕྱོགས་ཆོས་ཞེས་བཤད་པ་མ་ཡིན་པའི་ཕྱིར། རང་འགྲེལ་ལས། དཔེར་ན། སྲིད་སྒྲུབ་འཕོང་སྐྱེན་ནོ་ཞེས་བྱ་བ་ལྟ་བུར་གཞན་དང་ལྡན་པ་རྣམ་པར་བཅད་པས་ན་མ་ཡིན་ཏེ་ཞེས་གསུངས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། ཨུཏྤལ་མིག་ཅན་ཞེས་པ་ལྟར་ཨཏྤལ་ལ་སྔོ་བ་ཤིན་ཏུ་མང་ལ་དམར་བ་དཀོན་ཞིང༌། མེ་ལོང་ལས། མཛེས་མ་ཁྱོད་ཀྱི་ལག་པ་ནི། །ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར། །ཞེས་པདྨ་ལ་དམར་པོ་མང་ལ་སྔོན་པོ་དཀོན་པས་དེ་ལྟར་གསུངས་པས་ན་པདྨ་སྔོན་པོ་མི་སྲིད་དམ་སྙམ་པའི་ངོར་སྔོན་པོའི་པདྨ་སྲིད་དོ་ཞེས་བཤད་པ་འདི་མི་སྲིད་རྣམ་གཅོད་ཀྱི་ངག་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་དྲུག་སྒྲ་བསྡུས་ནས་པདྨའམ་མཚོ་སྐྱེས་སྔོན་པོ་སྲིད་ཅེས་བཤད་ན་མི་སྲིད་རྣམ་གཅོད་དུ་འགྲོ་ལ། དེ་མ་ཡིན་ན་འདི་གསུམ་ལ་དེ་ལྟར་གོ་མི་ནུས་པའི་ཕྱིར་ཏེ། དཔེར་ན་མཚོ་སྐྱེས་དང་སྔོན་པོ་དང་དཀར་པོ་རྣམས་ཡོད་ཅེས་པའི་དང་སྒྲ་བསྡུས་ནས་མཚོ་སྐྱེས་སྔོན་པོ་དཀར་པོ་རྣམས་ཡོད་དམ་སྲིད་ཅེས་པས་མི་སྲིད་རྣམ་གཅོད་དུ་མ་སོང་བའི་ཕྱིར་རོ། །འདི་ལྟར་མ་གོ་བར་བླུན་པོ་དག་གིས་སྣ་ཚོགས་སྨྲས་སྣང་བ་ཅུང་ཟད་མཐའ་དཔྱོད་དུ་འཆད་དོ། །

           གསུམ་པ་མཐའ་དཔྱད་པ་ལ། མཚམས་སྦྱར་གྱི་མཐའ་དཔྱད་པ་དང༌། ཕྱོགས་སྒྲ་ལ་དཔྱད་པ་དང༌། རྟགས་ཡང་དག་གི་མཚན་ཉིད་ལ་དཔྱད་པ་དང་གསུམ། དང་པོ་ལ་དགག་གཞག་གཉིས། དང་པོ་རྒྱ་གར་གྱི་པཎྜི་ཏ་ཁ་ཅིག་ན་རེ། རང་འགྲེལ་གྱི་དོན་དང་དོན་མ་ཡིན་པ་ནི་ཕན་པ་དང་མི་ཕན་པ་ལ་བྱེད། དེ་གཏན་ལ་འབེབས་པ་རྗེས་དཔག་ལ་རག་ལས་པས་རྗེས་དཔག་དང་པོར་བཤད་ཟེར་བ་ཡིན་ཏེ། ཤཱཀྱས། དོན་ནི་ཕན་པའོ། །དོན་མ་ཡིན་པ་ནི་མི་ཕན་པའོ། །ཞེས་པ་ནས། ཁ་ཅིག་ནི་དེ་སྐད་དུ་འཆད་དོ་ཞེས་གསུངས་པའི་ཕྱིར། དེ་མི་འཐད་པར་ཐལ། དོན་དང་དོན་མ་ཡིན་པ་ཁོ་ན་རྣམ་པར་འབྱེད་པ་རྗེས་དཔག་ལ་རག་ལས་བྱས་ནའང་མི་འཐད་པ་གང་ཞིག །དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་དཔག་ཁོ་ན་ལ་རག་ལས་པ་ཡང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། ཕན་མི་ཕན་གང་རུང་མ་ཡིན་པའི་རྫས་བཏགས་སོགས་བཏང་སྙོམས་པ་རྣམས་ཀྱང་རྣམ་པར་འབྱེད་པ་རྗེས་དཔག་ལ་རག་ལས་པའི་ཕྱིར། ཤཱཀྱས། བཏང་སྙོམས་སུ་བྱ་བའི་ཡུལ་རྣམ་པར་འབྱེད་པ་གང་ཡིན་པ་དེ་ཡང་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕན་མི་ཕན་རྣམ་པར་འབྱེད་པ་མངོན་སུམ་ལ་ཡང་བརྟེན་པའི་ཕྱིར། རྣམ་ངེས་རྩ་བའི་མཚམས་སྦྱོར་ལས། ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ཞེས་གསུངས་པའི་ཕྱིར། དེས་ན་རང་ལུགས་ནི་སྐབས་འདིའི་དོན་ཡོད་དེ། ཕྱོགས་གླང་གིས་བཤད་པའི་ཚད་མའི་མཚན་ཉིད་སོགས་རྟོག་གེའི་ཚིག་དོན་ཡང་དག་རྣམས་དེ་ཡིན་པའི་ཕྱིར། དེར་ཐལ། དེ་དག་རིགས་པ་དང་ལྡན་པའི་ཕྱིར་རོ། །དོན་མ་ཡིན་པ་ནི་མུ་སྟེགས་ཀྱིས་བྱས་པའི་ཚད་མའི་མཚན་ཉིད་སོགས་རྟོག་གེའི་ཚིག་དོན་ལྟར་སྣང་དག་ཡིན་ཏེ། དེ་དག་རིགས་པ་དང་མི་ལྡན་པའི་ཕྱིར། རིགས་མི་རིགས་དེ་དག་འབྱེད་པ་ཚུར་མཐོང་གིས་རྗེས་དཔག་ཁོ་ན་ལ་རག་ལས་ཏེ། ཚུར་མཐོང་གི་མངོན་སུམ་གྱིས་དཔྱད་ཡུལ་དེ་དག་རིགས་མི་རིགས་མ་གྲུབ་པའི་ཕྱིར་ན། སློབ་དཔོན་གྱིས་རྗེས་དཔག་གི་རྟེན་གྱི་སྒོ་ནས་དང་པོར་བསྟན་པའི་ཕྱིར་སོགས་བྱའོ། །ཡང་བྲམ་ཟེ་ཆེན་པོ་ལྟར་ན་དེ་ཡོད་དེ། དོན་ནི་དོན་དམ་པར་ཡོད་པ་དང་དོན་མ་ཡིན་པ་ནི་ཀུན་རྫོབ་ཏུ་ཡོད་པ་དང་གཙོ་བོ་དང་རྟག་པའི་དབང་ཕྱུག་དང་རི་བོང་རྭ་སོགས་མེད་པ་དག་ལ་བྱེད་པའི་ཕྱིར་ཏེ། བྲམ་ཟེའི་འགྲེལ་བཤད་ལས། དོན་ནི་དོན་དམ་པར་ཡོད་པའི་ངོ་བོའོ། །དོན་མ་ཡིན་པ་ནི་དེ་ལས་བཟློག་པ་སྟེ་གཟུགས་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པའམ་གཙོ་བོ་དང་དབང་ཕྱུག་དང་རི་བོང་གི་རྭ་ལ་སོགས་པ་མེད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར།

           གཉིས་པ་ཕྱོགས་སྒྲའི་མཐའ་ཅུང་ཟད་དཔྱད་ན། དབང་ཕྱུག་སྡེ་དང་སུརྱ་བ་ན་རེ། ཆོས་ཅན་རང་མིང་གིས་སྨོས་པའི་ཉེས་པ་ཕྱོགས་སྒྲས་བཏགས་པ་ལ་ཡང་འཇུག་པར་ཐལ། ཚུལ་དང་པོ་འཆད་པའི་སྐབས་སུ་ཕྱོགས་ཆོས་ཞེས་བརྗོད་པས་དེ་སྒྲུབ་ཀྱི་ཚུལ་དང་པོ་བདེ་བླག་ཏུ་རྟོགས་མི་ནུས་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་བརྗོད་པས་ཆོས་དེ་སྒྲའི་ཆོས་དང༌། མི་རྟག་པའི་ཆོས་དང་དེ་གཉིས་ཀྱི་ཚོགས་དོན་གྱི་ཆོས་གསུམ་རེ་རེ་ནས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དང་པོ་ཡིན་ནམ་སྙམ་དུ་དོགས་པར་འགྱུར་བའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་སྒྲ་དེ་སྒྲུབ་ཀྱི་སྒྲ་དང་མི་རྟག་པ་དང་དེ་གཉིས་ཀྱི་ཚོགས་དོན་གསུམ་ལ་འཇུག་པའི་ཕྱིར་ན་འདིར་ཤིན་ཏུ་མ་ཁྱབ་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་སྐབས་ཀྱི་ཕྱོགས་སྒྲ་རྩོད་གཞི་དང་ཆོས་དང་དེ་གཉིས་ཀྱི་ཚོགས་དོན་གསུམ་ལ་འཇུག་ཀྱང༌། དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོའི་ཚིག་ཟིན་གྱི་ཕྱོགས་སྒྲ་རྩོད་གཞི་ཁོ་ན་ལ་འཇུག་པར་རྟོག་གེའི་མཁས་པ་ཐམས་ཅད་ལ་གྲགས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་བཤད་པའི་ཚིག་ཟིན་གྱི་ཕྱོགས་སུ་བཞག་རྒྱུ་དེ་དེ་སྒྲུབ་ཀྱི་ཕྱོགས་མཚན་ཉིད་པའི་གདགས་གཞི་ཆོས་ཅན་ཡིན་པར་གོ་ནུས་པའི་ཕྱིར། ཁྱབ་སྟེ། སྒྲ་དང་མི་རྟག་པ་གཉིས་དེ་སྒྲུབ་ཀྱི་ཕྱོགས་མཚན་ཉིད་པའི་གདགས་གཞི་ཡིན་པར་འདྲ་ཡང་མི་རྟག་པ་ནི་དེ་སྒྲུབ་ཀྱི་ཆོས་ཅན་གྱི་དོགས་པ་མེད་ལ་མཐུན་དཔེ་ཆོས་ཅན་ཡང་དེ་སྒྲུབ་ཀྱི་ཕྱོགས་ཀྱི་གདགས་གཞི་མ་ཡིན་པའི་ཕྱིར། མ་ཁྱབ་མཚམས་དང་འདིའི་རྟགས་གཉིས་ཀ་གྲུབ་སྟེ། རང་འགྲེལ་གཉིས་ལས། དེའི་ཕྱོགས་གཅིག་ཡིན་པས་དེར་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་ཡིན་པར་རྟོགས་པར་བྱ་བའི་ཕྱིར་རོ། །ཞེས་དང༌། ཚད་མ་མདོར། ཚུལ་གསུམ་རྟགས་ཞེས་བརྗོད་པ་ལས། །ཕྱོགས་ཀྱི་ཆོས་སུ་ལེགས་གནས་པའི། །ཞེས་དང༌། དེའི་རང་འགྲེལ་ལས། རྟོག་གེ་བའི་བསྟན་བཅོས་རྣམས་སུ་ཕྱོགས་ཀྱི་ཆོས་ཉིད་ཙམ་གཏན་ཚིགས་ཀྱི་སྦྱོར་བ་ཡིན་ནོ་ཞེས་གྲགས་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་ཕྱོགས་གཅིག་ཡིན་པས་ཞེས་དང་རྟོག་གེའི་བསྟན་བཅོས་སུ་གྲགས་ཚུལ་གཉིས་ཡོད་པའི་ཕྱིར། འཁོར་གསུམ། གཞན་ཡང༌། དེ་སྒྲུབ་ཀྱི་ཕྱོགས་སྒྲ་ཙམ་ནི་རྩོད་གཞི་དང་ཆོས་དང་རྩོད་གཞི་ཆོས་གཉིས་ཀྱི་ཚོགས་དོན་གསུམ་ལ་འཇུག་ཀྱང་ཕྱོགས་ཆོས་བཤད་པའི་དངོས་ཟིན་གྱི་ཕྱོགས་སྒྲ་རྩོད་གཞི་ཁོ་ནར་གོ་མི་ནུས་པར་ཐལ་ལོ། །དེ་སྒྲུབ་ཀྱི་ཕྱོགས་སྒྲ་དང་ཕྱོགས་ཆོས་བཤད་པའི་དངོས་ཟིན་གྱི་ཕྱོགས་སྒྲ་གཉིས་ལ་ཁྱད་མེད་པའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། ཕྱོགས་ཆོས་ཀྱི་ཚིག་ཟིན་ཕྱོགས་སྒྲ་ཡང་དེ་གསུམ་ལ་འཇུག་པའི་ཕྱིར། རྟགས་དངོས། རྩ་བར་འདོད་ན། མི་འཐད་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་སྒྲ་ཙམ་རྩོད་གཞི་དང་ཆོས་དང་ཚོགས་དོན་གསུམ་ལ་འཇུག་པ་གང་ཞིག །ཕྱོགས་ཆོས་ཞེས་པའི་དངོས་ཟིན་གྱི་ཕྱོགས་སྒྲ་རྩོད་གཞི་ཁོ་ན་ལ་གནས་སྐབས་དབང་གིས་འཇུག་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་རྩོད་གཞི་དང་ཆོས་ཀྱི་ཚོགས་དོན་ཕྱོགས་དངོས་ཡིན་ལ་རྩོད་གཞི་དང་ཆོས་གཉིས་དེ་སྒྲུབ་ཀྱི་ཕྱོགས་དངོས་མ་ཡིན་ཀྱང་གདགས་གཞིའི་ཡ་གྱལ་དང་ཡན་ལག་ཡིན་པས་བཏགས་པ་ཡིན་པའི་ཕྱིར། དཔེར་ན་རས་ཡུག་གི་ཕྱོགས་མཐོང་བ་ལ་རས་ཡུག་མཐོང་བ་བཞིན་ཡིན་པའི་ཕྱིར། ཚད་མ་མདོ་ལས། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེ་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བཏགས་ནས་བརྗོད། །ཅེས་གསུངས་པའི་ཕྱིར། དང་པོས་དེ་སྒྲུབ་ཀྱི་ཚོགས་དོན་བསྒྲུབ་བྱའམ་ཕྱོགས་ཡིན་པ་དང༌། དེ་སྒྲུབ་ཀྱི་ཆོས་དང་ཆོས་ཅན་རེ་རེ་བ་དེ་སྒྲུབ་ཀྱི་ཕྱོགས་དང་བསྒྲུབ་བྱ་དངོས་མ་ཡིན་པ་ནི། དངོས་སུ་མིན་ཡང་ཞེས་པས་བཤད། ལྷག་མས་དེ་སྒྲུབ་ཀྱི་ཕྱོགས་ཀྱི་ཡན་ལག་གམ་ཆ་ཤས་སམ་ཕྱོགས་རེ་བ་ཡིན་པས་དེ་སྒྲུབ་ཀྱི་ཕྱོགས་ཀྱི་མིང་བཏགས་པ་ཡིན་ཞེས་བཤད་པའི་ཕྱིར་ཏེ། དེའི་རང་འགྲེལ་ལས། དེ་དངོས་ཀྱི་བསྒྲུབ་བྱ་བསྡུས་པའི་ཡན་ལག་གི་དོན་ཆོས་ཙམ་དང༌། ཆོས་ཅན་ཁ་ཡར་བ་ལ་ནི་ཉེ་བར་བཏགས་ནས་ཡིན་པར་བརྗོད་དོ། །ཞེས་གསུངས་པའི་ཕྱིར།

          ཡན་ལག་གི་དོན་ཞེས་དང་བཏགས་ནས་ཞེས་པའི་དོན་རེ་ཡོད་པའི་ཕྱིར། ཇི་སྐད་དུ་ཤཱཀྱས་ཀྱང༌། དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྤྱི་ཡན་ལག་དག་ལ་ཉེ་བར་འདོགས་པའི་རྒྱུ་ནི་དེའི་ཕྱོགས་གཅིག་ཉིད་ཡིན་ནོ་ཞེས་གསུངས་པའི་ཕྱིར། གོང་གི་རྩ་རྟགས་གཉིས་པ་དེ་སྒྲུབ་ཀྱི་ཕྱོགས་ཆོས་འཆད་པའི་དངོས་ཟིན་གྱི་ཕྱོགས་ཆོས་ཅན། ཁྱོད་སྐབས་སྟོབས་ཀྱིས་རྩོད་གཞི་ཁོ་ན་ལ་འཇོག་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོ་འཆད་པའི་དངོས་ཟིན་གྱི་ཕྱོགས་ཡིན་པའི་ཕྱིར། རྟགས་ཁྱབ་གཉིས་གྲུབ་སྟེ། དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོ་འཆད་པའི་དངོས་ཟིན་གྱི་ཕྱོགས་ལ་དེ་སྒྲུབ་ཀྱི་རྩོད་གཞིས་ཁྱབ། དེ་སྒྲུབ་ཀྱི་ཁྱབ་པ་བརྗོད་པའི་སྐབས་ཀྱི་དངོས་ཟིན་གྱི་ཕྱོགས་སམ་བསྒྲུབ་བྱ་ལ་དེ་སྒྲུབ་ཀྱི་ཆོས་ཀྱིས་ཁྱབ། དེ་སྒྲུབ་ཀྱི་བསྒྲུབ་བྱ་སྒྲུབ་ནུས་མི་ནུས་རྩོད་པའི་དངོས་ཟིན་གྱི་བསྒྲུབ་བྱ་ལ་དེ་སྒྲུབ་ཀྱི་ཆོས་དང་རྩོད་གཞིའི་ཚོགས་དོན་གྱིས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། འདི་ཉིད་ལས། ཕྱོགས་ཆོས་དེ་ཆས་ཞེས་དང༌། དེའི་རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ནོ་ཞེས་དང༌། དེའི་ཆ་ནི་སྨྲ་བ་པོའི་བསམ་པའི་དབང་གིས་དེའི་ཆོས་ཡིན་གྱི། དེའི་ཕྱོགས་གཅིག་ནི་མ་ཡིན་ཏེ། ཕྱོགས་ཞེས་པའི་སྒྲ་སྤྱི་ལ་མི་བྱ་བའི་ཕྱིར། ཞེས་དང༌། རྣམ་ངེས་རྩ་བ་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། ཞེས་དང༌། དེའི་རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ནོ་ཞེས་དང༌། དེ་ལྟར་བཤད་པར་བྱ་བ་ལ་འབད་པ་དེ་ནི་ཕྱོགས་ཞེས་བརྗོད་པས་སྤངས་པ་ཡིན་ནོ། །ཞེས་དང༌། དེའི་འགྲེལ་བཤད་འཐད་ལྡན་ལས། ཕྱོགས་ནི་ཆོས་ཅན་ནོ་ཞེས་སྨོས་ཏེ། ཕྱོགས་ཀྱི་སྒྲས་ནི་འདིར་ཆོས་ཅན་བརྗོད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དང༌། ཁྱབ་སྟེ། འདིའི་སྐབས་ཀྱི་ཕྱོགས་ནི་ཆོས་དང་ཚོགས་དོན་གཉིས་ལ་མི་འཇུག་པར་རྗེ་ཡབ་སྲས་བཞེད་པའི་ཕྱིར་ཏེ། རྣམ་བཤད་ལས། ཚུལ་དང་པོ་འཆད་པའི་སྐབས་ཀྱི་ཕྱོགས་ཀྱི་སྒྲ་ཚོགས་དོན་ལ་འཇུག་ན་ཉེས་པ་དེར་འགྱུར་ཡང་ཞེས་དང༌། ཡང་འདི་ཉིད་ལས། དེའི་སྐབས་ཀྱི་ཕྱོགས་ནི་ཆོས་ཅན། ཤེས་འདོད་ཆོས་ཅན་ཡིན་ཏེ། དེ་དང་ཚོགས་དོན་དང་བསྒྲུབ་བྱའི་ཆོས་གསུམ་གང་རུང་ཡིན་པ་ལ་ཕྱི་མ་གཉིས་གང་དུ་ཡང་མི་འཐད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་སོགས་ལུང་རིགས་དུ་མ་སྤྲོ་ཤེས་པར་གྱིས། གོང་གི་རྟགས་གཉིས་པ་གྲུབ་སྟེ། མདོའི་རང་འགྲེལ་ལས། དེ་ལ་ཡོད་པ་གྲུབ་པ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་ཕྱོགས་དང་མཐུན་པའི་ཕྱོགས་མཚུངས་པའི་དོན་ཐམས་ཅད་ཕྱོགས་ཞེས་བྱ་བ་སྟེ་དེ་ཡང་བསྒྲུབ་བྱའི་ཆོས་སོ་ཞེས་དང༌། ཚད་མ་མདོར། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་གང༌། །མེད་ལ་མེད་པར་བརྗོད་པར་བྱ། །ཞེས་དང༌། འདི་ཉིད་ལས། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །བསྒྲུབ་བྱ་མེད་ན་མེད་པ་ཉིད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་ཆོས་ནི་རྩོད་གཞིའི་སྟེང་དུ་དཔག་པར་བྱ་བའམ་བསྒྲུབ་པར་བྱ་བ་ཡིན་པས་དེ་སྐད་བརྗོད་པའི་ཕྱིར། གོང་གི་རྟགས་གསུམ་པ་གྲུབ་སྟེ། དེ་སྒྲུབ་ཀྱི་ཆོས་ཀྱིས་ཁྱད་པར་བྱས་པའི་རྩོད་གཞི་དང་རྩོད་གཞིས་ཁྱད་པར་བྱས་པའི་ཆོས་དང་ཚོགས་དོན་རྣམས་ཁོ་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་འཆད་པའི་ཕྱོགས་དང༌། བསྒྲུབ་བྱ་སོགས་ཡིན་པའི་ཕྱིར་ཏེ། ཚད་མ་མདོར། རྗེས་དཔག་བྱ་དང་དོན་མཐུན་ལ། །ཞེས་པའི་རང་འགྲེལ་ལས། རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་ནོ། །ཞེས་དང༌། རྣམ་ངེས་རང་འགྲེལ་ལས། ཚུལ་གསུམ་པའི་རྟགས་ལས་རྗེས་སུ་དཔག་པར་བྱ་བ་རྟོགས་པ་ཞེས་དང༌། གཏན་ཚིགས་ཐིགས་པ་ལས་ཀྱང༌། ཕྱོགས་ཇི་ལྟ་བུ་ཞིག་བསྟན་པར་བྱ་ཞེ་ན། ཞེས་པ་ནས། རང་གི་ངོ་བོ་ཁོ་ན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཁོ་ནར་འདོད་པ་ཡིན་གྱི། ཞེས་དང༌། རྣམ་འགྲེལ་ལེའུ་བཞི་པ་ལས། བསྒྲུབ་པར་བྱ་བ་ཕྱོགས་ཀྱི་ཚིག །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་དང༌། རྒྱན་གྱི་བཞི་པ་ལས། ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ན། །གཉིས་པོ་ཕན་ཚུན་ཁྱད་པར་ཅན། །བསྒྲུབ་བྱ་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འོ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་འཆད་པའི་སྐབས་ཀྱི་ཕྱོགས་ལ་རྩོད་གཞིས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་ཚུལ་དང་པོ་འཆད་པའི་དངོས་བསྟན་གྱི་ཕྱོགས་ལ་རྩོད་གཞིས་ཁྱབ་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེའི་ཤུགས་བསྟན་གྱི་དེ་སྒྲུབ་ཀྱི་ཚོགས་དོན་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་སྒྲུབ་ངག་གི་བཤད་ཚུལ་ཡོད་པའི་ཕྱིར་སོགས་སླ།

           ཡང་ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དང་པོ་འཆད་པའི་དངོས་བསྟན་གྱི་ཕྱོགས་ལ་རྩོད་གཞིས་མ་ཁྱབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དང་པོ་ཕྱོགས་ཆོས་ཞེས་པའི་དངོས་བསྟན་གྱི་ཚུལ་དང་པོའི་ཕྱོགས་སམ་བསྒྲུབ་བྱ་ལ་སྒྲ་དང་མི་རྟག་པའི་ཚོགས་དོན་ཞིག་ཡོད་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་དངོས་བསྟན་གྱི་ཕྱོགས་ལ་ཚོགས་དོན་ཞིག་ཡོད་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་ཚུལ་དང་པོ་བཤད་པའི་དངོས་བསྟན་གྱི་ཕྱོགས་ལ་རྩོད་གཞི་དགོས་ཀྱང༌། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་དངོས་བསྟན་གྱི་ཕྱོགས་ལ་ཚུལ་དང་པོ་འཆད་པའི་ཕྱོགས་སྒྲས་མ་ཁྱབ་པའི་ཕྱིར། དེར་ཐལ། ཚིག་དེའི་ནང་གི་སྒྲ་མི་རྟག་པར་སྒྲུབ་པའི་ཞེས་པའི་དངོས་བསྟན་གྱི་ཚོགས་དོན་ནམ་ཕྱོགས་དེ་དེ་སྒྲུབ་ཀྱི་ཚུལ་དང་པོའི་ཕྱོགས་མ་ཡིན་ཕྱིར། དེར་ཐལ། སྒྲ་མི་རྟག་པའི་ཆོས་བཤད་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དང་པོ་བཤད་པ་མ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པ་ཞེས་པའི་ཚིག་དེ་དམ་བཅའ་དང་བསྒྲུབ་བྱ་བརྗོད་པའི་ཚིག་ཡིན་ཀྱང་ཕྱོགས་ཆོས་བརྗོད་པའི་ཚིག་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། ཡང་ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་བཤད་པའི་དངོས་བསྟན་གྱི་ཕྱོགས་ལ་རྩོད་གཞིས་མ་ཁྱབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་དངོས་བསྟན་གྱི་ཕྱོགས་ལ་དེ་ལྟར་མ་ཁྱབ་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། ཚིག་དེས་དེ་སྒྲུབ་ཀྱི་ཕྱོགས་ཆོས་དངོས་སུ་བསྟན་པའི་ཕྱིར་ན་ཡང་མ་ཁྱབ། མ་གྲུབ་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་སྒྲས་དངོས་སུ་བསྟན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དང་པོའི་སྐབས་སུ་སྒྲ་ལ་ཕྱོགས་སྒྲས་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་དེ་དེ་སྒྲུབ་ཀྱི་ཕྱོགས་མིང་གིས་གདགས་རུང་གི་ཆོས་ཅན་དུ་གོ་བའི་ཆེད་ཡིན་པའི་ཕྱིར་ཟེར་ན། འོ་ན། བུམ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་མིང་གིས་གདགས་རུང་གི་ཆོས་ཅན་མ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། གྲགས་རྟགས་དང་འགལ་ལོ། །

           ཡང་ཁ་ཅིག །འདི་འདྲར་འཁྲུལ་ནས་བུམ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་མིང་གི་གདགས་གཞི་ཆོས་ཅན་ཡིན་ཟེར་ན། འོ་ན། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་དང་རྩོད་གཞི་གང་རུང་དུ་ཐལ་ལོ། །འདོད་པ་དེའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། དེ་སྒྲུབ་ཀྱི་རྩོད་གཞིར་ཐལ། དེ་སྒྲུབ་ཀྱི་ཕྱོགས་སྒྲས་བདག་གཞིར་རུང་བའི་ཆོས་ཅན་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རྒྱན་ལས། ཉེ་བར་བཏགས་པ་མེད་པའི་ཆོས་ཅན་རྐྱང་པ་ནི་ཕྱོགས་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་པར་ཐལ། ཆོས་ཅན་རྐྱང་པ་སོགས་ཀྱིས་གདགས་གཞི་མ་ཡིན་པའི་ཆོས་ཅན་རྐྱང་པ་སྐབས་འདིའི་ཕྱོགས་མ་ཡིན་པར་བཤད་ལ། དེ་སྒྲུབ་ཀྱི་ཆོས་ཅན་ལ་རྩོད་གཞི་དང་དཔེ་གཉིས་གང་རུང་ཞིག་དགོས་ཤིང་དཔེ་ཆོས་ཅན་དེ་སྒྲུབ་ཀྱི་ཕྱོགས་ཀྱི་གདགས་གཞི་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཀྱི་གདགས་གཞི་ལ་དེ་སྒྲུབ་ཀྱི་ཆོས་དང་ཤེས་འདོད་ཆོས་ཅན་དང་ཚོགས་དོན་གསུམ་དུ་ངེས་པའི་ཕྱིར། སློབ་དཔོན་གྱིས། རྟགས་ཀྱིས་བསྒྲུབ་བྱ་ཚོགས་པ་ཉིད། །ཡིན་ཕྱིར་ཆོས་དང་ཆོས་ཅན་དག །གཙོ་བོ་མིན་ཡང་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་འདོགས་པ་ཡིན། །ཞེས་གསུངས་པའི་ཕྱིར། འདི་དག་རིགས་པ་ཕྲ་བ་དགོས་སོ།  །འདི་སྐོར་ལ་འབྲེལ་མེད་དག་དོར་ཏེ། མཁས་པའི་ལུགས་དཔྱད་ན། བོད་ཀྱི་རྟོག་གེའི་གཙུག་རྒྱན་.....ཆ་བ་དག་ན་རེ། དེ་སྒྲུབ་ཀྱི་ཚུལ་དང་པོ་རྗེས་ཁྱབ་མི་ཟློས་པའི་ཆེད་དུ་ཤེས་འདོད་ཆོས་ཅན་ལ་ཕྱོགས་སྒྲས་བཤད། རྟགས་ཆོས་ཅན་ལ་ཡོད་པ་ཕྱོགས་ཆོས་ཞེས་བརྗོད་པ་ན་མི་མཐུན་དཔེ་ལ་དོགས་པ་མེད་ཀྱང་མཐུན་དཔེ་ལ་དོགས་པ་ཆེ་བས་དེ་གཉིས་ཟློས་སྐྱོན་འོང་གསུངས། འདི་མི་འཐད་དེ། དེ་ལྟར་དུ་རང་འགྲེལ་དང་འགྲེལ་བཤད་མཁས་པ་སུས་ཀྱང་མ་བཤད་པའི་ཕྱིར་དང༌། ཕྱོགས་ཆོས་ཀྱི་ཚིག་སྡུད་ཀྱང་ཆོས་ཅན་ལ་ཡོད་པའམ་ཆོས་ཞེས་གཉིས་པ་བསྡུས་པ་མ་ཡིན་པའི་ཕྱིར། འོག་ཏུ་འཆད་དོ། །ཡང་རྟོག་གེ་ལ་མཁས་པ་ཁ་ཅིག་ན་རེ།.....ཚུལ་རྩེགས། རྟགས་རྗེས་སུ་དཔག་བྱ་ལ་ཡོད་པ་ཕྱོགས་ཆོས་ཞེས་བརྗོད་ན། རྗེས་འགྲོ་སྟོན་པ་ན་བསྒྲུབ་བྱའི་ཆོས་ལྡན་ཚོགས་པའི་སྤྱི་ལ་ཡོད་པར་བསྟན། དེས་ཡ་གྱལ་ལ་ཡོད་པར་མི་འགྲུབ། ཅེས་ཟེར། དེ་ཡང་མི་འཐད་པར་ཐལ། ཚུལ་དང་པོ་གཉིས་ཀྱི་དངོས་བསྟན་གྱི་ཕྱོགས་ནི་རིམ་བཞིན་དུ་ཆོས་ཅན་དང་ཆོས་ལ་མཁས་པས་བཤད་པའི་ཕྱིར། རྟགས་བཤད་ཟིན། ཡང་རྟོག་གེ་དང་ཐ་སྙད་མཁས་པ་གཞན་དག་ན་རེ།.....རྩང་ནག རྟགས་ཆོས་ཅན་ལ་ཡོད་པ་ཕྱོགས་ཆོས་ཞེས་བརྗོད་ན་ཆོས་ཅན་གང་ལ་ཡོད་ཐེ་ཚོམ་ཟ་ལ། རྟགས་རྗེས་སུ་དཔག་བྱ་ལ་ཡོད་པ་ཕྱོགས་ཆོས་ཞེས་བརྗོད་པས་རྗེས་སུ་དཔག་བྱ་གསུམ་དུ་ངེས་ལ། དེ་སྒྲུབ་ཀྱི་ཆོས་དང་ཚོགས་དོན་ཕྱོགས་ཆོས་ཀྱི་ཡོད་པ་ཆོས་ཅན་མ་ཡིན་པས། དཔག་འདོད་ཀྱི་ཆོས་ཅན་དུ་ངེས་སོ་ཟེར་བ་ལ། རྟོག་གེ་བ་ལ་ལ་ན་རེ།.....དན་འབགས། རྟགས་ལ་ཆོས་ཀྱིས་མ་ཁྱབ་ན་ནི་རྟགས་ཡང་དག་ཏུ་འགལ་ལ། ཁྱབ་ན་ནི་ཁྱབ་བྱེད་ཁོ་ན་ལ་ཡོད་པས། ཡོད་པ་ཆོས་ཅན་མ་ཡིན་པ་ཉམས་ལ། ཚོགས་དོན་ལ་བསྒྲུབ་བྱའི་མཚན་ཉིད་མེད་ན་ནི་བསྒྲུབ་བྱར་འགལ་ལ། ཡོད་ན་ནི་མཚན་ཉིད་ཀྱི་ཡོད་པ་ཆོས་ཅན་མ་ཡིན་པ་ཉམས་སོ་ཟེར། འདི་མི་འཐད་པར་ཐལ། རྟགས་དེ་སྒྲུབ་ཀྱི་ཆོས་ལ་ཡོད་ཀྱང་ཚུལ་དང་པོའི་ཆོས་ཅན་ལ་ཡོད་མེད་འཆད་པའི་སྐབས་མ་ཡིན་པའི་ཕྱིར། མ་གྲུབ་ན། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཞེས་བཤད་མི་དགོས་པར་ཐལ། ཕྱོགས་ཆོས་ཞེས་པས་རྟགས་དེ་སྒྲུབ་ཀྱི་ཆོས་ལ་ཁྱབ་མ་ཁྱབ་བཤད་ཟིན་པའི་ཕྱིར་དང༌། མི་རྟག་པ་ནི་སྒྲ་མི་རྟག་པ་སྒྲུབ་པའི་ཆོས་དང་ཆོས་ཅན་གཉིས་ཀ་ཡིན་ན། སྒྲ་མི་རྟག་པར་སྒྲུབ་པ་དེ་གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་ཐལ་བའི་ཕྱིར་རོ་སོགས་བྱ།

           ཡང་ཁ་ཅིག་ན་རེ། རྣམ་ངེས་སུ། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ་ཞེས་པ་འདི་ཚད་མ་མདོའི་ཚིག་འདིར་བཀོད་པ་ཡིན་ཟེར་ན་འོ་ན། ཚད་མ་མདོའི་རྩ་ཚིག་ལ་འདིའི་སྐབས་སུ་ངེས་པ་ཞེས་པའི་ཚིག་བཀོད་པར་ཐལ་ལོ། །དམ་བཅའ་འཐད་པའི་ཕྱིར། འདོད་ན། མདོའི་རྣམ་བཤད་མཐར་འཛིན་གདུང་སེལ་ལས། ངེས་པ་ཞེས་པ་རྩ་བའི་ཚིག་ལ་དངོས་སུ་མ་བསྟན་ཡང༌། ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ། གཞན་ཡང་མདོ་རྩའི་འགྱུར་ལས། རྗེས་དཔག་བྱ་དང་དེ་མཐུན་ལ། །ཡོད་དང་མེད་ཉིད་ལ་མེད་པའོ། །ཞེས་དང༌། དེའི་འགྲེལ་པའི་འགྱུར་ལས། རྗེས་དཔག་བྱ་དང་དོན་མཐུན་ལ། །ཡོད་མེད་ཉིད་ལ་མེད་པའོ། །རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཀྱི་སོགས་འབྱུང་བ་མི་འཐད་པར་ཐལ་ལོ། །འདོད་པའི་ཕྱིར། གཞན་ཡང་རྣམ་བཤད་མཐར་འཛིན་གདུང་སེལ་ལས། རྣམ་ངེས་སུ་ཐ་མར་སྨོས་པའི་ངེས་པ་ཉིད་ནི་ཚུལ་གསུམ་ག་ལ་བལྟ་བར་བྱའོ། །ཞེས་པ་ཡང་དེ་མཚན་ཉིད་ཀྱི་ཟུར་དུ་ཡིན་གྱི་ཞེས་དང༌། རྣམ་ངེས་རྩ་བར། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་11མེད་ལ་མེད་པར་ནི། །ངེས་པ་གཏན་ཚིགས་མི་དམིགས་དང༌། །བདག་དང་འབྲས་བུ་ཞེས་བྱ་གསུམ། །ཞེས་བཀོད་པ་མ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེའི་རྣམ་བཤད་རྒྱལ་བའི་དགོངས་གསལ་ལས། གཉིས་པ་ཡན་ལག་གི་དོན་ལ་གསུམ། མཚམས་སྦྱར་བ། རྩ་བ་དང་འགྲེལ་པའོ། །ཞེས་གསུངས་པ་མི་འཐད་པར་ཐལ་བ་དང༌། འཐད་ལྡན་དུ་ཡང་འགྲེལ་བཤད་བརྩམ་པར་བཤད་པ་མི་འཐད་པར་ཐལ་བ་དང༌། བར་སྐབས་ཀྱི་ཚིགས་བཅད་དག་ཀྱང་འགྲེལ་བའི་མ་ཡིན་པར་རྩ་བར་ཐལ་བ་དང༌། རྣམ་འགྲེལ་ངེས་རྒྱས་བསྡུས་གོ་ལོག་པར་ཐལ་བ་སོགས་འབྱུང་ངོ༌། །འདི་ལྟར་མ་གོ་ནས་བླུན་པོ་རྣམས་ཀྱིས་ཟོབ་བཤད་ལུང་མ་བསྟན་སྣ་ཚོགས་བྱས་སོ། །འོ་ན། ཐར་ལམ་གསལ་བྱེད་དུ་ལུང་དྲངས་པ་ལ་ངེས་པ་བྱུང་བ་དང་རྣམ་བཤད་འདིར་ཕྱོགས་གླང་གི་གསུང་བཀོད་པར་བཤད་པ་མི་འཐད་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ན་མ་ཁྱབ་སྟེ། གསུང་གི་དོན་བཀོད་པ་ཙམ་ཡིན་པའི་ཕྱིར། ཡང་ཁ་ཅིག །རྣམ་ངེས་སུ། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །ཞེས་པ་མདོ་ཚིག་ཏུ་འདོད་པ་ཡང་མི་འཐད་པར་ཐལ། དེར་དེ་མེད་པའི་ཕྱིར། ཕྱོགས་ཆོས་ཅན་དགུ་སྟོན་པ་ན། མདོ་ལས། གང་ཞིག་བསྒྲུབ་བྱའི་ཆོས་ཀྱི་རྟགས། །དེ་ལྟར་སྣང་བ་ཕལ་ཆེ་བས། །དེས་ན་གཏན་ཚིགས་སོགས་དོན་གྱི། །སྔོན་དུ་རྒྱས་པར་དེ་བསྟན་བྱ། །མཐུན་ཕྱོགས་ལ་ཡོད་མེད་རྣམ་གཉིས། །ཕྱོགས་ཀྱི་ཕྱོགས་ལ་ཡང་རྣམ་གསུམ། །མི་མཐུན་ཕྱོགས་ལའང་སོ་སོར་ནས། །ཡོད་མིན་གཉིས་ཀའི་བྱེ་བྲག་ཕྱིར། །ཞེས་གསུངས་པའི་ཕྱིར། ཡང་ཕྱོགས་ཆོས་ཞེས་པའི་ཚིག་སྡུད་དང་རྣམ་བཅད་གསུམ་ལ་གོ་བ་མ་ཆགས་ན་གཞུང་འདིའི་དོན་ཕལ་ཆེ་བ་མི་གོ་ལ། ཁྱད་པར་ཚུལ་གསུམ་གྱི་ཚིག་ཕྲད་སྦྱོར་ས་མ་ཤེས་པར་གདུགས་དཀར་གྱི་སྔགས་འདོན་པ་ལྟར་འགྱུར་ལ། དེ་ཁོ་ནའང་གཞུང་དུ་མའི་ཚིག་སྦྱོར་ལ་ནུས་པ་ཁྱད་པར་ཅན་གོ་བར་སྣང་བས་ན། དེ་དག་ལ་དཔྱོད་པའི་སྒོ་རེ་བསྟན་ན། ཁ་ཅིག་ན་རེ། འདི་ལ་ཕྱོགས་ཀྱི་ཆོས་ཡོད་པས་ཞེས་པའི་དོན་ཕྱོགས་ཆོས་ཅན་དུ་སྟོན་བྱེད་ཀྱི་དོན་བསྡུས་ནས་ཕྱོགས་ཆོས་ཞེས་བཀོད་ཟེར་ན། འོ་ན་ཕྱོགས་ཆོས་ཞེས་པའི་ཚིག་སྡུད་འདི་འབྲུ་མང་པོའི་བསྡུ་བར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཆོས་ཅན་ནམ་ཕྱོགས་དེ་དང་ཆོས་ཀྱི་གཞི་མཐུན་བསྟན་ནས་དངོས་སུ་བཤད་པའི་དོན་ལས་དོན་གཞན་གོ་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཆ་བསགས་ལས། གལ་ཏེ་ཚིག་གཉིས་དག་གྱུར་རམ། །གལ་ཏེ་མང་པོར་གྱུར་པའང་རུང༌། །དེ་རྣམས་ཚིག་དོན་གཞན་ལ་ནི། །འབྲུ་མང་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་ལ་ཚིག་གཉིས་པའི་འབྲུ་མང་ཤར་ལྷོ་ཞེས་པས་ཤར་ལྷོ་ལས་གཞན་མཚམས་བསྟན། ཚིག་མང་པོའི་འབྲུ་མང་མཆོད་བརྗོད་དུ། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཟབ་ཅིང་རྒྱ་ཆེ་སྐུ་མངའ་བ། །ཞེས་པའི་དངོས་བསྟན་གྱི་ཆོས་གསུམ་ལས་གཞན་པ་དེ་ལྡན་གྱི་སངས་རྒྱས་སྟོན་པ་ལྟ་བུ་ཞིག་དགོས་པའི་ཕྱིར། འདོད་མི་ནུས་ཏེ། ཕྱོགས་ཆོས་ཞེས་པས་རྩོད་གཞི་སྒྲ་ལྟ་བུའི་ལྡན་ཆོས་བྱས་པ་རྟགས་སུ་སྟོན་པའི་ཕྱིར། ཇི་སྐད་དུ་ཤཱཀྱས། འདི་ལ་ཕྱོགས་ཀྱི་ཆོས་ཡོད་པས། །ཞེས་བྱ་བར་འབྲུ་མང་པོ་བ་ནི་མ་ཡིན་ཏེ། ཆོས་ཅན་ཞེས་བྱ་བ་ཕྱོགས་དང་ཆོས་ཞེས་བྱ་བར་གཞི་མཐུན་མེད་པའི་ཕྱིར་རོ་ཞེས་དང༌། འཐད་ལྡན་ལས། འབྲུ་མང་པོ་ཡང་མ་ཡིན་ཏེ། ནས། དོན་ཀྱང་འགལ་བའི་ཕྱིར་ཏེ། དེ་ཉིད་ཆོས་ཅན་ཡིན་ལ་དེ་ཉིད་ཆོས་ཡིན་པ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཕྱོགས་ཆོས་ཞེས་པ་ལས་འཛིན་གྱི་བསྡུ་བ་ཡིན་ཟེར་ན། འོ་ན་ཕྱོགས་སམ་རྩོད་གཞི་ཡང་ཡིན་ཆོས་རྟགས་ཀྱང་ཡིན་པ་ཞེས་པའི་དོན་བསྡུས་ནས་ཕྱོགས་ཆོས་ཞེས་བཤད་པར་ཐལ་ལོ། །འདོད་པའི་ཕྱིར། ཁྱབ་སྟེ། དེ་ལྟར་གཞི་མཐུན་ཞིག་ལ་སྡུད་པའི་ཚིག་གཅིག་དགོས་པའི་ཕྱིར། ཆ་བསགས་ལས། གཞི་མཐུན་པ་ཡི་ཚིག་དག་ནི། །ལས་འཛིན་བྱེད་པར་རྣམ་ཤེས་བྱ། །ཞེས་གསུངས་པའི་ཕྱིར། འདོད་ན། འདིའི་ཕྱོགས་དང་ཆོས་གཉིས་ཀ་རྩོད་གཞིའམ་རྟགས་གང་རུང་ཞིག་ལ་བྱེད་པར་ཐལ། འདོད་པའི་ཕྱིར། དེ་བཞིན་དུ་སྒྲ་བྱས་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་སུ་ཐལ་དང་གཏན་ཚིགས་སུ་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེ་ཆས་ཁྱབ་ཅེས་བཤད་པ་ནི་འཐད་པར་ཐལ་ལོ། །ཤཱཀྱས་གཞི་མཐུན་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཕྱིར་ལས་ཀྱི་གཞི་ཡང་མ་ཡིན་ནོ། །ཞེས་དང༌། འཐད་ལྡན་ལས། དེ་ཉིད་ཀྱི་ཕྱིར་འདི་ལས་འཛིན་པ་ཡང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

 (11) པར་ཐེངས་གཉིས་པ། མེད་པ་མེད་པར་ནི། །

           ཡང་ཁ་ཅིག་ན་རེ། འདི་ཕྱོགས་དང་ཆོས་དང་ཞེས་པ་བསྡུས་ནས་ཕྱོགས་ཆོས་ཞེས་ཟླས་དབྱེའི་ཚིག་སྡུད་སྦྱར་ཟེར་ན། ཕྱོགས་ཆོས་ཞེས་པ་ཟླས་དབྱེའི་ཚིག་སྡུད་མ་ཡིན་པར་ཐལ། ཕྱོགས་ཆོས་ལ་མིང་གཉིས་ལས་མེད་པས། ཟླས་དབྱེ་གཉིས་ཀྱི་མིང་གསུམ་ཕན་ཆད་ཀྱི་མང་པོའི་ཟླས་དབྱེ་མ་ཡིན་ལ། མིང་གཉིས་པའི་ཟླས་དབྱེ་ལ་ཕན་ཚུན་སྦྱོར་བའི་དང་ཀུན་སྡུད་ཀྱི་ཟླས་དབྱེ་གཉིས་སུ་ངེས་པ་ལས་དེ་གཉིས་གང་ཡང་མ་ཡིན་པའི་ཕྱིར། དེར་ཐལ། ཕན་ཚུན་གཞན་སྦྱོར་གྱི་མིང་གཉིས་པའི་དེ་མ་ཡིན་པ་གང་ཞིག །ཀུན་སྡུད་ཀྱི་མིང་གཉིས་པའི་ཟླས་དབྱེ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། འོ་ན། ཕྱོགས་ཆོས་དག་ཅེས་གཉིས་ཚིག་གི་མཐའ་ཅན་དུ་ཐལ། ཕྱོགས་ཆོས་ཞེས་པ་ཕན་ཚུན་གཞན་སྦྱོར་རམ་ལྡན་སྦྱོར་གྱི་མིང་གཉིས་པའི་ཟླས་དབྱེའི་ཚིག་བསྡུས་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཤཱཀྱས། ཕྱོགས་དང་ཆོས་ཞེས་བྱ་བར་ཟླས་དབྱེ་བ་ཡང་མ་ཡིན་ཏེ། ཕན་ཚུན་ལྡན་པ་ཡིན་ན་ནི་གཉིས་ཀྱི་ཚིག་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ཕྱོགས་ཆོས་ཞེས་པ་མ་ནིང་གི་མཐའ་ཅན་དུ་ཐལ། ཟླས་དབྱེའི་ཀུན་སྡུད་ཀྱི་གཅིག་ཚིག་གི་མཐའ་ཅན་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཆ་བསགས་ལས། དེ་ནི་མ་ནིང་རྟགས་སུ་འགྱུར། །ཟླས་དབྱེ་གཅིག་དེ་བཞིན་པ་གཉིས། །ཞེས་པའི་མ་ནིང་ཞེས་པ་དང་ཟླས་དབྱེ་གཅིག་ཅེས་པའི་དོན་ཡོད་པའི་ཕྱིར། མ་ཁྱབ་མཚམས་ལ་འདོད་ན། ཕྱོགས་ཆོས་ཞེས་པ་རྣམ་དབྱེ་དང་པོའི་རྗེས་མེད་པར་ཐལ་ལོ། །ཇི་སྐད་དུ་ཤཱཀྱས། གཅིག་ཏུ་བསྡུ་བ་ཡིན་ན་ནི་མ་ནིང་ཉིད་ཡིན་པར་ཡང་ཐལ་བར་འགྱུར་ལ་ཞེས་གསུངས་པའི་ཕྱིར། དེ་ལྟར་ཟླས་དབྱེའི་གཞན་སྦྱོར་དང་ཀུན་བསྡུས་གང་བྱས་ཀྱང་མི་འཐད་པ་ནི། འཐད་ལྡན་ལས་ཀྱང༌། རེ་ཞིག་འདི་ཟླས་དབྱེའི་བསྡུ་བ་ནི་མ་ཡིན་ནོ། །མ་ནིང་གི་རྟགས་དང༌། གཉིས་ཀྱི་ཚིག་ཏུ་ཐལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཟླས་དབྱེར་འདོད་པ་ལ་སྐྱོན་གཞན་ཡང་འདི་ལྟར། རྩ་བར། དེ་ཆས་ཁྱབ་གསུངས་པ་མི་འཐད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་དང་ཆོས་ཏེ་སྒྲ་བྱས་པ་ལ་དེ་ཆས་མ་ཁྱབ་པའི་ཕྱིར། དེར་ཐལ། སྒྲ་བྱས་ན་མི་རྟག་པས་མ་ཁྱབ་པའི་ཕྱིར། ཤཱཀྱས། ཕྱོགས་དང་ཆོས་ལ་དེ་ཆས་ཁྱབ་པ་ཡང་མེད་དོ་ཞེས་གསུངས་པའི་ཕྱིར། དེས་ན་ཕྱོགས་ཆོས་ཞེས་པ་མི་ལྡན་རྣམ་གཅོད་ཀྱི་ཆེད་དུ་ཚིག་བསྡུས་གསུམ་པ་དེའི་སྐྱེས་བུའི་བསྡུ་བའི་ནང་ཚན་དྲུག་པའི་བསྡུ་བ་བྱས་ནས་ཕྱོགས་ཀྱི་ཆོས་ཞེས་པའི་དྲུག་སྒྲ་བསྡུས་ནས་ཕྱོགས་ཆོས་ཞེས་བཤད་པ་ཡིན་ཏེ། ཚིག་སྡུད་དྲུག་གི་འབྲུ་མང་དང་ལས་འཛིན་དང་ཟླས་དབྱེ་གསུམ་མིན་ཚུལ་བཤད་ཟིན་ལ། དེ་གཉིས་པའང་ངག་གཉིས་པ་ཡང་མ་ཡིན་མི་ཟད་པའི་བསྡུ་བ་ཡང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཕྱོགས་ཆོས་ཞེས་པ་ལ་གྲངས་ཀྱི་ཚིག་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕྱོགས་ཆོས་ཞེས་པ་ལ། མི་ཟད་པའི་ཉེར་སྒྱུར་སོགས་སྔོན་དུ་མ་བཀོད་པའི་ཕྱིར་རོ། །འདི་དག་ནི་རང་གི་རྗེད་བྱང་ཁོ་ན་ལགས་སོ། །

           རང་ལུགས་ནི། དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོ་འཆད་པའི་དངོས་བསྟན་གྱི་ཕྱོགས་དང་དེ་འདྲའི་དཔག་བྱ་དང་དེ་འདྲའི་བསྒྲུབ་བྱ་དང༌། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང༌། དེ་སྒྲུབ་ཀྱི་དཔག་བྱའི་ཆོས་ཅན་དང༌། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཅན་དང་དེ་སྒྲུབ་ཀྱི་རྩོད་གཞི་དང་དེ་སྒྲུབ་ཀྱི་གཞི་རྣམས་དོན་གཅིག་རྣམ་གྲངས་ཡིན་ཏེ། དེ་དག་རྒོལ་བ་མཁས་པས་དཔག་འདོད་ཆོས་ཀྱི་དཔག་གཞིར་གཟུང་བའི་རྣམ་གྲངས་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་བསྒྲུབ་བྱའི་རྣམ་གྲངས་ཡོད་དེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་དང༌། དེ་སྒྲུབ་ཀྱི་ཕྱོགས་དང༌། དེ་སྒྲུབ་ཀྱི་དཔག་བྱ་དང༌། དེ་སྒྲུབ་ཀྱི་རྩོད་གཞི་དང་ཆོས་ཀྱི་ཚོགས་དོན་དང༌། དེ་སྒྲུབ་ཀྱི་ཆོས་ཀྱིས་ཁྱད་པར་བྱས་པའི་རྩོད་གཞི་དང༌། དེ་སྒྲུབ་ཀྱི་རྩོད་གཞིས་ཁྱད་པར་བྱས་པའི་ཆོས་རྣམས་དོན་གཅིག་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་ཕྱོགས་སྒྲ་དང་དཔག་བྱའི་སྒྲ་དང་བསྒྲུབ་བྱའི་སྒྲ་གསུམ་དངོས་བཏགས་སོ་སོར་འཇུག་ཚུལ་ཡོད་དེ། དེ་སྒྲུབ་ཀྱི་རྩོད་གཞི་དང་ཆོས་ལ་བཏགས་ནས་འཇུག །ཚོགས་དོན་ལ་དངོས་མིང་དུ་འཇུག་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་རྩོད་གཞི་དང་ཆོས་གཉིས་ཕྱོགས་ཀྱི་གདགས་གཞི་ཡ་གྱལ་ཡིན་པས་དེ་ལྟར་བཏགས་པའི་ཕྱིར། དེ་གཉིས་ཆོས་ཅན། དེ་སྒྲུབ་ཀྱི་ཕྱོགས་དངོས་མ་ཡིན་ཏེ། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་ཁྱོད་ཚད་མས་གྲུབ་ཟིན་པའི་ཕྱིར། དེ་སྒྲུབ་ཀྱི་ཚོགས་དོན་ཆོས་ཅན། དེ་སྒྲུབ་ཀྱི་ཕྱོགས་སྒྲ་དངོས་མིང་དུ་འཇུག་སྟེ། དེ་སྒྲུབ་ཀྱི་རྩོད་གཞི་དང་ཆོས་ལྷན་ཅིག་བསྡོམས་པའི་དོན་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་ཐུན་མོང་མ་ཡིན་པའི་མིང་ཡིན་པའི་ཕྱིར། དཔེར་ན་ཐུན་མོང་མ་ཡིན་པའི་སྐལ་བ་ལ་དེའི་ངོས་སྐལ་དུ་གྲགས་པ་བཞིན། ཇི་སྐད་དུ་འཆི་མེད་མཛོད་ལས། བཀྵ་ཕྱོགས་དང་ལྷན་ཅིག་གོ །ཞེས་གསུངས་པའི་ཕྱིར། དེ་སྒྲུབ་ཀྱི་ཕྱོགས་ཀྱི་ཐ་སྙད་ཚོགས་དོན་དང་ཆོས་དང་ཤེས་འདོད་ཆོས་ཅན་གསུམ་ལ་འཇུག་ཀྱང་སྐབས་སྟོབས་ཀྱིས་སོ་སོར་གོ་ཚུལ་སྔར་བཤད་པ་ལྟར་ཡིན་པར་ཐལ། དེ་ལྟར་དུ་བོད་ཁོ་ནས་བྱས་པ་མ་ཡིན་པར་འཕགས་ཡུལ་པཎ་ཆེན་དག་གིས་བཤད་པའི་ཕྱིར་ཏེ། འཐད་ལྡན་ལས། རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ནི་རྣམ་པ་གསུམ་ལ་ཡིན་ཏེ། སྒྲུབ་པར་བྱེད་པ་ལས་རྟོགས་པ་ཆོས་དང་ཆོས་ཅན་གྱི་སྤྱི་གང་ཡིན་པ་དེ་ནི་དངོས་སུ་རྗེས་སུ་དཔག་པར་བྱ་བ་ཡིན་ཞིང༌། ཁྱབ་པའི་ཡུལ་བསྒྲུབ་པར་བྱ་བའི་ཆོས་དང༌། གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཡུལ་ཆོས་ཅན་ནི་བཏགས་ནས་རྗེས་སུ་དཔག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡིན་ཞིང་ཡན་ཆད་ཀྱིས་སྦྱོར་བའི་སྒོས་སྒྲུབ་བྱེད་ཀྱི་རྟགས་བཀོད་ནས་རྟོགས་རྒྱུའི་བསྒྲུབ་བྱ་དངོས་ནི་ཚོགས་དོན་གང་ཞིག །ཁྱབ་པའི་ཡུལ་བསྒྲུབ་པར་བྱ་བའི་ཆོས་ཞེས་པས་ཁྱབ་པའི་སྐབས་ཀྱི་དངོས་བསྟན་གྱི་བསྒྲུབ་བྱ་ལ་ཆོས་དགོས་པར་བཤད། ལྷག་མས་རྟགས་ཚུལ་དང་པོའི་དངོས་བསྟན་ཕྱོགས་ལ་རྩོད་གཞིས་ཁྱབ་པར་བཤད་པའི་ཕྱིར། རྟགས་དང་པོ་སླ། རྟགས་གཉིས་པ་གྲུབ་སྟེ། འཐད་ལྡན་ལས། ཆོས་ཙམ་ཡང་འདིར་རྗེས་སུ་དཔག་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པའི་སྒྲོས་དེ་ལྟ་བུའི་ཆོས་ཙམ་ལ་ཡོད་པ་འཆད་པར་འགྱུར་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིས་ཁྱབ་པ་གཉིས་ཀའི་འབྲེལ་ཡུལ་བསྒྲུབ་བྱ་ལ་ཆོས་ཙམ་མམ་ཆོས་ཁོ་ནས་ཁྱབ་པར་བཤད་པའི་ཕྱིར་རོ། །རྟགས་གསུམ་པ་གྲུབ་སྟེ། འཐད་ལྡན་ལས། འདིའི་ཡུལ་ལ་སྤྱི་ནི་རྗེས་སུ་དཔག་བར་བྱ་བ་མ་ཡིན་ཏེ། དེ་ལྟ་བུའི་སྤྱི་ལ་རྟགས་མ་གྲུབ་པའི་ཕྱིར་རོ། །དེ་ལ་སྒྲུབ་ན་ཡང་རྟགས་ཉིད་མ་ཡིན་ཏེ། བསྒྲུབ་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར།

           རྩོད་སྤོང་ལ་ཁོ་ན་རེ། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་འཆད་པར་དངོས་བསྟན་གྱི་ཕྱོགས་དངོས་གནས་པ་མ་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོ་འཆད་པའི་དངོས་བསྟན་གྱི་ཕྱོགས་བཏགས་པ་བ་ཡིན་པའི་ཕྱིར་ཏེ། རིགས་གཏེར་ལས། ཡ་གྱལ་གཉིས་ལ་བཏགས་ནས་འཇུག །ཅེས་གསུངས་པའི་ཕྱིར་ན་འགལ་ཁྱབ་ཡིན་ཏེ། 12དེ་སྒྲུབ་ཀྱི་ཕྱོགས་ལ་དགོངས་ཀྱི་རྟགས་ཚུལ་དང་པོའི་ཕྱོགས་མིན་ལ། དེ་སྒྲུབ་ཀྱི་རྟགས་ཚུལ་དང་པོ་འཆད་པའི་དངོས་བསྟན་གྱི་ཕྱོགས་ཡིན་ན་དེ་སྒྲུབ་ཀྱི་ཕྱོགས་ཡིན་དགོས་པར་ཐལ། སྒྲ་དེ་དེ་མ་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། མ་གྲུབ་ན། སྒྲ་ཆོས་ཅན། རྟགས་ཚུལ་དང་པོའི་དངོས་བསྟན་གྱི་ཕྱོགས་བཏགས་པ་བ་མ་ཡིན་པར་ཐལ། ཁྱོད་དེ་དངོས་གནས་པ་ཡིན་པའི་ཕྱིར། འཁོར་གསུམ་ག་དངོས། ཁྱབ་སྟེ། དངོས་བཏགས་གཉིས་འགལ་བའི་ཕྱིར་དང༌། དེ་གཉིས་ཀྱི་མིང་དོན་གཉིས་ཀ་འགལ་བའི་ཕྱིར། ཚད་མ་མདོར། བཏགས་པའི་ཕྱིར་ན་མི་སྲིད་ཕྱིར། །འབངས་ལ་རྒྱལ་པོར་བཏགས་པ་བཞིན། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དངོས་མིང་དང་ཐུན་མོང་མ་ཡིན་པའི་མིང་དོན་གཅིག་ཏུ་འདོད་པ་མི་འཐད་པར་ཐལ། ཤེས་བྱ་ཞེས་པའི་སྒྲ་བུམ་པའི་དངོས་མིང་ཡིན་པའི་ཕྱིར། དེར་ཐལ། དེ་བུམ་པ་ལ་དངོས་མིང་དུ་འཇུག་པའི་ཕྱིར། དེར་ཐལ། དེ་དེ་ལ་དངོས་སུ་འཇུག་པ་གང་ཞིག །མིང་ཡིན་པའི་ཕྱིར་ན་མ་ཁྱབ།

     (12) པར་ཐེངས་གཉིས་པ། དེ་གྲུབ།

                                                                                                                རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།