ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་འགྱུར་ཕྱག་གི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-04 21:40:37     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 70035007226342927.jpg

                  གཉིས་པ་འགྱུར་ཕྱག་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་བྱུང༌། གཞུང་དོན་ནི་ལོ་ཙྪ་བ་རྨ་དགེ་བའི་བློ་གྲོས་དང་རྔོག་བློ་ལྡན་ཤེས་རབ་དང༌། ས་ལོ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གསུམ་གྱིས་རྣམ་འགྲེལ་བསྒྱུར་བའི་ཐོག་མར་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་བ་ལ་ཆོས་ཅན། དགོས་པ་ཡོད་དེ། འགྱུར་མཐར་ཕྱིན་པ་དང༌། ཚོགས་རྫོགས་པ་དང༌། འདི་མངོན་པའི་དགོངས་འགྲེལ་དུ་ཤེས་པའི་ཆེད་ཡིན་པའི་ཕྱིར། མཐའ་ཅུང་ཟད་དཔྱད་ན། ཡིག་རྙིང་ལ་འཁྲུལ་བ་ཁ་ཅིག་ན་རེ། བསླབ་པ་གསུམ་མི་འགལ་ཟེར་ན། འོ་ན། ཚུལ་ཁྲིམས་དང་ཞི་གནས་དང་ལྷག་མཐོང་གསུམ་མི་འགལ་བར་ཐལ། དམ་བཅའ་འཐད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ན་ཚུལ་ཁྲིམས་དང༌། སེམས་ཀྱི་བསླབ་པ་ལ་ཞི་གནས་དང༌། ཤེས་རབ་ཀྱི་བསླབ་པ་ལ་ལྷག་མཐོང་དགོས་པར་མཁས་གྲུབ་ཐམས་ཅད་མཁྱེན་པས་བཞེད་པའི་ཕྱིར། རྩ་བར་འདོད་ན། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་གསུམ་གྱི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཞི་གནས་ལ་ཏིང་ངེ་འཛིན་དང་ལྷག་མཐོང་ལ་ཤེས་རབ་དགོས་པར་རྗེ་བླ་མའི་རྒྱལ་དབང་ཆོས་རྗེའི་དྲིས་ལན་དུ་བཤད་པའི་ཕྱིར། རྒྱལ་དབང་དྲིས་ལན་ལས། རྗེས་མཐུན་པ་དང་མཚན་ཉིད་པ་གཉིས་ཀའི་སྐབས་སུ་ཡང་མདོ་སྡེ་རྒྱན་ལས་གསུངས་པ་བཞིན་དུ་ཞི་གནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་འཇོག་ཅིང༌། ལྷག་མཐོང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བྱ་དགོས་ལ་ཞེས་གསུངས་པའི་ཕྱིར། དེས་ན་རྗེས་འབྲང་བཅས་ན་བསླབ་གསུམ་མི་འགལ་བར་དགོངས་པ་ཡིན་ཏེ། གཞན་དུ་ན་ཐེག་བསྡུས་སུ་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡིན་མིན་ལ་མུ་བཞི་བཤད་པ་སོགས་དང་འགལ་བར་འགྱུར་བའི་ཕྱིར། ཐེག་ཆེན་གྱི་ལུགས་ཀྱང་མ་ཡིན་ནོ། །ཡང་ཁ་ཅིག །ཚུལ་ཁྲིམས་ཀྱི་བསླབ་པ་རྐྱང་པ་གཙོ་བོར་བརྗོད་བྱར་བྱེད་པའི་ལེགས་བཤད་དེ་འདུལ་བའི་སྡེ་སྣོད། ཏིང་ངེ་འཛིན་གྱི་བསླབ་པ་རྐྱང་པ་གཙོ་བོར་བརྗོད་བྱར་བྱེད་པའི་ལེགས་བཤད་དེ་མདོ་སྡེའི་སྡེ་སྣོད། ཤེས་རབ་ཀྱི་བསླབ་པ་རྐྱང་པ་གཙོ་བོར་བརྗོད་བྱར་བྱེད་པའི་ལེགས་བཤད་དེ་མངོན་པའི་སྡེ་སྣོད་དུ་འདོད་པ་དང༌། ཁ་ཅིག །བསླབ་པ་7གསུམ་གཙོ་བོར་བརྗོད་བྱར་བྱེད་པ་སྡེ་སྣོད་གསུམ་གྱི་གཞི་མཐུན་པར་འདོད་པ་སོགས་སྡེ་སྣོད་གསུམ་བརྗོད་བྱ་ཙམ་གྱིས་འབྱེད་འདོད་པ་དག་དང༌། ཡང་ཁ་ཅིག །མདོ་སྡེ་རྒྱན་ལས་སྡེ་སྣོད་གསུམ་ཁྱད་པར་བཞི་བཞིས་བཤད་པས་སོ་སོ་ལ་དེར་བཤད་པའི་ཁྱད་པར་བཞི་མ་ཚང་ན་མངོན་པའི་སྡེ་སྣོད་སོགས་མ་ཡིན་པར་བཤད་དོ། །དང་པོ་ལ་འབུམ་པ་ཆོས་ཅན། ལྷག་པའི་བསླབ་པ་གསུམ་གཙོ་བོར་བཤད་པའི་ལེགས་བཤད་མ་ཡིན་པར་ཐལ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རྐྱང་པ་གཙོ་བོར་བཤད་པའི་ལེགས་བཤད་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། མདོ་སྡེའི་སྡེ་སྣོད་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། རྩ་བར་འདོད་མི་ནུས་ཏེ། མདོ་སྡེས་དེ་གསུམ་ག་གཙོ་བོར་བཤད། འདུལ་བའི་སྡེ་སྣོད་ཀྱིས་སོ་སོ་ཐར་པ་དང༌། མངོན་པའི་སྡོ་སྣོད་ཀྱིས་ལྷག་པའི་ཤེས་རབ་ཀྱི་ཡུལ་སོགས་གཙོ་བོར་བཤད་པའི་ཕྱིར། དེར་ཐལ། དེ་ལྟར་བཤད་པ་ནི་རྗེ་བཙུན་བྱམས་པ་ཐོགས་མེད་སྐུ་མཆེད་དང་རྒྱལ་པོའི་སྲས་སོགས་ཀྱི་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་སྤང་བྱ་ཐེ་ཚོམ་དང་མཐའ་གཉིས་སུ་སྤྱོད་པ་དང༌། ལྟ་ངན་གྱི་གཉེན་པོར་སྡེ་སྣོད་གསུམ་དང༌། བསླབ་བྱའི་གསུམ་དང༌། སྦྱང་བྱའི་གསུམ་སྟེ་རྒྱུ་མཚན་དགུའི་སྒོ་ནས་བཞག་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་ཞེས་དང༌། རྒྱུ་ནི་དགུར་འདོད་དོ། །ཞེས་དང༌། དེའི་འགྲེལ་པར་དབྱིག་གཉེན་གྱིས་ཅིའི་ཕྱིར་གསུམ་ཡིན་ཞེ་ན། རྒྱུ་དགུ་སྟེ་ཐེ་ཚོམ་གྱི་གཉེན་པོར་ནི་མདོ་སྡེ་སྟེ། ཞེས་པ་ནས། ཡང་མདོ་སྡེས་ནི་བསླབ་པ་གསུམ་བཤད་དོ། །ཞེས་སོགས་དང༌། མངོན་པ་ཀུན་བཏུས་ལས་ཀྱང༌། ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡེ་སྣོད་གསུམ་དུ་རྣམ་པར་བཞག་ཅེ་ན། ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་མདོ་སྡོའི་སྡེ་སྣོད་རྣམ་པར་བཞག་གོ །ཞེས་པ་ནས། ཡང་བསླབ་པ་གསུམ་བརྗོད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་བཞག་གོ་ཞེས་སོགས་དང༌། དེའི་འགྲེལ་པ་རྒྱལ་སྲས་མ་ལས། ཡང་མདོ་སྡེའི་སྡེ་སྣོད་ལ་བརྟེན་ནས་གདུལ་བྱ་རྣམས་བསླབ་པ་གསུམ་ལ་བྱང་བར་བྱེད་དེ། དེ་ལས་དེ་རྒྱས་པར་བརྗོད་པའི་ཕྱིར་རོ། །ཞེས་སོགས་གསུངས་པའི་ཕྱིར།

(7)

 པར་ཐེངས་གཉིས་པ། གསུམ་པོ།

           ཡང་སྡེ་སྣོད་གསུམ་མི་འགལ་བར་འདོད་པ་ཡང་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་སྡེ་སྣོད་མི་འགལ་བར་འདོད་ན་ལེགས་མོད། ཡུམ་འབུམ་པ་འདུལ་བའི་སྡེ་སྣོད་དུ་འདོད་པ་མི་འཐད་དེ། འབུམ་པ་ཆོས་ཅན། སྡེ་སྣོད་གསུམ་དུ་ཕྱེ་བའི་འདུལ་བའི་སྡེ་སྣོད་མ་ཡིན་པར་ཐལ། ཁྱོད་ཉན་ཐོས་ཀྱི་སོ་སོ་ཐར་པ་དང༌། བྱང་སེམས་ཀྱི་སོ་སོ་ཐར་པ་གཉིས་གང་རུང་བརྗོད་བྱ་གཙོ་བོར་སྟོན་པའི་སྡེ་སྣོད་མ་ཡིན་པའི་ཕྱིར། ཁྱབ་སྟེ། འདུལ་བའི་སྡེ་སྣོད་ལ་དེ་གཉིས་གང་རུང་བརྗོད་བྱ་གཙོ་བོར་བཤད་པ་ཞིག་དགོས་པ་ཡིན་པའི་ཕྱིར་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་མདོ་སྡེ་ནི་གང་ལགས། འདུལ་བ་ནི་གང་ལགས། མ་མོ་ནི་གང་ལགས་ཞེས་དྲིས་པའི་ལན་དུ། མདོ་དེ་ཉིད་ལས། ངས་གང་དུ་ཉན་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཐར་པའམ། སོ་སོ་ཐར་པ་དང་ལྡན་པ་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་འདུལ་བའི་དངོས་པོ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དང༌། མདོ་སྡེ་རྒྱན་གྱི་འདུལ་བའི་བཤད་པའང་ལུང་སྡེ་བཞི་ལྟར་བཤད་པའི་ཕྱིར། གོང་གི་མ་ཁྱབ་མཚམས་གྱི་རྟགས་དེར་ཐལ། ཁྱོད་ཉན་ཐོས་ཀྱི་སོ་སོ་ཐར་པའི་བརྗོད་བྱ་གཙོ་བོར་འཆད་བྱེད་མ་ཡིན་པ་གང་ཞིག །བྱང་སེམས་ཀྱི་དེ་ལྟར་ཡང་མ་ཡིན་པའི་ཕྱིར། རྟགས་གཉིས་གྲུབ་སྟེ། ཁྱོད་གསུང་རབ་ཡན་ལག་བཅུ་གཉིས་ནང་ཚན་གྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཡིན་པའི་ཕྱིར། ཁྱབ་སྟེ། མངོན་པ་ཀུན་བཏུས་ལས། ཤིན་ཏུ་རྒྱས་པའི་སྡེ་གང་ཡིན་པ་དང༌། རྨད་དུ་བྱུང་བའི་སྡེ་གང་ཡིན་པ་འདི་དག་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ་ཞེས་གསུངས་པའི་ཕྱིར་དང༌། ཉན་ས་ལས་གླེང་གཞིའི་སྡེ་འདུལ་བའི་སྡེ་སྣོད་དང༌། གཏན་ལ་དབབ་པའི་སྡེ་མངོན་པའི་སྡེ་སྣོད་བྱས་ནས་ལྷག་མ་བཅུ་ཀ་མདོ་སྡེའི་སྡེ་སྣོད་དུ་བཤད་པའི་ཕྱིར། ཉན་ས་ལས། དེ་ལ་རེ་ཞིག་མདོ་སྡེ་དང༌། ཞེས་པ་ནས། ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ཞེས་གང་གསུངས་པ་དེ་ནི་མདོ་སྡེ་ཡིན་ནོ། །གླེང་གཞིའི་སྡེ་ཞེས་གང་གསུངས་པ་དེ་ནི་འདུལ་བ་ཞེས་བྱའོ། །གཏན་ལ་དབབ་པར་བསྟན་པའི་སྡེ་ཞེས་གང་གསུངས་པ་དེ་ནི་ཆོས་མངོན་པ་ཞེས་བྱ་སྟེ་ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན་མངོན་པ་ཀུན་བཏུས་ལས། གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང་སྐྱེས་པ་རབས་ཀྱི་སྡེ་འཁོར་དང་བཅས་པ་འདི་ནི་འདུལ་བའི་སྡེ་སྣོད་དོ། །ཞེས་གསུངས་པས་རྟོགས་བརྗོད་སོགས་གསུམ་འདུལ་བར་བཤད་པ་མི་འཐད་པར་ཐལ། ཉན་སར་དེ་གསུམ་མདོ་སྡེར་བཤད་ཀྱི་འདུལ་བར་མ་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། སྤྱིར་འདུལ་བའི་སྡེ་སྣོད་དང་མདོའི་སྡེ་མི་འགལ་ལ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྐྱེས་པའི་རབས་ནི་བྱང་སེམས་ཀྱི་འདུལ་བ་ཡིན་ཀྱང། ཉན་ཐོས་ཀྱི་འདུལ་བའི་སྡེ་སྣོད་མ་ཡིན་པས་ཉན་སར་དེ་ལྟར་མ་བཤད་ལ། གཞན་གཉིས་ནི་མདོ་འདུལ་གཉིས་ཀའི་ཆ་འགའ་ཞིག་སྟོན་པས་སོ་སོར་བཤད་པ་ཙམ་ཡིན་པའི་ཕྱིར། གཞན་ཡང༌། འབུམ་པ་ཆོས་ཅན། ཁྱོད་ལ་དགོངས་འགྲེལ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཐར་པ་རྣམ་པ་དུས་བསྡུས་པར་རིག་པར་བགྱི་ལགས། འཇམ་དཔལ་རྣམ་པ་བདུན་གྱིས་ཏེ། ཡང་དག་པར་བླངས་པའི་ཆོ་ག་བསྟན་པ་དང་ཕམ་པའི་གནས་ལྟ་བུའི་དངོས་པོ་བསྟན་པ་དང༌། ལྟུང་བའི་གནས་ལྟ་བུའི་དངོས་པོ་བསྟན་པ་དང༌། ལྟུང་བའི་ངོ་བོ་ཉིད་བསྟན་པ་དང༌། ལྟུང་བ་མ་ཡིན་པའི་ངོ་བོ་ཉིད་བསྟན་པ་དང༌། ལྟུང་བ་ལས་བྱུང་བ་བསྟན་པ་དང༌། སྡོམ་པ་གཏོང་བ་བསྟན་པས་སོ་ཞེས་གསུངས་པ་ལྟར་གྱི་དོན་ཚང་བར་ཐལ་ལོ། །ཁྱོད་བྱང་སེམས་ཀྱི་འདུལ་བའི་སྡེ་སྣོད་ཡིན་པའི་ཕྱིར། འདོད་ན། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་གཉིས་དང་དེའི་རྗེས་འབྲང་དག་དང་རྗེ་ཡབ་སྲས་སོགས་ཀྱིས་བྱང་སེམས་ཀྱི་སྡོམ་ཆོག་དང་ཕམ་སོགས་བཤད་པའི་སྐབས་གང་དུ་ཡང་འབུམ་པ་ཅུང་ཟད་ཀྱང་མི་འདྲེན་པར་ནམ་སྙིང་དང་དཀོན་བརྩེགས་ཕལ་ཆེན་སོགས་དྲངས་པ་མི་འཐད་པར་ཐལ་ལོ། །དེ་མཚན་ཉིད་དེ་ཚང་བའི་ཕྱིར་སོགས་གནོད་བྱེད་རྣམ་དག་དུ་མ་མཐོང༌། ཡང་མདོ་སྡེ་རྒྱན་ལས། རང་གི་འདུལ་ལའང་སྣང་ཕྱིར་དང༌། །ཞེས་པའི་འདུལ་ཞེས་པ་ཆ་ཊིཀ་སོགས་ལས་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་ན་འདུལ་བའི་སྡེ་སྣོད་ལ་སྣང་བར་བཤད་པ་ཁོ་ན་ལ་སྦྱར་བ་མི་འཐད་དེ། འོ་ན། འདིའི་དངོས་བསྟན་གྱི་འདུལ་ཞེས་པ་དེ་སྡེ་སྣོད་ཁོ་ན་ལ་འཆད་པར་ཐལ། དེ་འདུལ་བའི་སྡེ་སྣོད་ལ་བྱེད་པའི་ཕྱིར། རྟགས་སོང༌། འདོད་ན། ཆོས་ཀྱི་བདག་མེད་རྟོགས་པའི་ཞི་ལྷག་གཉིས་ཀྱིས་ཆོས་ཀྱི་བདག་འཛིན་འདུལ་བ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། མདོ་སྡེ་རྒྱན་གྱི་དེའི་འགྲེལ་པར་དབྱིག་གཉེན་གྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་འབྱུང་བ་གང་ཡིན་པ་འདུལ་ལའང་སྣང་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཕྱི་མ་སོགས་མི་འཐད་པར་དེས་རྟོགས་སླ་ལ་འདི་དག་ལ་སྤྲོ་བྱ་མང་ཡང་ཡི་གེ་མང་དོགས་སོ། །

                   རང་ལུགས་ནི། གསུང་རབ་ཡན་ལག་བཅུ་གཉིས་ཆོས་ཅན། སྡེ་སྣོད་གསུམ་དུ་འཇོག་སྟེ། རྒྱུ་དགུའི་སྒོ་ནས་སྔར་ལྟར་འཇོག་པ་དེའི་ཕྱིར། ཐེག་དམན་གྱི་སྡེ་སྣོད་གསུམ་འགལ་ཡང་ཐེག་ཆེན་གྱི་དེ་གསུམ་མི་འགལ་ཏེ། ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་འདུལ་བའི་སྡེ་སྣོད་དང་སྡེ་སྣོད་གཞན་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དཔེར་ན། མཚན་གཞི་དཀོན་བརྩེགས་དང༌། སངས་རྒྱས་ཕལ་ཆེན་དང་མདོ་ཏིང་འཛིན་རྒྱལ་པོ་ལྟ་བུ་ཡིན་ནོ། །

                                                                                                                    རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།