ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་རྩ་བའི་མཆོད་བརྗོད་ཀྱི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-04 21:44:07     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

698386197196313547.jpg

                 གཉིས་པ་གཞུང་དོན་ལ་ས་བཅད་ཆེན་པོ་ལྟར་བཤད་པ་ལ་འཇུག་པའི་བྱ་བ་དང༌། བཤད་པ་ཉིད་ཉེ་བར་འགོད་པ་དང༌། བཤད་པ་མཐར་ཕྱིན་པའི་བྱ་བ་གསུམ། དང་པོ་ལ་བསྟན་བཅོས་ལུས་ཀྱི་སྒོ་ནས་མཆོད་པར་བརྗོད་པ་དང༌། བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་གཉིས། དང་པོ་སྟོན་པར། འདི་ཉིད་ལས། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཟབ་ཅིང་རྒྱ་ཆེ་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་བྱུང༌། འདི་ལ་གཞུང་དོན་དང༌། མཐའ་དཔྱད་པ་གཉིས། དང་པོ་ནི། དཔལ་ལྡན་ཆོས་ཀྱི་གྲགས་པས་སྐབས་འདིར་སྐུ་གསུམ་འཕྲིན་ལས་དང་བཅས་པར་བསྟོད་ཕྱག་མཛད་པ་ལ་ཆོས་ཅན། དགོས་པ་དུ་མ་ཡོད་དེ། བདག་ཉིད་དམ་པར་བསྟན་པ་དང༌། བསོད་ནམས་འཕེལ་ཞིང་བར་ཆད་ཞི་བ་དང༌། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཆེད་དང་སྐྱབས་འགྲོ་རྣམ་དག་བྱེད་ཚུལ་ཡང་སངས་རྒྱས་ལ་རང་གཞན་གྱི་དོན་སྒྲུབ་པའི་ཡོན་ཏན་སྐུ་གསུམ་འཕྲིན་ལས་ཕུན་ཚོགས་བཞི་ཚང་བ་ལ་ངེས་ཤེས་ཀྱིས་དྲངས་པའི་ཡིད་ཆེས་སྐྱེད་པའི་ཆེད་ཡིན་པའི་ཕྱིར། རྣམ་བཤད་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བརྗོད་ནས་སྐྱབས་སུ་སོང་བས་ནི་གནས་སྐབས་རྩོམ་པའི་བར་ཆད་ཞི་བ་སོགས་དང་མཐར་ཐར་པ་ཐོབ་པར་འགྱུར་བའོ། །ཞེས་དང༌། དཔའ་བོས་ཀྱང༌། སྐྱབས་ཀྱི་མཆོག་ནི་སྟོབས་བཅུ་དང༌། །སྟོབས་བཅུའི་ཆོས་ཤེས་དེ་འཚོལ་ཞིང༌། །ཡོན་ཏན་ཚོགས་ལ་དད་སྐྱེད་ན། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །ཞེས་སོགས་ཀྱིས་མདོ་དུ་མའི་བཤད་ཚུལ་ཡ་མཚན་སྣང་བས་དེར་བལྟ་ལ། ཤཱཀྱའི་འགྲེལ་བཤད་དུ་ཡང༌། ཡ་རབས་དག་ནི་ཕལ་ཆེར་བསྟན་བཅོས་རྩོམ་པ་ལ་སོགས་པའི་ཐོག་མར་འདོད་པའི་ལྷ་ལ་ཕྱག་བྱེད་དོ། །དེ་བས་སློབ་དཔོན་འདི་ཡང་བདག་ཉིད་དམ་པ་རྣམས་དང་སྤྱོད་པ་མཐུན་པར་བྱ་བ་དང༌། ཁྱད་པར་དུ་འཕགས་པའི་ལྷ་ལ་བསྟོད་པས་བསོད་ནམས་འཕེལ་ལ་བསོད་ནམས་འཕེལ་བ་ལས་ཀྱང་བསྟན་བཅོས་གེགས་མེད་པར་མཐར་ཕྱིན་པ་དང༌། ཞེས་སོ། །བཤད་ཚུལ་གཉིས་མི་འགལ་ཡང་དགོངས་པ་སོ་སོར་ཤེས་པའི་ཆེད་དུ་བཀོད་ན་རྣམ་བཤད་ལྟར་ན་ཚིགས་བཅད་འདིས་ནི་ཆོས་ཅན། ཀུན་ཏུ་བཟང་པོའི་མཚན་ཅན་བཅོམ་ལྡན་འདས་ལ་ཕུན་ཚོགས་བཞིའི་སྒོ་ནས་བསྟོད་ཚུལ་ཡོད་དེ། རྟོག་པའི་དྲ་བ་རྣམ་བསལ་ཅིང།  །ཞེས་པས་སྤངས་པ་ཕུན་ཚོགས་དང༌། ཟབ་ཅིང་ཞེས་པས་ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཡུལ་གྱི་སྒོ་ནས་བཤད་ལ། དེ་བཞིན་དུ་རྒྱ་ཆེ་ཞེས་པས་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་བཤད་པས་རྟོགས་པ་ཕུན་ཚོགས་དང༌། རང་དོན་གྱི་སྐུ་དེ་གཉིས་བཅོམ་ལྡན་འདས་ལ་མངའ་ཚུལ་སྐུ་མངའ་བ་ཞེས་པས་བསྟན་ཅིང༌། ཀུན་ཏུ་བཟང་པོའི་ཞེས་པས་གཞན་དོན་ཕུན་ཚོགས་གཟུགས་སྐུ་གཉིས་དང་གཞན་དོན་བཤད། འོད་ཟེར་དག་ཀུན་ནས་འཕྲོ་ཞེས་པས་གཞན་དོན་སྒྲུབ་པའི་ཐབས་འཕྲིན་ལས་ཕུན་ཚོགས་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། བསྟོད་པ་ལ་རང་དོན་སྤངས་པ་དང་རྟོགས་པ་ཕུན་ཚོགས་རྐང་པ་དང་པོ་གཉིས་དང་གཞན་དོན་ལ་ངོ་བོ་དང་དེ་སྒྲུབ་པའི་ཐབས་གཉིས་དེ་ནས་རྐང་པ་ཕྱེད་དང་གཉིས་སོ་ཞེས་གསུངས་པ་དང་འབྲུ་སྣོན་གྱིས་ཤེས་ཚུལ་མཐའ་དཔྱོད་དུ་འཆད་པར་འགྱུར་རོ། །ཀུན་ཏུ་བཟང་པོ་ཞེས་སངས་རྒྱས་ཀྱི་མཚན་ལ་ཤིན་ཏུ་གྲགས་པ་ཡིན་ཏེ། འཆི་མེད་མཛོད་ལས། བདེ་གཤེགས་སངས་རྒྱས་ཐམས་ཅད་མཁྱེན། །ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་བཅོམ་ལྡན་འདས། །ཞེས་སོགས་དང༌། འདོད་འཇོ་ལས་ཀྱང༌། བསོད་ནམས་ཀྱི་ཚོགས་ཕུན་སུམ་ཚོགས་པ་བསགས་པའི་ཕྱིར། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་འདིར་མཆོད་པར་བརྗོད་ནས་ཞེས་གསུངས་པའི་ཕྱིར། དེས་ན་བྲམ་ཟེའི་གསུང་ལྟར་རྣམ་བཤད་ཀྱིས་བཤད་དོ། །

           ཤཱཀྱ་བློའི་འགྲེལ་པ་ལྟར་ན་ཚིགས་བཅད་འདིས་ཀུན་ཏུ་བཟང་པོ་ཞེས་བསྟོད་ཕྱག་མཛད་ཚུལ་ལ་གཉིས་ཡོད་དེ། སྟོན་པ་ལ་དང༌། བྱང་སེམས་ཀུན་བཟང་ལ་བསྟོད་ཕྱག་མཛད་ཚུལ་གཉིས་ཡོད་པའི་ཕྱིར། སྟོན་པ་ལ་བསྟོད་ཕྱག་མཛད་ཚུལ་ཡོད་དེ། རྐང་པ་དང་པོ་གཉིས་ཀྱིས་རང་དོན་ཕུན་ཚོགས་དང༌། ཀུན་ཏུ་བཟང་པོ་ཞེས་པས་གཞན་དོན་ཕུན་ཚོགས་དང༌། འོད་ཟེར་དག་ཀུན་ནས་འཕྲོ་ཞེས་པས། དེ་སྒྲུབ་པའི་ཐབས་ཕུན་ཚོགས་དང་གསུམ་གྱི་སྒོ་ནས་བསྟོད་པའི་ཕྱིར་དང༌། འདིའི་དངོས་བསྟན་ཀུན་བཟང་ལ་བཅོམ་ལྡན་འདས་འཇོག་པའི་ཕྱིར་ཏེ། ཤཱཀྱའི་འགྲེལ་བཤད་ལས། བསྟོད་པ་ལ་ཡང་རང་གི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་དང་རྣམ་པ་གསུམ་མོ། །ཞེས་སོགས་དང༌། བཟང་པོ་ནི་དགེ་ལེགས་ཏེ། ཞེས་པ་ནས། འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པར་བཤད་དོ། །ཞེས་སོགས་སོ། །རང་དོན་ཕུན་ཚོགས་ལ་སྤངས་པའི་དང་ཟབ་པའི་དང་རྒྱ་ཆེ་བའི་ཁྱད་པར་གསུམ་གྱི་སྒོ་ནས་རིམ་བཞིན་ངོ་བོ་ཉིད་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་ལ་བསྟོད་པ་ཡིན་ཏེ། རྟོག་པའི་དྲ་བ་རྣམ་བསལ་ཞེས་པས་ངོ་བོ་ཉིད་སྐུ་ལ་དང༌། ཟབ་ཅིང་སྐུ་མངའ་ཞེས་པས་ལོངས་སྐུ་དང༌། རྒྱ་ཆེའི་སྐུ་མངའ་ཞེས་པས་སྤྲུལ་སྐུ་ལ་བསྟོད་པའི་ཕྱིར། ཤཱཀྱས་དང་པོར་ཕྱེད་གོང་མས་རང་གི་དོན་ཕུན་སུམ་ཚོགས་པ་སྐུ་གསུམ་གྱི་མཚན་ཉིད་ཀྱང་སྒྲིབ་པ་སྤངས་པའི་ཁྱད་པར་དང་ཟབ་པའི་ཁྱད་པར་དང་རྒྱ་ཆེ་བའི་ཁྱད་པར་དང་ཁྱད་པར་རྣམ་པ་གསུམ་གྱིས་འཕགས་པར་བསྟན་ཏེ། ཞེས་པ་ནས། སྐུ་གསུམ་པོ་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ཞེས་བྱ་བ་ཡོད་པ་དེ་ནི། རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཡིན་ནོ་ཞེས་གསུངས་པའི་ཕྱིར། རྟོག་པའི་དྲ་བ་བསལ་བ་དང༌། ཟབ་པ་དང་རྒྱ་ཆེ་ཚུལ་གསུམ་ཡོད་དེ། གང་ཟག་དང་ཆོས་ཀྱི་བདག་འཛིན་གཉིས་ཀྱི་རྟོག་པ་དང༌། དེ་ཉིད་ཀྱིས་འཆིང་བས་ན་དྲ་བ་ཡིན་ལ་དེ་བག་ཆགས་དང་བཅས་པ་སྤངས་པ་ནི་རྣམ་པར་བསལ་བའི་དོན་དང༌། ལོངས་སྐུ་ཉན་རང་ལ་སོགས་པའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པས་ན་ཟབ་པ། སྤྲུལ་སྐུས་སེམས་ཅན་གྱི་དོན་མཐའ་དག་དང་ཤེས་བྱ་ཐམས་ཅད་ལ་ཁྱབ་པས་ན་རྒྱ་ཆེ་བར་བཤད་པའི་ཕྱིར། ཤཱཀྱས་རྟོག་པ་ནི། ཞེས་པ་ནས། སྐུ་གང་ལ་དེ་རྣམ་པར་བསལ་ཞིང་བག་ཆགས་དང་བཅས་ཏེ་ཡང་མི་སྐྱེ་བའི་སོགས་ཞེས་པ་ནས། བཅོམ་ལྡན་འདས་གང་ལ་རྟོག་པའི་དྲ་བ་རྣམ་པར་བསལ་བ་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་ཟབ་པ་དང༌། ཤེས་བྱ་མཐའ་དག་དང་སེམས་ཅན་གྱི་དོན་མཐའ་དག་ལ་ཁྱབ་པའི་ཕྱིར། རྒྱ་ཆེ་བའི་སྐུ་གསུམ་མོ། །ཞེས་གསུངས་པའི་ཕྱིར།

          གཉིས་པ་བྱང་སེམས་ཀུན་བཟང་ལ་ཡང་སྦྱར་ཚུལ་ཡོད་དེ། ཚིག་དོན་སྔར་ལྟར་ལ་སྐུ་གསུམ་བཏགས་པ་བ་རྟོག་པའི་དྲ་བ་བྱང་སེམས་ཀྱི་སའི་སྒྲིབ་པ་བདག་འཛིན་གཉིས་ཅི་རིགས་དང་བྲལ་བ་དང༌། ཉན་རང་སོགས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ས་བརྒྱད་པ་ཡན་ཆད་ཀྱི་རྡོ་རྗེའི་སྐུ་དང་ཕྱིན་དྲུག་སོགས་བྱང་སེམས་ཀྱི་རྒྱ་ཆེ་བའི་ཁྱད་པར་ལ་བྱེད་པའི་ཕྱིར་ཏེ། ཤཱཀྱས། ཀུན་ཏུ་བཟང་པོ་ཞེས་བྱ་བའི་སྒྲ་འདི་ཐེག་པ་ཆེན་པོའི་བྱང་སེམས་ཁྱད་པར་ཞིག་ལ་གྲགས་པས་འདི་བྱང་སེམས་ལ་མཆོད་པ་ཡིན་ཏེ། ཞེས་པ་ནས། རྒྱ་ཆེ་བ་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་ལས་སོ་ཞེས་གསུངས་པའི་ཕྱིར། འོ་ན། སྐུ་མངའ་བ་ཞེས་པ་སངས་རྒྱས་ཁོ་ན་མ་ཡིན་པར་བྱང་སེམས་ལ་རུང་ངམ་ཞེ་ན་མདོ་དུ་མ་དང་མདོ་སྡེ་རྒྱན་དང་ཆོས་དབྱིངས་བསྟོད་པར་ཡང་བྱང་སེམས་ལ་སྐུ་བཤད་པས་ཆོས་སྐུ་སོགས་སྐུ་གསུམ་རྗེས་མཐུན་པ་གསུམ་ཡོད་དེ། ཤཱཀྱས། བྱང་སེམས་རྣམས་ལ་ཡང་རྗེས་སུ་མཐུན་པའི་སྐུ་གསུམ་ནི་ཡོད་པ་ཁོ་ན་སྟེ་སོགས་གསུངས་པའི་ཕྱིར། ཚིགས་བཅད་འདི་བསྟན་བཅོས་ཀྱི་ལུས་རྣམ་གཞག་ཀྱང་ཡིན་ཏེ། ལུས་རྣམ་གཞག་གཞན་མེད་ལ་བསྟན་བཅོས་འདིའི་ལུས་རྟོག་གེའི་ཚིག་དོན་བརྒྱད་དུ་འདུས་ཤིང་དེ་ཡང་ཚིགས་བཅད་འདིས་བསྟན་པ་གང་ཞིག །ཚིགས་བཅད་འདིས་བཤད་པའི་སྐུ་གསུམ་འཕྲིན་ལས་དང་བཞི་ཀ་ཡང་བསྟན་བཅོས་ཀྱིས་རྒྱས་པར་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། ལེའུ་དང་པོ་གསུམ་གྱིས་གཞལ་བྱ་རང་གིས་ངེས་པའི་ཐབས་བཞི་བཤད་པ་དེ། རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཞེས་པས་བཤད། དེས་ནས་གཞན་གྱིས་ངེས་པའི་ཐབས་བཞི་ལེའུ་བཞི་པས་བཤད་པ་དེ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ཞེས་པ་རྐང་པ་ཕྱེད་དང་གཉིས་ཀྱིས་བཤད་པའི་ཕྱིར། རྣམ་བཤད་ལས། ངག་འདི་བསྟན་བཅོས་ཀྱི་ལུས་རྣམ་གཞག་ཡིན་ཏེ། ཞེས་པ་ནས། ཐབས་གཉིས་སུ་འདུས་པ་སྔ་མ་ལེའུ་དང་པོ་གསུམ་དང༌། ཕྱི་མ་བཞི་པས་སྟོན་ཅིང༌། དེ་དག་རིམ་པ་བཞིན་རྐང་པ་དང་པོ་གཉིས་དང༌། ཕྱི་མ་ཕྱེད་དང་གཉིས་ཀྱིས་སོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ལེའུ་གཉིས་པ་དང་གསུམ་པས་སྤངས་པ་རྒྱུ་བཅས་དང༌། ཟབ་པའི་ཁྱད་པར་བཤད་ལ་ལེའུ་གཉིས་པ་དང་བཞི་པས་སྟོན་པ་བཤད་པས་ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་བ་ཡང་བཤད་ཅིང༌། རྒྱ་ཆེ་བ་ལེའུ་དང་པོ་གསུམ་གས་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང་དེའི་འབྲས་བུ་སྤངས་པ་དང་བཅས་པ་ནི་ལེའུ་གཉིས་པ་ནས་སྟོན་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་འབྲས་བུ་དང་བཅས་པ་ལེའུ་གསུམ་པ་དང༌། རྒྱ་ཆེ་བ་དང་པོ་གསུམ་ག་ནས་སྟོན་ནོ་ཞེས་གསུངས་པའི་ཕྱིར། རྣམ་བཤད་ཀྱིས་འདི་ལྟར་བཤད་པ་ཊིཀ་ཐལ་ཕལ་ཆེར་གྱིས་མ་ཐོན་སྣང་བས་ལེགས་པར་བཤད་ཡོད་དོ། །

           གཉིས་པ་མཐའ་དཔྱད་པ་ལ། དགག་བྱའི་ཁྱད་པར་མ་གཏོགས་སྐུ་གསུམ་འཕྲིན་ལས་རྣམས་ཕར་ཕྱིན་རྒྱན་ལས་བཤད་པས་དེར་ལྟོས། འདིར་གཞུང་གི་བསྟན་ཚུལ་སོགས་ཅུང་ཟད་དཔྱད་ན། ཁ་ཅིག་ན་རེ། སྐབས་འདིར་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དངོས་སུ་མ་བསྟན་ཟེར་བ་དང༌། ཡང་ཁ་ཅིག །དེ་མེད་ཟེར་ན། འོ་ན། ཟབ་ཅིང་ཞེས་པས་སངས་རྒྱས་སའི་གཉིས་སྟོང་གི་དེ་ཉིད་མ་བསྟན་པར་ཐལ་ལོ། །འདོད་ཚུལ་གཉིས་འཐད་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་བཤད་ལས། ཡང་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་གཉིས་སྟོང་གི་དེ་ཁོ་ན་ཉིད་ནི་ཟབ་མོ་ཡིན་ལ་ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། རྣམ་མཁྱེན་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་དེ་ཕྱི་དོན་དུ་མ་གྲུབ་པ་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་མ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་གཉིས་རང་བཞིན་གྱི་མྱང་འདས་ཀྱང་མ་ཡིན་པར་ཐལ། འདོད་པ་གང་ཞིག །སངས་རྒྱས་སའི་རང་བཞིན་གྱི་མྱང་འདས་ལ་རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུ་ཞིག་དགོས་པའི་ཕྱིར། རྟགས་གྲུབ་ཅིང་འདོད་མི་ནུས་པ་གཉིས་ཀ་ཡིན་ཏེ། དགོངས་འགྲེལ་ལས། ཡོངས་གྲུབ་སྐབས་སུ་མ་སྐྱེས་པ་མ་འགགས་པ་བཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཟོད་མ་ནས་ཞི་ཚུལ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཚུལ་གཉིས་ཡོད་པའི་ཕྱིར། ཡང་ཁ་ཅིག །ཟབ་པ་དེ་ལ་ཆོས་ཀྱི་བདག་མེད་ཁོ་ནས་ཁྱབ་པར་འདོད་ནའང་མི་འཐད་པར་ཐལ། དེ་ལ་ཤཱཀྱ་བློ་ལྟར་ལོངས་སྐུ་ཡང་ཡོད་པར་མ་ཟད་བདག་མེད་གཉིས་དང་དེ་རྟོགས་པའི་ཡེ་ཤེས་གཉིས་ཀྱང་ཡོད་པའི་ཕྱིར་ཏེ། རྣམ་བཤད་ལས། རྟོགས་པ་ཕུན་ཚོགས་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་སྟོང་པ་ཉིད། ཅེས་པ་ནས། སྒྲ་ཙམ་ལས་ཇི་ལྟ་བ་བཞིན་དུ་ཤེས་མི་ནུས་པས་ཟབ་ཅིང་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཞུང་འདིའི་རྟོགས་པ་ཕུན་ཚོགས་ནི་ཞེས་པའི་དོན་གྲུབ་པའི་ཕྱིར། ཡང་ཁ་ཅིག་ན་རེ། ལོངས་སྤྲུལ་གཉིས་ཆོས་ཅན། རང་དོན་གྱི་སྐུར་ཐལ། རང་དོན་ཕུན་ཚོགས་ཀྱི་སྐུ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དོན་གཉིས་ཕུན་ཚོགས་ཀྱི་སྐུ་ཡིན་པའི་ཕྱིར་ཏེ། དོན་གཉིས་མཐར་ཕྱིན་གྱི་སྐུ་ཡིན་པའི་ཕྱིར། རྩ་བར་འདོད་ན། རང་དོན་ཆོས་སྐུར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། གཞན་དོན་གཟུགས་སྐུ་མ་ཡིན་པར་ཐལ་ལོ། །ཡང་ཁ་ཅིག་ན་རེ། ཤཱཀྱ་བློས་བཤད་པ་ལྟར་འཐད་པར་ཐལ། དེ་འདིར་བཤད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རྐང་པ་གཉིས་པས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཆོས་སྐུ་གཉིས་མ་བསྟན་པར་ཐལ། དེས་ལོངས་སྤྲུལ་གཉིས་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། སྐུ་བཞི་འཆད་བྱེད་ཀྱི་གཞུང་མི་འགལ་བའི་ཕྱིར་ཏེ། མངོན་རྟོགས་རྒྱན་གྱི་ལུས་མདོར་བསྟན་དང་སྐབས་བརྒྱད་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། རྣམ་བཤད་མི་འཐད་པར་ཐལ་ལོ། །གཞན་ཡང༌། རྐང་པ་དང་པོ་ཕྱེད་དང་གཉིས་མངོན་རྗེས་ཡང་དག་གཉིས་དང་ལྟར་སྣང་གཉིས་འཆད་བྱེད་ཀྱི་ལུས་ཀྱི་གཞུང་ལ་སྦྱར་ནས་བཤད་མི་རིགས་པར་ཐལ། དེ་སྤངས་རྟོགས་འཆད་བྱེད་ལ་སྦྱར་རིགས་པའི་ཕྱིར། ཁྱབ་པ་སོང༌། འདོད་ན། སྤངས་རྟོགས་གཉིས་དང༌། དེ་བཞི་འཆད་བྱེད་ཀྱི་གཞུང་ཡིན་པ་མེད་པར་ཐལ་ལོ། །འདོད་པའི་ཕྱིར་ན། འདོད་ན། བསྟན་བཅོས་ལས་བཤད་པར་ཁས་བླངས་པ་མི་འཐད་པར་ཐལ་ལོ། །འདོད་པའི་ཕྱིར། དེས་གཞུང་གཞན་གྱིས་བཤད་ཚུལ་ཡང་ཤེས་པར་གྱིས། ཡང་ཁ་ཅིག་ན་རེ། རྣམ་བཤད་ལུགས་ལ་རྐང་པ་ཕྱི་མ་གཉིས་ཀྱིས་གཟུགས་སྐུ་གཉིས་དངོས་སུ་བསྟན་ལ་རྐང་པ་གཉིས་པས་གཟུགས་སྐུ་གཉིས་དངོས་སུ་མ་བསྟན་ཟེར་ན། འོ་ན། རྣམ་བཤད་གཞིར་བཞག་ལ། སྐུ་མངའ་བ་ཀུན་ཏུ་བཟང་པོ་ཞེས་སྦྱར་ནས་གཟུགས་སྐུ་བཤད་དགོས་པ་མ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྐུ་ཞེས་པའི་འབྲུ་སྣོན་འཆད་བྱེད་ལ། རྣམ་བཤད་ལས། དེ་གང་ལས་འགྲུབ་པའི་གཟུགས་སྐུ་རྣམ་པ་གཉིས་ལ་གཞན་དོན་ཕུན་ཚོགས་ཞེས་བྱ་སྟེ་ཞེས་གསུངས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་འབྲུ་འཆད་བྱེད་མེད་པར་ཐལ། ཁྱོད་ཀྱི་བློ་མིག་གཉིས་ཆར་ལོང་བར་ཡང་གསལ་ལོ། །

           བྱས་པ་ལ་ཁོ་ན་རེ། བསྡུས་དོན་སྐབས་སུ། རྣམ་བཤད་ལས། བསྟོད་པ་ལ་ཞེས་སོགས་མི་འཐད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། སོ་སོར་བཤད་པ་ཙམ་ཡིན་གྱི་གཞུང་གཉིས་མི་འགལ་བར་བཤད་མ་ཐག་ཡིན་པའི་ཕྱིར། ཤཱཀྱས། འཇམ་དབྱངས་དེ་ལ་ཕྱག་འཚལ་ནས་ནི་རྣམ་འགྲེལ་ལུགས་བརྒྱ་ལྡན་པ་རྣམ་པར་དབྱེ་བར་བྱ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་གྱི་ལུགས་བརྒྱ་ལྡན་ཚུལ་ཡོད་པའི་ཕྱིར། རིགས་པ་འདི་གོང་འོག་དུ་མར་ཤེས་དགོས་ལ། དེ་བཞིན་དུ་བྱང་སེམས་བསྟོད་པར་སྦྱར་ཡང་མི་འགལ་ཚུལ་ལུས་རྣམ་གཞག་གི་བཤད་པས་ཤེས་པར་གྱིས། ཡང་ཁ་ཅིག །ལོངས་སྐུའི་མཚན་གཞིར་ལོངས་སྐུའི་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་པའི་ང་མི་འཇོག་ཟེར་ན། འོ་ན་རང་གི་གདགས་གཞི་ཕུང་པོ་ལྔ་ཚོགས་ལ་བརྟེན་ནས་བཏགས་པའི་ང་ཡིན་ན་ལོངས་སྐུ་མ་ཡིན་དགོས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེ་འདྲའི་ང་ལ་སྐྱེ་འཕགས་གང་ཡང་མི་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་སྡེ་སྣོད་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་ལྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །གང་ཟག་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་པ་ལེགས་ལྡན་གྱིས་དྲངས་ནས་ང་འཇོག་ཚུལ་བཤད་པ་མི་འཐད་པར་ཐལ་ལོ། །འདོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་འདྲའི་ང་བཏགས་ཙམ་ཁོ་ན་དགོས་ཟེར། ཡང་ཁ་ཅིག །དེ་འདྲའི་ང་ལ་རྣམ་ཤེས་གཅིག་ཁོ་ན་དགོས་ཟེར་ན། གྲུབ་མཐའ་འོག་མ་གསུམ་དང་རང་རྒྱུད་པའི་ལུགས་ལ་གང་ཟག་གི་རང་ལྡོག་བཏགས་ཡོད་ལྡན་མིན་འདུ་བྱེད་དང༌། གཞི་ལྡོག་ལ་རྣམ་ཤེས་གཉིས་ལྟ་བུའི་རྫས་ཡོད་རེ་འཇོག་པ་མ་ཡིན་པར་ཐལ་ལོ། །དམ་བཅའ་གཉིས་འཐད་པའི་ཕྱིར། འདོད་ན། དགོངས་པ་རབ་གསལ་དང་འགལ་ལ། རིགས་པ་དང་ཡང་འགལ་ཏེ། འོ་ན་དེ་འདྲའི་ང་ཆོས་ཅན། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ། ཁྱོད་ཀྱི་བཏགས་དོན་བཙལ་ན་མི་རྙེད་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་བཏགས་དོན་བཙལ་བའི་ཚེ་གདགས་གཞི་གང་རུང་ཞིག་ཁྱོད་དུ་འཇོག་པ་མ་ཡིན་པའི་ཕྱིར། རྟགས་སོང༌། མ་ཁྱབ་ན། ཐག་ཁྲའི་སྦྲུལ་དང་སྒྱུ་མའི་སྦྲུལ་གཉིས་དང་ཁྱོད་ལ་བདེན་རྫུན་གྱི་ཁྱད་པར་མེད་པར་ཐལ། དེ་གཉིས་ཀྱི་འཁྲུལ་གཞི་གང་ཡང་དེ་གཉིས་གང་དུ་མི་འཇོག་པ་ལྟར་ཁྱོད་ཀྱང་རང་གི་གདགས་གཞི་གང་གི་སྟེང་ནས་ཀྱང་མི་འཇོག་པར་འདྲ་བའི་ཕྱིར། རྟགས་ཁས། ཁྱབ་ཅིང་འདོད་མི་ནུས་ཏེ། དེ་འདྲའི་སྦྲུལ་གཉིས་འཁོར་བར་མི་འཁོར་ཡང་དེ་འདྲའི་སོ་སྐྱེ་འཁོར་བར་འཁོར་བའི་ཕྱིར། ལམ་རིམ་ལས། དེ་དག་གི་ལུགས་ལ་ལམ་སྒོམ་པ་པོ་དང་འཁོར་བར་འཁོར་མཁན་སོགས་ཀྱི་གང་ཟག་གི་ཐ་སྙད་འཇུག་པའི་དོན་ང་ཙམ་དང༌། ང་དེའི་མཚན་གཞིར་ཀུན་གཞི་སོགས་འཇོག་པའི་ཚུལ་གཉིས་ཤེས་དགོས་སོ། །ཞེས་གསུངས་པའི་ཕྱིར།

          ཡང་ཁ་ཅིག །ངེས་པ་ལྔ་ལྡན་གྱི་ལོངས་སྐུའི་ཡིད་ཀྱི་རྣམ་ཤེས་ལོངས་སྐུར་ཁས་ལེན་པ་ལ། གཞན་དག་ན་རེ། དེ་འདྲའི་རྣམ་ཤེས་ཆོས་ཅན། གཞན་དོན་གཟུགས་སྐུ་ཡིན་པར་ཐལ། ལོངས་སྐུ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། ལོངས་སྐུ་གཞན་དོན་གཟུགས་སྐུ་ཡིན་པའི་ཕྱིར་ན་ཡང་མ་ཁྱབ། ཁོ་རང་ལ་འོ་ན། དེའི་རྣམ་མཁྱེན་དང་གྲུབ་བདེ་གཅིག་པའི་ང་ཆོས་ཅན། འཁོར་བྱང་འཕགས་ལ་མངོན་སུམ་དུ་སྣང་བར་ཐལ། ལོངས་སྐུ་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། མ་ཁྱབ་ན་ཁྱབ་པར་ཐལ། ལོངས་སྐུ་འཁོར་བྱང་འཕགས་ལ་མངོན་སུམ་དུ་སྣང་བའི་སྐུ་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། ཡང་ཁོ་ན་རེ། ལོངས་སྐུའི་ཡིད་ཀྱི་རྣམ་ཤེས་ཆོས་ཅན། ཁྱེད་ཀྱི་འཁོར་དུ་གྱུར་པའི་བྱང་འཕགས་ཡོད་པར་ཐལ། ལོངས་སྐུ་ཡིན་པའི་ཕྱིར་ཟེར་ན་སྦྱོར་ལུགས་སྐྱོན་ཅན་ཏེ། འོ་ན། བུམ་པའི་རང་དུས་སུ་བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་པར་ཐལ། ཁྱོད་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཤིང་ཤིན་ཏུ་མཚུངས་སོ། །ཡང་ཁ་ཅིག་རྣམ་བཤད་ཀྱིས་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་ཟབ་པར་བཤད་པ་མི་འཐད་པར་ཐལ། དེ་རྒྱ་ཆེ་བར་འཐད་ལ་ཟབ་པར་མི་འཐད་པའི་ཕྱིར། འཇུག་པ་ལས། ཟབ་མོ་སྟོང་པ་ཉིད་ཡིན་ཏེ། །ཡོན་ཏན་གཞན་རྣམས་རྒྱ་ཆེ་བ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འོ་ན། ཟབ་པར་བཤད་ན་ཟབ་མོའི་དེ་ཉིད་ཡིན་དགོས་པར་ཐལ་བ་དང༌། དོན་དམ་དུ་བཤད་ན་དོན་དམ་ཡིན་དགོས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དབུས་མཐའ་ལས། དོན་དམ་ཐོབ་དང་སྒྲུབ་པ་དང༌། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་དོན་དོན་དམ་དང་ཐོབ་པ་དོན་དམ་དང་སྒྲུབ་པ་དོན་དམ་གསུམ་དུ་བཤད་པའི་ཕྱི་མ་ལམ་ལ་མི་བྱེད་པར་ཐལ་ལོ། །འདོད་པའི་ཕྱིར། དེ་བཞིན་དུ་རྣམ་གྲངས་མ་ཡིན་པའི་དོན་དམ་དང༌། རྣམ་གྲངས་ཀྱི་དོན་དམ་གཉིས་རེ་རེ་ལ་ཡུལ་དེ་བཞིན་ཉིད་རེ་དང༌། ཡུལ་ཅན་མཉམ་བཞག་ཡེ་ཤེས་སྔ་མ་ལ་དང༌། རྗེས་དཔག་གཅིག་ཕྱི་མར་བཤད་མི་རིགས་པར་ཐལ་བ་སོགས་འཕེན་ནོ། །ཡང་ཁ་ཅིག །འདིའི་དོན་གྱི་འོད་ཟེར་གསུང་ཁོ་ན་ལ་འཆད་ཟེར་ན། སྐབས་འདིའི་རྒྱལ་བ་རྣམས་ཀྱིས་སྤྲོས་པའི་མཐོང་ན་ལེགས་པའི་འོད་ཟེར་དང༌། ལྷའི་འོད་ཟིལ་གནོན་གྱི་འོད་ཟེར་དང་སྒྲོལ་བའི་འོད་ཟེར་སོགས་རེ་རེ་ནས་ཆོས་ཅན། གསུང་ངག་ཡིན་པར་ཐལ། སྐབས་འདིའི་འོད་ཟེར་ཡིན་པའི་ཕྱིར། དེར་ཐལ། སྐབས་འདིའི་འོད་ཟེར་དེ་དག་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་འོད་ཟེར་མཐའ་ཡས་པས་གདུལ་བྱ་མཐའ་ཡས་འདུལ་བ་གང་ཞིག །དེ་དག་ཐོས་ནས་དད་ནའང་བདག་གིས་ཡོན་ཏན་ཆེན་པོའི་སངས་རྒྱས་མི་ཐོབ་བམ་སྙམ་པའི་ཐེ་ཚོམ་སེལ་ཅིང་ཡིད་ཆེས་ཀྱི་བླ་མེད་དོན་གཉེར་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཊིཀ་ཆེན་ལས། འདིར་སྐུ་གསུམ་དང་ཆོ་འཕྲུལ་གསུམ་དང་ཇི་ལྟ་བ་དང༌། ཞེས་པ་ནས། གནས་དུ་མ་ཞིག་བཤད་པར་བྱ་བ་ཡོད་མོད་ཅེས་དང༌། ཤཱཀྱས་ཀྱང༌། འཇམ་དབྱངས་དེ་ལ་ཕྱག་འཚལ་ནས་ནི་རྣམ་འགྲེལ་ལུགས་བརྒྱ་ལྡན་པ་རྣམ་པར་དབྱེ་བར་བྱ། ཞེས་གསུངས་པའི་ཕྱིར་དང༌། ལྷ་དབང་བློ་དང་ཀ་ཤིས་མདོ་དུ་མ་དྲངས་ནས་བཤད་ལ། དཀོན་མཆོག་ཏཱ་ལ་ལས། དེ་དག་འགྲོ་བ་དེ་མཆོག་གི་ཏིང་ངེ་འཛིན་འགྲོ་བ་ཀུན་ལ་མངོན་པར་སྒྲུབ་བྱེད་ཅིང༌། །འོད་ཟེར་བསམ་གྱིས་མི་ཁྱབ་རབ་བཀྱེ་སྟེ། །འོད་ཟེར་བཀྱེ་ནས་སེམས་ཅན་འདུལ་བར་བྱེད། །མཐོང་ན་ལེགས་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་ཇི་སྙེད་འོད་ཟེར་དེ་ཤེས་པ། །དེ་དག་མཐོང་ལེགས་དོན་མེད་མ་ཡིན་ཏེ། །བླ་ན་མེད་པའི་ཡེ་ཤེས་མཆོག་གི་རྒྱུ། །ཞེས་པ་ནས། མིག་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང༌། །དེ་ཚེ་ལོང་བས་སྣ་ཚོགས་གཟུགས་རྣམས་མཐོང༌། །ཞེས་པ་ནས། འོད་ཟེར་སྒོ་མོ་དེ་དག་ལ་སོགས་པ། །དྲང་སྲོང་རྣམས་ཀྱི་བ་སྤུའི་སྒོ་གཅིག་ནས། །འོད་ཟེར་གངྒཱའི་བྱེ་མ་སྙེད་འབྱུང་སྟེ། །ཀུན་ཀྱང་ལས་སྦྱོར་ཐ་དད་ཚུལ་ཅན་ནོ། །ཞེས་སོགས་ཀྱིས་འོད་ཟེར་སོ་སོའི་རྒྱུ་དང་བྱེད་ལས་ཀྱང་ཐ་དད་པར་བཤད་པའི་ཕྱིར། ཁྱབ་སྟེ། ཆོས་གྲགས་ཀྱིས་ཀྱང༌། ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ། ཞེས་པའི་ཀུན་ནས་ཞེས་པའི་སྐད་དོད་ས་མཱནྟ་ནི་སཾ་ཀུན་དང༌། ཨནྟ་མཐའ་དང་ཕྱོགས་དང་ཆ་སྟེ་འོད་ཟེར་ཆ་ཀུན་ནས་འཕྲོ་ཞེས་བཤད་ན་ཆེས་འགྲིག་པའི་ཕྱིར་ཏེ། ཤཱཀྱས། འོད་ཟེར་དག་ནི་འོད་ཟེར་རྣམས་སོ། །ཞེས་འོད་ཟེར་དངོས་ལ་བཤད་པའི་ཕྱིར་དང༌། ཡང་དེ་ཉིད་ལས། གདུལ་བྱ་རྣམས་ལ་གཞན་གྱི་དོན་སྒྲུབ་པའི་ཐབས་ཀུན་ནས་མ་ལུས་པར་འཕྲོ་བར་བྱེད། ཁྱབ་པར་བྱེད་པ་དེ་དག་ནི་འོད་ཟེར་ཀུན་ནས་འཕྲོ་བའོ། །ཞེས་གསུངས་པ་ཤིན་ཏུ་གསལ་བའི་ཕྱིར། དེ་ཡང༌། གསུང་གི་འོད་ཟེར་ཁོ་ན་ལ་འཆད་ཟེར་ནའང་ཤིན་ཏུ་མི་འཐད་པར་ཐལ། འགྲེལ་བཤད་དེ་ལས། འདིར་ནི་དངོས་པོ་ཞེས་པ་ནས། འོད་ཟེར་དང་འདྲ་བས་ན་འོད་ཟེར་དག་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིར་འདྲ་ཚུལ་སོགས་བཤད་ཟིན་པས་འོག་མ་ཡང་དེར་སྦྱར་ན་ཟློས་སྐྱོན་ཡོད་པའི་ཕྱིར། སྤྲོས་པས་ཆོག་གོ །

           རྩ་རྟགས་གཉིས་པ་གྲུབ་སྟེ། དཀོན་མཆོག་ཏཱ་ལ་ལས། གང་དག་འོད་ཟེར་བྱེ་བ་འདི་ཐོས་ནས། །དད་ཅིང་མོས་ལ་དང་བ་སྐྱེས་གྱུར་ན། །བདག་ནི་ཡོན་ཏན་ཆེར་འགྱུར་མི་འགྱུར་ཞེས། །དེ་དག་དོགས་དང་སོམ་ཉི་མི་སྐྱེད་དོ། །ཞེས་གསུངས་པས་ན་མཆོད་བརྗོད་འདི་བརྗོད་རེས་ཀྱིས་འོད་ཟེར་དེ་དག་ཀྱང་དྲན་པར་གྱིས་ཤིག་ཅེས་ཀུན་ལ་ཐལ་མོ་སྦྱོར་འཚལ། དེ་ལས་གཞན་དུ་ན་རྒྱལ་བ་ལའང་སོ་སྐྱེ་དང་ཉན་རང་ལྟར་ཆོས་མ་གསུང་བར་དུ་གདུལ་བྱ་རིགས་ལྔ་ག་འདུལ་བའི་ཆོ་འཕྲུལ་གསུམ་སོགས་ཀྱིས་འདུལ་ཚུལ་བསམ་མི་ཁྱབ་མེད་པར་ཐལ། ཡོད་ན་བསམ་མི་ཁྱབ་ཀྱི་རྨད་བྱུང་གིས་མི་བསྟོད་པར་ཀུན་དང་ཐུན་མོང་བ་བརྗོད་པས་བསྟོད་པར་མི་འགྲོ་བའི་ཕྱིར། དཔེར་ན། རྒྱལ་བས་ངག་སྨྲ་ཞེས་པ་བཞིན། འདོད་མི་ནུས་ཏེ། རྒྱལ་སྲས་དུས་སུ་ཚོགས་མཐའ་ཡས་བསགས་ཤིང་སྨོན་ལམ་མཐའ་ཡས་བཏབ་པའི་འབྲས་བུ་ཡོད་པའི་ཕྱིར་སོགས་དུ་མ་སྤྲོ། གལ་ཏེ་རྣམ་བཤད་ཀྱིས་དེ་ལྟར་དངོས་སུ་མ་གསུངས་པས་མི་འཐད་སྙམ་ན། འོ་ན། རྣམ་བཤད་འདིར་དངོས་སུ་མ་བཤད་ཀྱང་རང་འགྲེལ་གྱིས་ཕྱོགས་སྒྲས་རྩོད་ལན་དང༌། གཏན་ཚིགས་གསུམ་གྱི་སྐབས་ཀྱི་བཤད་པ་མང་པོ་དང། ཐམས་ཅད་མཁྱེན་པ་དང་རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིགས་དང་སྔགས་ཀྱི་ལམ་རིམ་དང་སྦྱར་ཏེ། སངས་རྒྱས་ཡེ་ཤེས་ཞབས་དང་གྲུབ་ཆེན་དཔལ་འཛིན་དང་མཆོག་བརྙེས་པའི་པཎ་གྲུབ་དུ་མས་བཤད་པ་མཐའ་དག་སྤོང་རིགས་པར་ཐལ། དེ་དག་རྣམ་བཤད་འདིར་དངོས་སུ་མ་བཀོད་ཅིང་བཀོད་ནའང་ཡིག་ཚོགས་འབུམ་སོགས་ལས་ཀྱང་ཆེ་ཡོང་བའི་ཕྱིར་སོགས་བྱའོ། །ཡང་ཁ་ཅིག་ན་རེ། མངོན་རྟོགས་རྒྱན་གྱི་མཆོད་བརྗོད་ཀྱང་དེའི་ལུས་ཡིན་པར་ཐལ། བསྟན་བཅོས་འདིའི་མཆོད་བརྗོད་ལུས་ཡིན་པའི་རྒྱུ་མཚན་འཐད་པ་གང་ཞིག །མཆོད་བརྗོད་དེས་ཀྱང་དངོས་པོ་བརྒྱད་མཁྱེན་གསུམ་དུ་བསྡུས་ནས་བསྟོད་ཅིང་ལུས་ཀྱིས་ཀྱང་དེ་དག་རྒྱས་པར་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། མངོན་རྟོགས་རྒྱན་ལ་ལུས་མདོར་བསྟན་ཟུར་བ་མེད་ན་དེ་ལྟར་འཐད་ཀྱང་དེ་ཡོད་ལ་བསྟན་བཅོས་འདི་ལ་མཆོད་བརྗོད་དེ་ལུས་མ་བྱས་ན་ཡན་ལག་རྒྱས་བཤད་མེད་པར་འགྱུར་བའི་ཕྱིར། དེར་ཐལ། ལུས་མ་བརྗོད་པར་ཡན་ལག་རྒྱས་བཤད་བྱེད་པ་རྟོགས་ལྡན་གྱི་ལུགས་མ་ཡིན་པའི་ཕྱིར་ཏེ། རྩོད་རིགས་འགྲེལ་བ་དོན་རྣམ་འབྱེད་ལས། ཞི་འཚོས་རྟོགས་པ་དང་ལྡན་པ་རྣམས་རབ་ཏུ་བྱེད་པའི་ལུས་མ་བརྗོད་པར་འཇུག་པར་མི་འགྱུར་བ་དེ་བས་ན་ཞེས་པ་ནས། ལུས་ཀྱང་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ཡང་ཞེས་སོགས་ནས་བཤད་ཟིན་པ་དེའི་ཕྱིར། དེ་སུན་དབྱུང་བ་ཉིད་ལུས་ཡིན་ནོ་ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། བསྟན་བཅོས་འདིའི་ལུས་མ་ཡིན་པར་ཐལ། མཆོད་བརྗོད་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། རྩ་ཤེས་ཀྱི་མཆོད་བརྗོད་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། འདོད་ན། འགྲེལ་ཆེན་8གསུམ་དང་འགལ་ལོ། །

 (8) པར་ཐེངས་གཉིས་པ། གསུམ་པ་དང་འགལ་ལོ། །

          དེས་ན་རང་ལུགས། སངས་རྒྱས་སའི་ཆོས་ཉིད་དང་སྤངས་པ་ཅི་རིགས་ཀྱིས་བསྡུས་པའི་སྐུ་ངོ་བོ་ཉིད་སྐུའི་མཚན་ཉིད། དབྱེ་ན་རང་བཞིན་རྣམ་དག་གི་དེ་དང་གློ་བུར་རྣམ་དག་གི་དེ་གཉིས། ཁྱད་པར་ལྔ་ལྡན་གྱི་གཟུགས་སྐུ་དེ་ལོངས་སྐུའི་མཚན་ཉིད། ཁྱད་པར་ལྔ་དང་ངེས་པ་ལྔ་མི་འདྲ། གདུལ་བྱ་འདུལ་བའི་དོན་དུ་སྣ་ཚོགས་པར་སྤྲུལ་པའི་སྐུའི་རིགས་སུ་གནས་པའི་སྐུ་དེ་སྤྲུལ་སྐུའི་མཚན་ཉིད། དབྱེ་ན་བཞི། ཇི་ལྟ་ཇི་སྙེད་ལ་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་དེ། ཡེ་ཤེས་ཆོས་སྐུའི་མཚན་ཉིད། དབྱེ་ན། གཉིས་དང་ལྔ་སོགས་ཡོད། རང་རྒྱུ་སངས་རྒྱས་ཀྱི་ཐུགས་རྗེ་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་ཡིན་པ་དེ། རང་ཉིད་སངས་རྒྱས་ཀྱི་འཕྲིན་ལས་ཡིན་པའི་མཚན་ཉིད། ས་མཚམས་ལམ་མ་ཞུགས་ནས་སངས་རྒྱས་སའི་བར་ན་ཡོད། དབྱེ་ན། བཅུ་གཉིས་དང་ཉེར་བཞི་དང་སུམ་ཅུ་སོགས་ཡོད་དོ། །ཡང་ན་མདོ་སྡེ་རྒྱན་ལྟར་གནས་གྱུར་སྒོ་ནས་འཇོག་ལ་འོན་ཀྱང་འདིར་ཀུན་གཞི་མི་རུང་བས། དེ་གནས་གྱུར་ཚུལ་དྲང་དོན་དུ་བྱའོ། །

          གཉིས་པ་འཆད་པར་འདི་ཉིད་ལས། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང༌། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་སྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་བྱུང༌། གཞུང་དོན་ནི། བསྟན་བཅོས་འདི་རྩོམ་པ་ལ་དགོས་པ་གཉིས་ཡོད་དེ། སྐྱོན་བཞི་ལྡན་གྱི་གཞན་ལ་མི་ཕན་ཡང་རང་ལ་ལྟོས་པའི་དགོས་པ་དངོས་བསྟན་ཚིག་ཟིན་གང་ཞིག །སྐྱོན་དེ་བྲལ་བའི་སྣོད་ལྡན་མང་པོར་ཕན་པ་སོགས་གཞན་ལ་ལྟོས་པའི་དགོས་པ་མཐོང་པའི་ཕྱིར། དང་པོ་གྲུབ་སྟེ། སྐྱོན་བཞི་ལྡན་ལ་ཕན་པ་ཆེར་དཀའ་བ་ནི། སྐྱེ་བོ་ཕལ་ཆེར་ནས། བསམ་པའང་མེད། །ཅེས་བྱུང༌། རང་ལ་ལྟོས་པའི་དགོས་པ་ནི། སེམས་ནི་ཞེས་སོགས་བྱུང༌། །གཉིས་པ་གྲུབ་སྟེ། སྐྱེ་བོ་ཕལ་ཆེར་ཞེས་སྨོས་པས་ན་སྐྱོན་ལྡན་དེ་འདྲ་ཕལ་ཆེར་ལ་མི་ཕན་ཀྱང་སྣོད་ལྡན་མང་པོ་ལ་ཕན་པ་ནི། གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་ཞེས་པས་བསྟན་ལ་འདིས་བསྟན་བཅོས་རྩོམ་པའི་རྒྱུ་སྙིང་རྗེ་ཡང་བཤད་ལ། སྙིང་རྗེའི་རྒྱུ་ནི་ཕྱོགས་གླང་ལ་སྡང་བ་དང་ཕྲག་དོག་སོགས་དངོས་སུ་བསྟན་པའི་ཕྱིར་ཏེ། རྣམ་བཤད་ལས། སྙིང་རྗེ་བསྟན་བཅོས་རྩོམ་པའི་རྒྱུར་བསྟན་པ་ཞེས་པ་ནས། སྙིང་རྗེ་རྩོམ་པའི་རྒྱུར་སྟོན་བཞེད་ནས་ཕྲག་དོག་ཅེས་དང༌། སེམས་པའང་ཞེས་སོགས་གསུངས་སོ་ཞེས་གསུངས་པའི་ཕྱིར།

           མཐའ་ཅུང་ཟད་དཔྱད་ན་ཚིགས་བཅད་འདི་རྨ་འགྱུར་ལས་མཇུག་ན་ཡོད་པར་བརྟེན། ཁ་ཅིག་འདི་རྣམ་འགྲེལ་གྱི་གཞུང་མིན་ཟེར། ལ་ལས་མཆོད་བརྗོད་དང་འདི་གཉིས་ལ་རང་འགྲེལ་མ་མཛད་པས་གཉིས་ཀ་རྩ་བ་མིན་ཟེར་ན། འོ་ན། རྣམ་འགྲེལ་འདི་སྡེ་བདུན་གྱི་དང་པོ་དང༌། རྩོད་རིགས་ཐ་མ་མ་ཡིན་པར་ཐལ་ལོ། །སྡེ་བདུན་ཐོག་མར་རྣམ་འགྲེལ་ལ་མཆོད་བརྗོད་ཐུན་མོང་དུ་བྱས་ཤིང༌། ཐ་མ་རྩོད་རིགས་སོགས་སུ་མ་བྱས་པ་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་གཉིས་ཀྱི་དང་པོ་ལ་མཆོད་བརྗོད་ཡོད་གཞན་ལ་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། དཔེར་ན། བྱམས་ཆོས་ལྔ་བཞིན། རྩ་བར་འདོད་ན། རྣམ་ངེས་རྣམ་བཤད་རྒྱལ་བའི་དགོངས་པ་རབ་གསལ་ལས། དེ་རྣམས་ཀྱི་དང་པོ་རྣམ་འགྲེལ་དང་ཐ་མ་རྩོད་རིགས་ཡིན་ནོ། །རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཞེས་པ་སྤྱིའི་མཆོད་བརྗོད་ཡིན་གྱི་ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །འདོད་པའི་ཕྱིར། གཞན་ཡང་བྲམ་ཟེ་ཆེན་པོ་9ཤཾ་ཀར་གྱི་འགྲེལ་བཤད་ལས། རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་བྱེད་པ་ལ་གུས་པ་སྐྱེད་པའི་དོན་དུ་ལྷ་དང་དྲང་སྲོང་གི་སྐྱེ་བོས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཕྱག་བྱེད་པའོ། ཞེས་པ་ནས། སློབ་དཔོན་གྱིས་ཀྱང་རབ་ཏུ་བྱེད་པ་མཛད་པ་ན་ཞེས་གསུངས་པ་མི་འཐད་པར་ཐལ། རབ་ཏུ་བྱེད་པ་མཛད་པ་ན་ཞེས་པས་འགྲེལ་པ་མ་ཡིན་པར་རྩ་བའི་རབ་བྱེད་རྩོམ་དུས་ཕྱག་འཚལ་བར་བཤད་པ་མ་ཡིན་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། འཁོར་གསུམ། གཞན་ཡང༌། ཤཱཀྱས། ཡ་རབས་དག་ནི་ཕལ་ཆེར་བསྟན་བཅོས་རྩོམ་པའི་ཐོག་མར་འདོད་པའི་ལྷ་ལ་ཕྱག་བྱས་སོ། །དེ་བས་ན་སློབ་དཔོན་འདི་ཡང་ཞེས་གསུངས་པ་མི་འཐད་པར་ཐལ། རྣམ་འགྲེལ་རྩོམ་པའི་ཐོག་མར་མཆོད་བརྗོད་མ་བཀོད་པའི་ཕྱིར། བྲམ་ཟེའི་འགྲེལ་བཤད་ལས། རྩོམ་པའི་ཁྱད་པར་གྱིས་གཙོ་བོའི་དགོས་པ་སོགས་ནས། གོམས་པ་ཙམ་གྱིས་རབ་ཏུ་བཅུག་པ་ཉིད་རྩོམ་པའི་འབྲས་བུ་ཡིན་པར་བཤད་པ་ནི། སྐྱེ་བོ་ཕལ་ཆེར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདི་རྩ་བའི་རྩོམ་པར་དམ་བཅའ་མ་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་པའི་རྩོམ་པར་དམ་བཅའ་ཡིན་ན་དམིགས་བསལ་གྱི་ཚིག་དགོས་པའི་ཕྱིར་ཏེ། འོག་ཏུ་འགྲེལ་པའི་མཚམས་སྦྱོར་འདྲེན་པ་ན། དེ་ཉིད་ལས། འགྲེལ་པས་དགོས་པ་བཤད་པ་ནི། དོན་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཤཱཀྱས། ཚིགས་སུ་བཅད་པ་གཉིས་པ་སྐྱེ་བོ་ཕལ་ཆེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདིས་དེ་རྣམ་འགྲེལ་གྱི་ཚིགས་བཅད་གཉིས་པར་མ་བསྟན་པའི་ཕྱིར་ཏེ། དེ་དེའི་ཚིགས་བཅད་གཉིས་པ་མ་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང་ཤཱཀྱས། སེམས་པ་དང་སྙིང་རྗེ་འདི་གཉིས་ཀྱིས་ན་སེམས་ཡུན་རིང་ཞིང་དུས་རིང་པོ་ནས་ཚད་མ་ཀུན་ལས་བཏུས་པའི་རྣམ་པར་གྱུར་པ་རྣམ་འགྲེལ་བྱ་བ་འདི་ལ་དགའ་བ་སྐྱེས་ཏེ། ཞེས་གསུངས་པ་འདིས་ཚད་མ་ཀུན་བཏུས་ཀྱི་རྣམ་འགྲེལ་བྱ་བ་འདི་བཤད་པ་མི་འཐད་པར་ཐལ། ཚིགས་བཅད་འདིའི་དུས་སུ་རྣམ་འགྲེལ་བྱ་ཞེས་དམ་བཅའ་བྱས་ཀྱང་རྣམ་འགྲེལ་བྱས་མ་ཟིན་པ་མ་ཡིན་པའི་ཕྱིར། རྟགས་ཁས། འདི་སྐོར་ལ་བློ་གྲོས་གཉིས་དང་རྒྱན་གྱི་སྐོར་གྱི་རྩོད་ཚུལ་མང་བ་ཡ་མ་རིའི་འགྲེལ་པ་དང་རིགས་རྒྱན་སོགས་སུ་ལྟོས། ཡང་ཁ་ཅིག་ན་རེ། སློབ་དཔོན་ཆོས་གྲགས་རྟོག་གེ་བ་ཡིན་ཟེར་བ་དང༌། ལ་ལས་ཐེག་ཆེན་གྱི་འཕགས་ལམ་ཐོབ་ཙམ་དུ་འདོད། འོ་ན། ཆོས་གྲགས་ཆོས་ཅན། ཁྱོད་ས་བཅུའི་རྒྱས་སྲས་མ་ཡིན་པར་ཐལ། ཁྱོད་རྟོག་གེ་བ་དང་ས་ཐོབ་ཙམ་གང་རུང་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཁྱོད་རྒྱལ་སྲས་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་དུ་ལན་དུ་མར་རྒྱལ་བས་ལུང་བསྟན་པར་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ལ་གྲགས་ཤིང་གྲུབ་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཛེ་ཏཱ་རིས་བདེ་གཤེགས་གཞུང་གི་རང་འགྲེལ་ལས་རྗེ་བཙུན་ཀུན་ཏུ་བཟང་པོའི་སྤྲུལ་པ་ཡིན་ནོ་ཞེས་མཁས་པ་རྣམས་ཀྱིས་བསྔགས་པ་བརྗོད། ཅེས་དང༌། བོད་ཀྱི་མཁས་པ་དུ་མས་ཀྱང་དྲངས་པ་མགོན་པོ་མངོན་བྱུང་རྒྱུད་ལས། པཎྚི་ཏ་རྣམས་ཀྱི་གཙོ་བོར་གྱུར་པ་ཆོས་ཀྱི་གྲགས་པ་ཞེས་པ་འདི་དང༌། སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་གྲུབ་པ་འཐོབ་བོ་ཞེས་དང༌། རང་རེའི་མཁས་པ་སྔ་མ་དག་གིས་ཀྱང་མགོན་པོ་མངོན་བྱུང་གི་རྒྱུད་ལས། དགེ་སློང་ཆོས་ཀྱི་གྲགས་པ་ནི། །ཀུན་ཏུ་བཟང་པོའི་སྤྲུལ་པ་ཡིན། །ཞེས་དྲངས་པ་དག་ལྟར། རྣམ་བཤད་རྒྱལ་བའི་དགོངས་པ་རབ་གསལ་ལས་ཀྱང༌། ས་བཅུའི་དབང་ཕྱུག་རྒྱལ་སྲས་ཀུན་ཏུ་བཟང་པོ་ཉིད་དུ་གྲགས་པ་སློབ་དཔོན་ཆོས་ཀྱི་གྲགས་པས་རབ་ཏུ་བྱེད་པ་སྡེ་བདུན་གྱི་སྒོ་ནས་གསལ་བར་མཛད་དོ་ཞེས་གསུངས་པའི་ཕྱིར་དང༌། འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་གསུངས་པའི་ཕྱིར།

 (9) པར་ཐེངས་གཉིས་པ། ཤཾ་ཀ་ར།

                  བསྟན་བཅོས་འདི་གྲུབ་མཐའ་བཞི་པོ་གང་གི་ལུགས་ཞེ་ན། ཁ་ཅིག་ན་རེ། འདི་མདོ་སྡེ་བའི་ལུགས་དང་འཁོར་ལོ་དང་པོ་ཁོ་ནའི་དགོངས་འགྲེལ་ཡིན་ཏེ། འདིས་འཁོར་ལོ་དང་པོའི་བསྟན་དོན་འདུས་བྱས་མི་རྟག་པ་དང་གང་ཟག་གི་བདག་མེད་རྒྱས་པར་སྟོན་པའི་ཕྱིར་ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། ལེའུ་གཉིས་པར། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་པ་ནས། དེ་ནི་རྟག་རྣམས་ལ་ཡོད་མིན། །ཞེས་དང༌། རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་བཅས་ཉིད་གྲུབ། །ཅེས་སོགས་དང༌། དེ་ནི་གཏན་དུ་བ་མིན་ཏེ། །རྒྱུ་ལ་འགག་སོགས་སྲིད་པའི་ཕྱིར། །ཞེས་སོགས་ཀྱིས་བདེན་བཞིའི་ཁྱད་པར་དེ་ལྟར་བསྟན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཀྱིས་སེམས་ཙམ་པ་ལྟར་ཆོས་ཀྱི་བདག་མེད་རྒྱས་པར་གཏན་ལ་འབེབས་པའི་ཕྱིར། དེར་ཐལ། ལེའུ་གསུམ་པ་ལས། ཇི་ལྟ་ཇི་ལྟར་དོན་བསམས་པ། །ཞེས་པ་ནས། ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་པ་དང༌། དོན་རིག་གང་ཡིན། ཞེས་པ་ནས། རང་རིག་ཅེས་ནི་བཤད་པ་ཡིན། །ཞེས་དང༌། ངེས་པར་བློ་དང་ལྷན་ཅིག་ཏུ། །ཞེས་པ་ནས། མཁས་པ་རྣམས་ལ་བརྗོད་འདི་ཡོད། །ཅེས་པ་རྣམས་ཀྱི་བསྟན་དོན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་བའི་ཕྱིར། ཡང་ཁ་ཅིག་ན་རེ། བསྟན་བཅོས་འདི་ཆོས་ཅན། སེམས་ཙམ་པའི་བསྟན་བཅོས་མ་ཡིན་པར་ཐལ། ཁྱེད་ཀྱི་རང་གཞུང་དང་མདོ་སྡེ་བའི་རང་གཞུང་གི་གཞི་མཐུན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལྟར་ཡོད་ཀྱང་དགོངས་པའི་མཐིལ་སེམས་ཙམ་དུ་གནས་པའི་ཕྱིར། དེར་ཐལ། དགོངས་འགྲེལ་གྱིས་འཁོར་ལོ་གསུམ་གྱི་དགོངས་པ་འགྲེལ་ཡང་དེ་དག་སེམས་ཙམ་དུ་འགྲེལ་པ་གང་ཞིག །བསྟན་བཅོས་འདིས་ཀྱང་དེ་ལྟར་འགྲེལ་པའི་ཕྱིར། དང་པོ་གྲུབ་སྟེ། དགོངས་འགྲེལ་ལས། དང་པོར་ཝ་ར་ཎཱ་སིར། ཞེས་པ་ནས། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། ཞེས་པས་འདིར་བསྟན་འཁོར་ལོ་དང་པོ་དང༌། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་ཞེས་པ་ནས། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། ཞེས་པས་འདིར་བསྟན་འཁོར་ལོ་གཉིས་པ་དྲང་དོན་དུ་བཤད་ནས། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་ཞེས་པས་འཁོར་ལོ་ཐ་མ་ལེགས་ཕྱེ་ངེས་དོན་དུ་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ལྟར་འདིར་བསྟན་འཁོར་ལོ་དང་པོ་དྲང་དོན་དུ་བཤད་པ་གང་ཞིག །གཉིས་པ་ཡང་དྲང་དོན་དུ་བཤད། གསུམ་པ་ངེས་དོན་དུ་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་ལེའུ་གསུམ་པ་ལས། དེས་དེ་ཉིད་དོན་བཏང་སྙོམས་ཅན། །ནས། ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་གསུངས་པའི་ཕྱིར། རྟགས་ཕྱི་མ་གཉིས་ཀ་གྲུབ་སྟེ། དེ་ཉིད་ལས། གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པ་རབ་ཏུ་བཤད། །ཅེས་གསུངས་པའི་ཕྱིར། ཡང་བོད་སྔ་མ་ཁ་ཅིག་ན་རེ། ཞི་འཚོ་ཡབ་སྲས་དང་རྒྱན་མཁན་པོས་རྣམ་འགྲེལ་རིལ་བོའམ་རྣམ་འགྲེལ་ངོ་བོ་ཉིད་མེད་བར་སྨྲ་བའི་ལུགས་སུ་བཀྲལ་ཟེར་ན། ཇི་ལྟ་ཇི་ལྟར་དོན་བསམ་པ། །སོགས་གཞུང་དུ་མས་གཙོ་བོར་གདུལ་བྱ་ངོ་བོ་ཉིད་མེད་པའི་དོན་རྟོགས་མི་ནུས་པ་རྗེས་སུ་གཟུང་བའི་ཕྱིར། དངོས་པོ་བདེན་གྲུབ་བསྟན་པར་མི་འདོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དབུ་མ་སྣང་བ་དང་རྒྱན་དང་འགལ་ཚུལ་འཆད་འགྱུར་ལྟར་ཡིན་པའི་ཕྱིར་ཏེ། དེས་ན་དེ་དག་གིས་འདིའི་གཞུང་གི་ཆ་འགའ་ཞིག་ངོ་བོ་ཉིད་མེད་པའི་ལུགས་སུ་བཤད་པ་ཙམ་ཡིན་པའི་ཕྱིར་ཏེ། རྣམ་བཤད་རྒྱལ་བའི་དགོངས་པ་རབ་གསལ་ལས། སློབ་དཔོན་རྒྱན་མཁན་པོས། གལ་ཏེ་ཐམས་ཅད་ནུས་མེད་ན། །ཞེས་སོགས་ཀྱི་འགྲེལ་པར་ཆོས་ཐམས་ཅད་བདེན་སྟོང་དུ་སྒྲུབ་པའི་རྣམ་གཞག་རྩ་བའི་དགོངས་པར་མཛད་ཅིང༌། ཞེས་དང༌། སློབ་དཔོན་ཞི་བ་འཚོའི་དགོངས་པ་དང་མཐུན་པར་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་ཀྱང་ཞེས་པ་ནས། ཡང་དབུ་མའི་སྟོང་ཉིད་ཟུར་ཙམ་བསྟན་པ་མ་གཏོགས་མགོ་མཇུག་ཀུན་ཏུ་དབུ་མའི་ལུགས་བསྟན་པར་མི་བཞེད་ཅིང༌། དེ་ལྟར་གཞུང་གི་ཐོག་མཐའ་ཀུན་གྱིས་དབུ་མའི་ལུགས་བསྟན་པར་འཆད་པ་ནི། ཁོ་བོ་ལ་གྲུབ་མཐའ་གོང་འོག་གང་གི་ཡང་རྣམ་གཞག་མ་འདྲེས་པ་སོ་སོར་འབྱེད་པའི་ནུས་པ་མེད་པ་གསལ་བར་བསྒྲགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

           རང་ལུགས་ལ་བསྟན་བཅོས་འདིའི་གཞུང་ཡོངས་རྫོགས་གྲུབ་མཐའ་གཅིག་ལ་བཀྲལ་མི་རུང་ཡང་དགོངས་པ་མཐའ་ཐུག་བཀྲལ་ཚུལ་དུ་མ་ཡོད་དེ། རྒྱན་མཁན་པོ་ཤེར་འབྱུང་བློ་གྲོས་ཀྱིས་ངོ་བོ་ཉིད་མེད་པ་ཐལ་འགྱུར་བ་དང༌། །ཞི་བ་འཚོ་ཡབ་སྲས་དང་ཛེ་ཏཱ་རིས་ངོ་བོ་ཉིད་མེད་པའི་དབུ་མ་རང་རྒྱུད་པ་དང༌། ལྷ་ཤཱཀ་གཉིས་ཆོས་མཆོག་དང་གསུམ་གྱིས་སེམས་ཙམ་དུ་བཀྲལ་བའི་ཕྱིར། ཕྱི་མ་གསུམ་གྱི་ལུགས་འཐད་ལ་རྣམ་བདེན་རྫུན་གཉིས་ལས་ཆོས་མཆོག་ལྟར་གྱི་རྣམ་རྫུན་དང༌། རྣམ་བདེན་བྱེད་ཚེ་སྣ་ཚོགས་གཉིས་མེད་པ་ཛེ་ཏཱ་རིས་བཤད་པ་ལྟར་རིགས་ཏེ། བསྟན་བཅོས་འདིས་མདོ་སེམས་ཐུན་མོང་གི་ལུགས་བཤད་པ་མང་ཡང་སེམས་ཙམ་པའི་ལུགས་གཙོ་བོར་བཤད་པའི་ཕྱིར་དང༌། འདི་དག་གི་ཤེས་བྱེད་སྐབས་སོ་སོར་འཆད་པར་འགྱུར་རོ། །དེ་ལ་ཁོ་ན་རེ། འོ་ན། བསྟན་བཅོས་འདི་ཡོངས་རྫོགས་སེམས་ཙམ་དུ་ཡང་བཀྲལ་མི་རུང་བར་ཐལ། དེ་ཡོངས་རྫོགས་གྲུབ་མཐའ་གཅིག་ཏུ་བཀྲལ་མི་རུང་བའི་ཕྱིར། རྟགས་ཁས། འདོད་ན། བསྟན་བཅོས་འདི་སེམས་ཙམ་པའི་གཞུང་མ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། བསྟན་བཅོས་འདི་ལ་སེམས་ཙམ་པའི་གཞུང་གིས་ཁྱབ་ཀྱང་འདིའི་གཞུང་ལ་དེ་ལྟར་ཁྱབ་མི་དགོས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེར་ཐལ། འོག་ནས་འཆད་འགྱུར་ལྟར་ལུགས་བརྒྱ་ཕྲག་སོགས་གཞུང་སོ་སོས་བཤད་པའི་ཕྱིར་ཏེ། ཤཱཀྱ་བློས། འཇམ་དབྱངས་དེ་ལ་ཕྱག་འཚལ་ནས་ནི་རྣམ་འགྲེལ་ལུགས་བརྒྱ་ལྡན་པ་རྣམ་པར་དབྱེ་བར་བྱ། ཞེས་གསུངས་པའི་ཕྱིར། །

           གཉིས་པ་བཤད་པ་ཉིད་འགོད་པ་ལ། ས་བཅད་ཆེན་མོ་ལྟར་རང་ཉིད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་ངེས་ཐབས་དང༌། ཐབས་དེས་གཞན་རྗེས་སུ་འཛིན་པའི་ཐབས་བཤད་པ་གཉིས། དང་པོ་ལ་ཀུན་བཏུས་བཤད་ཐབས་ཀྱི་གཙོ་བོ་ལྐོག་གྱུར་ངེས་པའི་ཐབས་དང༌། ཀུན་བཏུས་མཆོད་བརྗོད་བཤད་པའི་སྒོས་10སྟོན་པ་དང་བསྟན་པ་དངོས་སྟོབས་ཀྱི་སྒྲུབ་ཚུལ་དང༌། སྒྲུབ་བྱེད་མཐར་ཐུག་མངོན་སུམ་ཚད་མ་བཤད་པ་གསུམ། དང་པོ་ལ་རྗེས་དཔག་རྟེན་གྱི་སྒོས་བཤད་པ་དང༌། ལོག་རྟོག་བླུན་པོའི་རྟགས་སུ་བསྟན་པ་གཉིས། དང་པོ་ལ་གཏན་ཚིགས་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ལ་རང་དོན་རྗེས་དཔག་གི་རྟེན་གཏན་ཚིགས་ཐོག་མར་བཤད་པའི་རྒྱུ་མཚན་སྟོན་པར། རང་འགྲེལ་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར་ལ། དེ་ལ་ལོག་པར་རྟོག་པས་དེ་རྣམ་པར་བཞག་པའི་ཕྱིར་བཤད་པ་ཞེས་བྱུང༌། རྟགས་ཡང་དག་གི་མཚན་ཉིད་དབྱེ་བ། གྲངས་ངེས་པའི་རྒྱུ། བཟློག་ཟླ་གཏན་ཚིགས་ལྟར་སྣང་དང་བཅས་པ་འཆད་པར། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པ་དང༌། རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ནོ། །ཞེས་པ་ནས། རག་མ་ལས་པའི་ངོ་བོ་རྣམས་ནི་ལྷན་ཅིག་འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །ཞེས་བྱུང༌།

  (10) པར་ཐེངས་གཉིས་པ། སྟོན་པ་དངོས་སྟོབས།

          འདི་ལ་འཕྲོས་དོན་དང་གཞུང་དོན་དང༌། མཐའ་དཔྱད་པ་གསུམ། དང་པོ་ནི། འདི་དག་བཀའ་དང་ཚད་མ་མདོ་ལས་འཕྲོས་ཚུལ་ཡོད་དེ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གཞལ་བྱའི་གནས་གསུམ་དཔྱད་གསུམ་གྱིས་དག་ནས་ལེན་དགོས། གུས་པ་ཙམ་དང་འདོད་པ་ཙམ་གྱིས་མི་རུང་བར་བཤད་པའི་དོན་རིགས་པའམ་རྒྱུ་མཚན་ནམ་རྟགས་ཡང་དག་ལ་ཚུལ་གསུམ་ཚང་བ་ཞིག་དགོས་ཞེས་འཆད་པར། ཚད་མ་མདོར། རང་དོན་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་བཤད་པའི་ཚུལ་གསུམ་པའི་རྟགས་ཀྱི་མཚན་ཉིད་དང་དབྱེ་བ་འཆད་པར་འདིར། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་བྱུང༌། བཅོམ་ལྡན་འདས་ཀྱིས། འདི་ཡོད་པས་ན་འདི་འབྱུང་ཞེས་པའི་འབྲེལ་བ་དང༌། མདོ་ལས། དགེ་སློང་དག་གང་ཅུང་ཟད་ཀུན་འབྱུང་བའི་ཆོས་ཡིན་པ་དེ་ཐམས་ཅད་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་པས་རྟགས་ཡང་དག་ལ་བསྒྲུབ་བྱའི་ཆོས་ཀྱིས་གཏན་ཚིགས་ལ་ཁྱབ་པར་བསྟན་པ་འཆད་པར། ཀུན་བཏུས་ལས། སོ་སོར་བཀག་པའི་མི་འཁྲུལ་པ། །གང་ཕྱིར་འབྲེལ་བ་ལ་ལྟོས་ཡིན། །ཞེས་བཤད་པའི་དོན་འདིར་རྟགས་ཡང་དག་གསུམ་ལས་གཞན་ལ་མེད་ཅེས་འཆད་པར། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་བྱུང༌། ཀུན་བཏུས་ལས། ཚུལ་རེ་རེ་དང་གཉིས་གཉིས་པ། །རྟགས་དོན་མིན་པར་དོན་གྱིས་བྱས། །ཞེས་བཤད་པས་གཏན་ཚིགས་ལྟར་སྣང་འཆད་པར། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་བྱུང༌། བཤད་ཚུལ་དེ་ལྟར་འཐད་དེ། ཤཱཀྱས། ཚིགས་སུ་བཅད་པ་འདིས་ནི་རྟགས་ཀྱི་མཚན་ཉིད་དང་གྲངས་ངེས་པ་དང༌། ངེས་པའི་རྒྱུ་དང༌། མི་མཐུན་ཕྱོགས་ལས་བཟློག་པ་བཤད་དེ། ཞེས་པ་ནས། རྣམ་གསུམ་ཞེས་བྱ་བ་ནི་གྲངས་ངེས་པའོ། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་བྱ་བ་ནི་གྲངས་ངེས་པའི་རྒྱུ་སྟེ་ཞེས་སོགས་གསུངས་པའི་ཕྱིར།

  རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།