ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་མཆོད་བརྗོད་སོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-04-04 21:23:40     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

271607605902961150.jpg

                                                                  ཚད་མ་རྣམ་འགྲེལ་གྱི་མཐའ་དཔྱོད་ཐར་ལམ་རབ་གསལ་ཚད་མའི་འོད་བརྒྱ་འབར་བ་ལས་ལེའུ་དང་པོའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་བཞུགས་སོ། །

                                                                                                                                                          མཆོད་བརྗོད།

                ན་མོ་གུ་རུ་ཙ་ནཱ་ཐ་མཉྫུ་གྷོ་ཥཱཽ་ཙ་སྭ་ར་སྭ་སྟྱཻ།

              རྗེ་བཙུན་བླ་མ་རྣམས་དང་རྗེ་ཡབ་སྲས་ཀྱི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མ་ལུས་ཆོས་ཀུན་ཇི་བཞིན་གཟིགས་དང་ཕུན་ཚོགས་རྣམ་དཀར་བྱེ་བས་ཚད་མར་གྱུར་པར་བསྐྱེད། །འགྲོ་ལ་བུ་གཅིག་ལྟར་བརྩེས་ཟག་མེད་ཆོས་སྐུ་མངོན་བྱས་ཐེག་གསུམ་བདེན་བཞི་ཕྲ་རགས་སྟོན། །ཆགས་སོགས་མངོན་གྱུར་ས་བོན་བག་ཆགས་སྐྱོན་སྤངས་དེ་ཉིད་མཁྱེན་བརྟན་མ་ལུས་བདེ་བར་གཤེགས། །སྲིད་ཞིའི་གཡང་ལས་དོན་བཞིན་སྟོན་པས་སྐྱོབ་མཛད་སངས་རྒྱས་ཆོས་ཚོགས་དུས་ཀུན་གཙུག་ན་མཛེས། །རྒྱལ་སྲས་གཞོན་ནུའི་སྐུ་ཅན་རྒྱལ་ཀུན་ཡབ། །ལྟ་ངན་ཀུན་གཅོད་མཁྱེན་རབ་རལ་གྲི་གདེངས། །འཇམ་དབྱངས་གཉིས་ཀྱིས་སྙིང་གི་པད་མཚོ་ལ། །བཞུགས་ནས་ཤེས་བྱ་ཐམས་ཅད་མཁྱེན་དེང་སྩོལ། །སྐེད་ཕྲའི་ཆང་གིས་སིནྡྷུ་དང༌། །བདུད་རྩིའི་ཟེར་གྱིས་ཀུནྡ་བཞིན། །དབྱངས་ཅན་མ་ཀྱེ་བདག་ཅག་བློ། །རྣམ་དཔྱོད་ཚོན་བརྒྱས་བཀྲ་བར་མཛོད། །རྒོལ་ངན་ལོག་རྟོག་ཆེས་རྣོའི་མུན་ཚོགས་ཀུན། །འཇོམས་ལ་མཁས་དབང་ཕྱོགས་གླང་ཆོས་གྲགས་ཀྱི། །ལེགས་བཤད་སྣང་བས་འཇིག་རྟེན་གསུམ་བརྒལ་བའི། །གྲགས་སྙན་འདིར་གཟིགས་རྒྱལ་ཀུན་འཛུམ་ཞིང་བཞད། །རྣམ་འདྲེན་ཟླ་མེད་གྱུར་ཀྱང་འགྲོ་བློར་འཚམས་པའི་གསང་གསུམ་ཅི་ཡང་འཆར། །མཁས་བཙུན་བཟང་པོའི་རང་བཞིན་གཡོ་བ་མེད་ཀྱང་བདུད་སྡེ་མ་ལུས་འཇོམས། །དབང་ཕྱུག་བརྒྱད་ལྡན་གྲགས་པ་རབ་འབར་ས་གསུམ་བླ་མ་ཙོང་ཁ་པ། །རྒྱལ་བ་ཀུན་དངོས་ཇི་བཞིན་མཁས་གྲུབ་ཡོངས་ཀྱི་གཙུག་ན་མཛེས་དེར་འདུད། །ཀུན་གསལ་ངོས་ལ་རྒྱུ་སྐར་བཞིན། །ཐུགས་ལ་ཕྲ་ཞིབ་ཤེས་བྱའི་ཚོགས། །བཀྲ་བའི་མཁས་རྣམས་གཙུག་གི་རྒྱན། །ཀུན་མཁྱེན་སྲས་གཉིས་སའི་ཉི་ཟླ། །སྲིད་ཞིའི་ཡོན་ཏན་མ་ལུས་གཅིག་བསྡུས་ན། །མཚུངས་པའི་ས་གསུམ་མགོན་པོ་ཐམས་ཅད་མཁྱེན། །རྒྱལ་བའི་དབང་པོ་ཡབ་སྲས་རབས་དང་བཅས། །སྲིད་འདིར་ཟླ་མེད་བཅུ་གཉིས་བདག་བཞིན་གསལ། །བྱང་དང་གྲོལ་བའི་ཡོན་ཏན་མ་ལུས་ཀུན། །བསྡུས་ཀྱང་ཁྱོད་ཀྱི་གསང་གསུམ་དཔལ་སྡུག་ཆ། །མཚོན་མིན་ངག་གི་དབང་ཕྱུག་ཐམས་ཅད་མཁྱེན། །བློ་བཟང་རྒྱ་མཚོའི་ཞབས་ལ་སྙིང་ནས་འདུད། །བློ་བཟང་རྒྱལ་བ་གཉིས་པའི་བསྟན། །སྤེལ་མཛད་སྣང་མཐའི་ཡེ་ཤེས་གར། །ལྷུར་མཛད་རྡོ་རྗེ་འཛིན་པའི་གཙོ། །དཔལ་ལྡན་བླ་མ་དེ་བསྔགས་འོས། །འཇིག་རྟེན་དབང་ཕྱུག་མི་ཡི་ཟློས་གར་གྱིས། །ཐུབ་བསྟན་ཕན་བདེའི་སྙིང་པོ་མཆོག་གཅིག་པུ། །རྒྱལ་བ་གཉིས་པའི་བསྟན་པ་ས་གསུམ་དུ། །སྤེལ་མཛད་པད་དཀར་འཛིན་པའི་ཞབས་ལ་འདུད། །འཇམ་མགོན་སངས་རྒྱས་གཉིས་པའི་བཤད་སྒྲུབ་བསྟན། །མཁྱེན་བརྩེ་ནུས་པས་རྒྱ་མཚོའི་གོས་ཅན་མར། །དར་ཞིང་རྒྱས་མཛད་འཇམ་དཔལ་སྒྱུ་འཕྲུལ་ཆེས། །སྒྱུར་མཛད་བཤེས་གཉེན་མཆོག་རྣམས་ཆོས་ཀྱི་རྒྱལ། །ཀུན་དགའ་བོ་བཞིན་མདོ་སྔགས་ཆོས་ཀྱི་ཚུལ། །འཛིན་མཛད་ལེགས་སྨོན་མཐོན་པོའི་རི་དབང་བཞིན། །མཁས་བཙུན་བཟང་འཛོམ་འཇམ་མགོན་རྣམ་བཞི་སོགས། །བཀའ་དྲིན་ཟླ་མེད་བཤེས་གཉེན་རྣམས་ལ་འདུད། །མི་དབང་གནས་ལྔ་གཟིགས་པའི་ཀུན་མཁྱེན་གྱིས། །རྒྱ་གཞུང་འཐད་ལྡན་གཞིར་ཞོག་བཀའ་བསྩལ་བཞིན། །ཉི་མ་བྱེ་བའི་འོད་ཅན་ལུང་རིགས་བརྒྱས། །མདོ་དང་སྡེ་བདུན་དགོངས་དོན་དེ་དང་དེའང༌། །ཆེས་གསལ་སྟོང་ཁུན་ཟ་འོག་རི་མོ་ལྟར། །ཕྱོགས་གླང་གྲགས་པ་ཕེབས་བཞིན་ངས་འདིར་འཆད། །དངོས་སྟོབས་རིགས་པས་མདོ་སྔགས་མ་ལུས་དོན། །ཐར་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ཚུལ། །མ་འདྲེས་གསལ་བཤད་མཁས་གྲུབ་མཐའ་དག་གི །འཇུག་ངོགས་མཆོག་འདོད་བློ་ལྡན་དོན་གཉེར་ཉོན། །རང་ཉིད་སོམ་ཉིའི་སྒྲོག་བརྒྱས་བཅིངས་བཞིན་དུ། །གཞན་དག་སྒྲོ་འདོགས་འདམ་ལས་སྒྲོལ་འདོད་པ། །སྨྱོན་པས་གླང་ཆེན་འདུལ་ལྟར་བཞད་གད་རྒྱུ། །མི་བྱེད་འཕགས་ཡུལ་པཎ་ཆེན་ཚུལ་དེར་སྤྲོ། །

                                                                                                                                               ཀླད་ཀྱི་དོན།

                   དེ་ལ་འདིར་ཚད་མ་རྣམ་འགྲེལ་གྱི་དོན་བཤད་པ་ལ་ཀླད་ཀྱི་དོན་དང༌། གཞུང་གི་དོན་དང་མཇུག་གི་དོན་གསུམ། དང་པོ་ལ། མཚན་དོན་དང་འགྱུར་ཕྱག་གཉིས། དང་པོ་ནི། རྒྱ་གར་སྐད་དུ། པྲ་མཱ་ཎ་བརྟི་ཀཱ་ཀཱ་རི་ཀ བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བྱུང༌། འདིའི་དགོས་སོགས་ཆོས་བཞིའི་མཐའ་དཔྱད་པ་ལ། དགག་གཞག་གཉིས། དང་པོ་ལ། དགོས་སོགས་ཀྱི་བརྗོད་བྱ་ལ། རྒྱན་གྱི་འགྲེལ་བཤད་རྒྱལ་བ་ཅན་ན་རེ། ཚད་མ་རྣམ་འགྲེལ་ཞེས་པའི་ཚད་མ་ནི་གསུང་རབ་སྤྱི་ལ་བྱེད་ཅིང༌། རྣམ་འགྲེལ་ཞེས་པའི་འགྲེལ་རྒྱུ་གསུང་རབ་སྤྱིའི་དགོངས་པ་ཡིན་གྱི། ཚད་མ་ཀུན་བཏུས་ཀྱི་དོན་འགྲེལ་བ་མ་ཡིན་ཏེ། ཀུན་བཏུས་དེའི་གཞུང་ཁོ་བོས་བཤད་ཅེས་པའི་ཚིག་མེད་པའི་ཕྱིར། སློབ་དཔོན་ཕྱོགས་གླང་ལ་བརྙས་པ་སྤངས་པའི་ཕྱིར་མཛད་པར་འདོད་པ་ཡང་མི་འཐད་ཟེར་ཏེ། དེའི་འགྲེལ་བཤད་ལས། སློབ་དཔོན་ལ་བརྙས་པའི་ཁ་ན་མ་ཐོ་བས་འཁྲུལ་བའི་སྐྱེ་བོ་ཡོངས་སུ་བསྐྱང་བར་འདོད་པའི་ཐུགས་རྗེས་དེའི་གཞུང་གི་བཤད་པར་གྱུར་པ་ཚད་མ་རྣམ་འགྲེལ་མཛད་པ་ཡིན་ནོ་ཞེས་ཟེར་བ་ནི་མི་རིགས་ཏེ། འདི་ལ་ཚད་མ་མེད་དོ། །གང་གི་ཕྱིར་དེའི་གཞུང་ལ་ཁོ་བོས་བཤད་ཅེས་པའི་ཚིག་མེད་པའི་ཕྱིར་རོ། །ཞེས་སོ། །འོ་ན། ཚད་མ་མདོར། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་པའི་ཚད་མ་དང་ཚད་མའི་སྐྱེས་བུའི་དོན་འཆད་པར། འདིའི་ལེའུ་གཉིས་པར། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་པ་ནས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པའི་གཞུང་འདི་མ་བྱུང་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གཞུང་འདིས་བཅོམ་ལྡན་འདས་ལ་ཀུན་བཏུས་ལས་ཚད་མར་བརྗོད་པའི་རྒྱུ་མཚན་མ་བསྟན་པར་ཐལ་ལོ། །འདོད་པའི་ཕྱིར་རོ། །འདོད་ན། གཞུང་འདི་འཆད་མི་ཤེས་པར་ཐལ་ལོ། །གཞན་ཡང་དེའི་གཞུང་ཁོ་བོས་བཤད་ཅེས་པའི་ཚིག་མེད་པར་བཤད་པ་ལ། ལེའུ་གཉིས་པར། མ་སྐྱེས་པ་ནི་བཟློག་དོན་དུ། །1གྱུར་པ་ཞེས་ནི་བརྗོད་པ་ཡིན། །གསུངས་པ་འདི། ཚད་མ་མདོར། ཚད་མར་གྱུར་པ་ཞེས་པའི་གྱུར་པའི་འགྲེལ་པ་མ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྟག་པའི་ཚད་མ་འགོག་པའི་ཆེད་དུ་ཚད་མ་མདོར་གྱུར་པ་ཞེས་སྨོས་པར་བཤད་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞུང་འདིའི་བརྗོད་པ་ཡིན་ཞེས་པའི་བརྗོད་ཚུལ་བཤད་མི་ཤེས་པར་ཐལ་ལོ། །གཞན་ཡང༌། ཀུན་བཏུས་ལས། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་པའི་སྟོན་པ་དང་བདེ་གཤེགས་དང་སྐྱོབ་གསུམ་གྱི་དོན་རེ་རེ་ནས་རྣམ་འགྲེལ་འདིར་རྩ་འགྲེལ་སྦྱར་ནས་རྒྱས་པར་མ་བཤད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྟོན་པའི་དོན་བཤད་པར། ལེའུ་གཉིས་པར། རྣམ་པ་དུ་མར་ཐབས་མང་པོར། །ནས། དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་གསུངས་པ་དང༌། བདེ་གཤེགས་ཀྱི་དོན་བཤད་པར། དེ་ཉིད་ལས། རྒྱུ་སྤངས་ཡོན་ཏན་གསུམ་བདེར་གཤེགས། །ཞེས་མདོར་བསྟན་ནས་བདེར་གཤེགས་སུ་ག་ཏའི་སུའི་དོན་ལེགས་པར་དང༌། ག་ཏའི་དོན་སྤངས་པ་དང་སོང་བར་བྱས་ནས་ལེགས་པར་སྤངས་པ་དང༌། ཐབས་ལེགས་པ་སྔོན་དུ་སོང་བ་དང༌། ཡང་སུའི་དོན་ཤིན་ཏུ་དང་ག་ཏའི་དོན་རྟོགས་པར་བྱས་ནས། སླར་མི་ལྡོག་པར་གཤེགས་པས་ནི་ཤིན་ཏུ་སྤངས་པའམ་ལེགས་པར་སྤངས་པ་ཞེས་འཆད་པར། དེ་ཉིད་ལས། སྡུག་བསྔལ་རྟེན་མིན་ཕྱིར། །ལེགས་ཡིན། སོགས་དང༌། ག་ཏའི་དོན་འཆད་པར། དེ་ཉིད་ལས། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །ཞེས་སོགས་བྱུང་ཞེས་སྦྱར་ནས་བཤད་མི་རིགས་པར་ཐལ། འདོད་པའི་ཕྱིར།རྩ་བར། གྱུར་པ་ཉིད་གསུངས་དེ་ཡི་ཕྱིར། །

                  གཞན་ཡང༌། ཀུན་བཏུས་ལས། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་པའི་ཚུལ་གསུམ་པའི་རྟགས་འཆད་པར། འདི་ཉིད་ལས། ཕྱོགས་ཆོས་དེ་ཆོས་ཁྱབ་པ་ཡི། །གཏན་ཚིགས་ཞེས་དང༌། ཀུན་བཏུས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ཉིད་ལ་མེད་པའོ། །ཞེས་པའི་ཚུལ་གསུམ་སོ་སོའི་ཁྱད་པར་ལ་ངེས་པ་སྦྱར་ཚུལ་བཤད་པར། རང་དོན་ལེའུ་ལས། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །དེ་ཡིས་མ་གྲུབ་བཟློག་དོན་དང༌། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །ཞེས་གསུངས་པ་མ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཡིས་ཞེས་པ་དང༌། མཛད་པ་ཡིན་ཞེས་པ་གཉིས་ཀྱི་དོན་བཤད་མི་ཤེས་པར་ཐལ་ལོ། །དེ་བཞིན་དུ། ལེའུ་དང་པོའི་སེལ་འཇུག་སྐོར་སོགས་དང༌། མངོན་སུམ་ལེའུ་དང་ལེའུ་བཞི་པ་རྒྱས་པར་སྦྱོར་ཞིག །བྱས་པ་ལ་སློབ་དཔོན་རྒྱལ་བ་ཅན་ན་རེ། འོ་ན། རྣམ་འགྲེལ་ལས། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །ནས། ངེས་པ་བརྗོད་པ་མཛད་པ་ཡིན། །སོགས་ལུང་འགལ་དྲུག་གི་དོན་དང་མངོན་སུམ་རྟོག་བྲལ་དུ་འདོད་པ་རྣམས་ལ་སྔོན་གྱི་སློབ་དཔོན་སྔ་མའི་དགོངས་པ་བཀྲལ་རྒྱུ་མེད་པར་ཐལ། འདི་སློབ་དཔོན་ཕྱོགས་གླང་གི་དགོངས་འགྲེལ་ཡིན་པའི་ཕྱིར། རྟགས་སོང༌། ཁྱབ་སྟེ། ཕྱོགས་གླང་གཅིག་པུའི་དགོངས་འགྲེལ་བཤད་པའི་ཕྱིར། འདོད་མི་ནུས་ཏེ། བཅོམ་ལྡན་འདས་ནས་སློབ་དཔོན་སྔ་མ་སྔ་མའི་ངག་རྒྱུན་སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་གྱིས་བཀོད་པ་ཕྱོགས་གླང་གིས་རྗེས་ཟློས་སུ་བཀོད་ལ། དེ་རྣམ་འགྲེལ་གྱིས་ཀྱང་རྗེས་ཟློས་སུ་བརྗོད་པ་ཙམ་ཡིན་པའི་ཕྱིར། དཔེར་ན། ཐོགས་མེད་ཀྱི་ས་སྡེར་རིག་པའི་གནས་ལྔའི་སྐབས་སུ། སྨྲ་དང་དེ་ཡི་ཞལ་ལྕེ་བ། །དེ་ནི་གནས་དང་རྒྱན་རྣམས་དང༌། །དེ་ནི་ཆད་པས་བཅད་པ་དང༌། །འབྱུང་དང་གཅེས་སྤྲས་བྱེད་པ་འོ། །ཞེས་པ་ལྟ་བུ་སྐུ་མཆེད་ཀྱིས་ཡང་ཡང་གསུངས་པ་བཞིན། ཇི་སྐད་དུ། འགྲེལ་བཤད་རྒྱལ་བ་ཅན་ལས། དེ་ནི་དེའི་གཞུང་ལུགས་གང་ཡིན་པ་འདིས་བཤད་པ་མ་ཡིན་གྱི་སྔོན་གྱི་སློབ་དཔོན་བརྒྱུད་པ་ལས་འོངས་པ་རྟོག་པ་དང་བྲལ་བ་ཉིད་ཅེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར། སློབ་དཔོན་ཕྱོགས་ཀྱི་གླང་པོས་འདིར་ཡང་རྗེས་སུ་བརྗོད་པ་ཡིན་ལ། དེ་ཡང་དེ་ཁོ་ན་བཞིན་དུ་བཤད་པའི་དོན་དུ་རྣམ་འགྲེལ་མཛད་པས་ཀྱང་རྗེས་སུ་བརྗོད་པ་ཡིན་ནོ། །དེའི་ཕྱིར་དེའི་གཞུང་གི་རྣམ་པ་བཤད་པ་ལ་བརྟེན་པ་མ་ཡིན་ལ་ཞེས་སོགས་དང༌། ཡང་དེ་ཉིད་ལས། བསྟན་པར་སླ་བའི་ཕྱིར་དེ་ལྟར་བྱས་པ་ཡིན་གྱི་དེའི་གཞུང་བཤད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུང་ཕྱི་མ་འདིས་ནི་ཕྱོགས་ཆོས་སོགས་སློབ་དཔོན་གྱི་ལུང་དྲངས་ལ་མདོ་བསྟན་བཅོས་གཞན་མ་དྲངས་པ་ནི་བསྟན་སླ་བའི་ཆེད་ཡིན་ཞེས་འདོད་དོ། །དེ་ལ་རྩ་བའི་ཐལ་འགྱུར་ལ་མ་ཁྱབ་པར་ཐལ། གཞུང་འདིས་དངོས་སུ་ཚད་མ་མདོའི་དགོངས་པ་འགྲེལ་བ་དང་བཀའ་དང་སློབ་དཔོན་སྔ་མའི་བཞེད་པ་འགྲེལ་བ་གསུམ་མི་འགལ་བའི་ཕྱིར། མ་གྲུབ་ན། ཚད་མ་མདོའི་རང་འགྲེལ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཁས། དེ་བཞིན་དུ་མངོན་པ་མཛོད་ཀྱི་རང་འགྲེལ་དང་འགྲེལ་བཤད་སོགས་འཕེན་ལ། ཚད་མ་མདོ་གཅིག་པུའི་འགྲེལ་པར་འདོད་པའི་བོད་དག་འདིས་ལེགས་པར་ཁེགས་སྣང་ངོ༌། །རྒྱས་པར་དེར་ལྟོས། ཡང་ཁ་ཅིག །རྟོག་གེའི་ཚིག་དོན་བརྒྱད་རང་ལུགས་སུ་གཙོ་བོར་བཤད་པས་ཕྱི་ནང་ཐུན་མོང་གི་གཞུང་དུ་འདོད་པ་ལ། འོ་ན། འདིས་ཚིག་དོན་ལྟར་སྣང་བཞི་རང་ལུགས་སུ་གཙོ་བོར་བཤད་པར་ཐལ། འདིས་དེ་བརྒྱད་ཀ་གཙོ་བོར་རང་ལུགས་སུ་བཤད་པའི་ཕྱིར། རྟགས་ཁས། འཁོར་གསུམ་སོང༌། འདོད་ན། རྟགས་ཚུལ་གཅིག་པ་དང་ཚུལ་གཉིས་པ་དང་ཚུལ་དྲུག་པ་དག་དང་གྲངས་ཅན་གྱི་མངོན་རྗེས་གཉིས་དང་དེ་གཉིས་གང་རུང་མ་ཡིན་པའི་སྒྲ་བྱུང་ཚད་མ་གསུམ་དང༌། རིག་པ་ཅན་པའི་མངོན་རྗེས་དཔེ་དང་སྒྲ་བྱུང་གི་ཚད་མ་བཞི་དང༌། རྒྱལ་དཔོགས་པའི་མངོན་རྗེས་གཉིས། དཔེ་དང་སྒྲ་བྱུང་གཉིས། དོན་གྱིས་གོ་དང༌། དངོས་མེད་ཅེས་བྱ་བའི་ཚད་མ་དྲུག་དང༌། ཙ་ར་ཀ་བའི་རིགས་པ་དང་མི་དམིགས་པ་དང་སྲིད་པ་དང༌། ཞེས་གྲགས་དང༌། སྙམས་སེམས་ཀྱི་ཚད་མ་རྣམས་ཀྱང་གཙོ་བོར་རང་ལུགས་སུ་བཤད་པར་ཐལ། ལྟར་སྣང་བཞི་གཙོ་བོར་རང་ལུགས་སུ་བཤད་པའི་ཕྱིར། རྟགས་ཁས། སྐབས་འདིར་དེ་དག་གཙོ་བོར་བཀག་པ་དེ་དེ་དག་གཙོ་བོར་བཤད་པའི་དོན་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འཁོར་གསུམ། འདོད་ན། འབུམ་པ་དང་དགོངས་འགྲེལ་གཉིས་ཆོས་བདག་གཙོ་བོར་བཤད་པའི་མདོར་ཐལ། དེ་གཉིས་ཀྱིས་ཆོས་བདག་གཙོ་བོར་བཀག་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། འདོད་ན། དེ་གཉིས་ཀའི་ཆོས་ཀྱི་བདག་མེད་པ་རྒྱས་པར་གཙོ་བོར་མི་འཆད་པར་ཐལ་བ་དང་དགོངས་འགྲེལ་ཡང་དྲང་དོན་དུ་ཐལ་ལོ། །

           ཡང་ཁ་ཅིག །ཚད་མ་རྣམ་འགྲེལ་ཞེས་པའི་ཚད་མ་དེ་ཀུན་བཏུས་དང་ཚད་མ་བཏགས་པ་བར་འདོད་པ་དང༌། སྔོ་སེར་སོགས་ཤེས་པར་འདོད་པ་འགལ་ཏེ། ཤེས་བྱ་ཆོས་ཅན། སྔོན་པོ་དེ་སྔོན་འཛིན་མངོན་སུམ་ཡིན་པར་ཐལ། དེ་སྔོན་འཛིན་ཤེས་པ་གང་ཞིག །སྔོན་པོ་དང་སྔོན་འཛིན་རྟོག་པའི་གཞི་མཐུན་མེད་པའི་ཕྱིར། རྟགས་དང་པོ་ཁས། གཉིས་པ་གྲུབ་སྟེ། སྔོན་འཛིན་རྟོག་པ་ལ་སྔོན་པོར་སྣང་བ་སྔོན་འཛིན་རྟོག་པའི་གཟུང་རྣམ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་བྱ་འཛིན་པའི་རྟོག་པ་ལ་ཤེས་བྱར་སྣང་བ་ཤེས་བྱ་འཛིན་པའི་རྟོག་པའི་གཟུང་རྣམ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་འཛིན་པའི་རྟོག་པ་ལ་ཤེས་བྱར་སྣང་བ་ཆོས་ཅན། ཁྱོད་ཤེས་བྱ་འཛིན་པའི་རྟོག་པའི་གཟུང་རྣམ་མ་ཡིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། ཁྱོད་དང་རྟག་པའི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། ཤེས་བྱ་དེ་ཁྱོད་དང་རྟག་པའི་གཞི་མཐུན་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་ཆོས་ཅན། ཚད་མ་ཀུན་བཏུས་དེ་རང་ཉིད་འཛིན་པའི་མངོན་སུམ་དུ་ཐལ། སྔོན་པོ་ལ་དེའི་ཕྱིར། འདོད་ན། ཀུན་བཏུས་དེ་ཚད་མར་ཐལ། འདོད་པའི་ཕྱིར། འཁོར་གསུམ་ཁས། ཡང་ཚད་མ་ཀུན་བཏུས་ཆོས་ཅན། མངོན་རྗེས་གཉིས་ཀ་ཡིན་པར་ཐལ། རང་འཛིན་པའི་མངོན་རྗེས་གཉིས་ཀའི་གཟུང་རྣམ་ཡིན་པའི་ཕྱིར་སོགས་བྱ། ཡང་བོད་གངས་ཅན་གྱི་ཚད་མའི་ཤིང་རྟ་བ་ཁ་ཅིག །ཚད་མ་རྣམ་འགྲེལ་ཚད་མ་བཏགས་པ་བ་དང༌། དེ་ཁོ་རང་རྩོམ་པ་པོའི་ཀུན་སློང་གི་ཤེས་པར་སྨྲས་སྐད། དེ་ལྟར་ན་ནང་འགལ་ཏེ། ཤེས་བྱ་ཆོས་ཅན། མདོ་བརྒྱད་སྟོང་པ་དེ་རྣམ་མཁྱེན་ཡིན་པར་ཐལ། དེ་ཁོ་རང་གསུངས་པ་པོའི་ཀུན་སློང་གི་ཆ་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཚད་མ་རྣམ་འགྲེལ་ཚད་མ་ཡིན་པར་ཐལ། མདོ་བརྒྱད་སྟོང་པ་ཆོས་ཐམས་ཅད་མཁྱེན་པའི་ཚད་མ་ཡིན་པའི་ཕྱིར། རྟགས་གསལ་དངོས། ཡང་ཁ་ཅིག །ཚད་མ་ཀུན་བཏུས་ལ་ཡིད་སྐྱོར་བྱེད་པའི་གང་ཟག་གི་རྒྱུད་ཀྱི་ཚད་མ་ཀུན་བཏུས་དེ་ཤེས་པ་ཡིན་ཟེར་ན། འོ་ན། དེ་འདྲའི་གང་ཟག་ཆོས་ཅན། ཁྱོད་ཚད་མ་ཀུན་བཏུས་ལ་ཡིད་འདོན་བྱེད་པའི་གང་ཟག་མ་ཡིན་པར་ཐལ། ཁྱོད་ཀྱིས་ཡིད་སྐྱོར་བྱེད་ཡུལ་དུ་གྱུར་པའི་ཚད་མ་ཀུན་བཏུས་ཚད་མ་ཀུན་བཏུས་མ་ཡིན་པའི་ཕྱིར། རྟགས་སོང༌། དེར་ཐལ། ཁྱོད་ཀྱི་ཡིད་ཡུལ་དུ་གྱུར་པའི་ཚད་མ་ཀུན་བཏུས་དེ་རྗོད་བྱེད་ཀྱི་སྒྲ་མ་ཡིན་པའི་ཕྱིར། རྟགས་ཁས། དེ་ཤེས་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚད་མ་ཀུན་བཏུས་ལ་ཡིད་སྐྱོར་བྱེད་ཡུལ་གྱི་ཚད་མ་ཀུན་བཏུས་གང་ཟག་དེའི་ངག་ཡིན་པར་ཐལ། ཚད་མ་ཀུན་བཏུས་ལ་ཡིད་སྐྱོར་བྱེད་བཞིན་པའི་གང་ཟག་གི་རྒྱུད་ཀྱི་ཚད་མ་ཀུན་བཏུས་གང་ཟག་དེའི་ངག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། དེ་འདྲའི་ཀུན་བཏུས་གང་ཟག་དེའི་རྒྱུད་ཀྱི་ངག་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཀུན་བཏུས་ངག་ཚིག་གང་ཞིག །གཞན་རྒྱུད་ཀྱི་ངག་མ་ཡིན་པའི་ཕྱིར། གཉིས་པ་སླ། དང་པོ་གྲུབ་སྟེ། ངག་གིས་བརྩམས་པའི་བསྟན་བཅོས་ཡིན་པའི་ཕྱིར་ཏེ། ཚད་མ་ཀུན་བཏུས་ཡིན་པའི་ཕྱིར། རྩ་བར་འདོད་ན། གང་ཟག་དེའི་ཡིད་སྐྱོར་བྱེད་ཡུལ་གྱི་ངག་ཡིན་ན་གཞན་རྒྱུད་ཀྱི་ངག་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་དེས་བླ་མ་དང་སངས་རྒྱས་བྱང་སེམས་ཀྱི་སྐུ་གསུང་ཐུགས་གསུམ་ལ་ཡིད་སྐྱོར་བྱེད་ཚུལ་མེད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་གང་ཟག་དེས་མིང་ཚིག་ཡི་གེ་སྒོམ་པ་ལ་རྗོད་བྱེད་ཀྱི་སྒྲ་སྒོམ་པ་དང་སྒྲའི་གཟུགས་སྒོམ་པ་གཉིས་མེད་པར་ཐལ་བ་སོགས་འཕེན། བྱས་པ་ལ། ཐ་སྙད་པ་ཁ་ཅིག་ན་རེ། འོ་ན། དབྱངས་ཅན་མ་ལས། དབྱངས་ཉམས་པ་གསལ་བྱེད་དོ། །ཞེས་བཤད་པ་མི་འཐད་པར་ཐལ། གསལ་བྱེད་ལ་རྗོད་བྱེད་ཀྱི་སྒྲ་དབྱངས་མ་ཞུགས་པ་ཞིག་མེད་པའི་ཕྱིར་ན་མ་ཁྱབ་སྟེ། ཆོས་མངོན་པ་དང་བརྡ་སྤྲོད་པའི་ལུགས་ཀྱི་མིང་ཚིག་ཡི་གེ་མི་གཅིག་པའི་ཕྱིར་རོ། །དེ་ལས་གཞན་དུ་ན་གྲངས་ཅན་ལྟར་མངོན་པར་མི་གསལ་བའི་སྒྲ་ཞིག་ཡོད་པར་ཐལ། འདོད་པའི་ཕྱིར། དེས་ན་སྒྲ་མདོ་ལས། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་དྲངས་ཞེས་པ་ལྟར་གཙོ་བོར་ཡི་གེའི་གཟུགས་བྲི་སྒྲུབ་ཀྱི་དབང་དུ་བྱས་ནས་སྔར་ལྟར་བཤད་པ་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། དེ་འདྲའི་ཡིད་ཀྱི་སྐྱོར་ཡུལ་གྱི་ཀུན་བཏུས་སྒྲ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་ཀུན་བཏུས་ལ་ངག་འདོན་བྱེད་བཞིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་འདྲའི་གང་ཟག་གིས་རང་གཞན་གྱི་ལོ་སྔ་མར་སྨྲས་པ་ལ་ཡིད་སྐྱོར་བྱེད་ཚུལ་མེད་པར་ཐལ། དེའི་ཡིད་སྐྱོར་བྱེད་ཡུལ་གྱི་ངག་ལ་སྐབས་འདིའི་རང་ངག་ཅིག་དགོས་པའི་ཕྱིར། འཁོར་གསུམ་ཁས། འདིས་ཚད་མ་ཀུན་བཏུས་དང་ཤེས་པའི་གཞི་མཐུན་ཡོད་པ་ཡང་ལེགས་པར་བཀག་གོ །

           ཡང་ཁ་ཅིག་ན་རེ། ཚད་མ་ཀུན་བཏུས་དེ་མདོ་སྡེ་བའི་སྐབས་འདིར་ལྡན་མིན་འདུ་བྱེད་ཡིན་པར་ཐལ། མཛོད་ལས། གཟུགས་སམ་འདུ་བྱེད་དག་ཏུ་འདུས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཆོས་ཕུང་གི་ངོ་བོ་བྱེ་བྲག་སྨྲ་བས་མིང་ཚིག་ཡི་གེའི་རང་བཞིན་གྱི་སྒྲ་ཡིན་པས་གཟུགས་ཡིན་པར་འདོད་ལ། མདོ་སྡེ་བས་མིང་ཚིག་ཡི་གེ་འདུས་པའི་ཚོགས་སྤྱི་ལ་ཕུང་པོར་བཏགས་པས་ན་ལྡན་མིན་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །དེས་ན་མིང་སྤྱི་ཞེས་པ་མིང་གི་སྤྱི་དང་མིང་གི་དོན་སྤྱི་ལྟ་བུ་མ་ཡིན་གྱི་མིང་གི་ཚོགས་སྤྱི་ཡིན་པས་ད་ལྟ་སྒྲ་བས་སྤྱི་བུངས་སུ་བསྒྱུར་སྣང་ཞིང་སྐབས་འདི་དག་ཏུ་དོན་སྤྱི་དང་སྒྲ་སྤྱི་དང་ཚོགས་སྤྱི་དང་རིགས་སྤྱི་དག་སོ་སོར་མ་ཤེས་ན། བ་སྤྱི་ཡོད་མེད་རྩོད་པའི་སྐབས་དང་ནགས་ཚལ་སོགས་སྤྱི་ཡིན་པས་རྫས་སུ་མེད་པར་བཤད་པ་དག་གི་སྒྲ་སྤྱི་ལས་མི་གོ་བས་འོལ་ཚོད་མ་བྱེད་ཅིག །དགོས་པ་ལ་ཡང་གསུང་རབ་ལ་སྦྱངས་མ་སྦྱང་གི་བོད་རྒན་རྣམ་རྟོག་ཐམས་ཅད་བདུད་ཡིན་པར་འདོད་པ་དག་ན་རེ། རྣམ་འགྲེལ་སོགས་སྡེ་བདུན་ཐར་པ་དོན་གཉེར་ལ་མི་མཁོ་སྟེ། རྟོག་གེའི་བསྟན་བཅོས་ཡིན་པས་ནང་རིག་པའི་སྡེ་སྣོད་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་ཟེར་ན། འོ་ན། རྟོག་གེ་ཡིན་ན་ཕྱི་རོལ་པའི་སྟོན་པ་གླིང་སྐྱེས་ལ་སོགས་པས་རྟོག་པས་བཏགས་པ་ཙམ་གྱིས་བཞག་པའི་རྟོག་གེ་ཡིན་དགོས་པར་ཐལ། རྟོག་གེ་ཡིན་ན་ཐར་པ་དོན་གཉེར་ལ་མི་མཁོ་བས་ཁྱབ་པ་དང་རྟོག་གེའི་བསྟན་བཅོས་ལ་ནང་རིག་མ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། ཐེག་དམན་གྱི་རྟོགས་པ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་མན་ཆད་ཀྱི་གནས་ལུགས་སྟོང་ཉིད་ངེས་བྱེད་ཀྱི་ཐོས་བསམ་སྒོམ་པའི་དཔྱོད་བྱེད་བློ་གསུམ་རེ་རེ་ནས་ཆོས་ཅན། ཕྱི་རོལ་པའི་སྟོན་པས་རྟོག་པས་བཏགས་ཙམ་གྱིས་རྟོག་གེར་ཐལ། རྟོག་གེ་ཡིན་པའི་ཕྱིར། དེར་ཐལ། བྱིས་པ་སྟེ་སོ་སྐྱེའི་རྒྱུད་ཀྱི་དེ་ཁོ་ན་ཉིད་ལ་དཔྱོད་པའི་བློ་ཡིན་པའི་ཕྱིར། འཁོར་གསུམ་ཁས། རྟགས་སླ། ཁྱབ་སྟེ། གནས་ལུགས་དེ་ཁོ་ན་ཉིད་མངོན་སུམ་དུ་མ་མཐོང་བའི་རྒྱུད་ཀྱི་རྒྱུ་མཚན་ལ་བརྟེན་ནས་དཔྱོད་པའི་བློ་ཐམས་ཅད་རྟོག་གེ་ཡིན་པའི་ཕྱིར། མདོ་སྡེ་རྒྱན་ལས། རྟོག་གེ་རྟེན་ཅིང་2མ་ངེས་པ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་དང༌། དེའི་འགྲེལ་པར་དབྱིག་གཉེན་གྱིས། རྟོག་གེ་དེ་ཁོ་ན་ཉིད་མ་མཐོང་བ་ལ་བརྟེན་པ་ནི་ལུང་ཅུང་ཟད་ལ་བརྟེན་པ་ཡིན་ནོ། །ཞེས་སོགས་དང༌། དབུས་མཐའི་འགྲེལ་བཤད་དུ་བློ་བརྟན་གྱིས། རྟོག་གེ་བ་དག་ནི་རྟོག་པ་དང་སེལ་ནུས་པ་དག་དང་དེ་བཞིན་གཤེགས་པའི་གསུང་རབ་ལ་བརྟེན་ནས་བསྟན་བཅོས་ཕྱིན་ཅི་མ་ལོག་པར་བྱེད་པའོ། །ཞེས་གསུངས་པ་འདིས་རྟོག་གེ་ལ་གསུམ་བཤད་པ་དང༌། དམིགས་བརྟག་རང་འགྲེལ་ལས། འདི་ལྟར་གཏན་ཚིགས་པ་དག་ནི་ཞེས་པའི་འགྲེལ་བཤད་དུལ་ལྷས་མཛད་པ་ལས། གང་དག་གཏན་ཚིགས་ཀྱི་ཐ་སྙད་འདོད་པ་དེ་དག་ནི་གཏན་ཚིགས་པ་དག་སྟེ་རྟོག་གེ་བ་ཞེས་པའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར། འདོད་ན། གཞན་སྡེའི་གླིང་སྐྱེས་སོགས་ལ་གཉིས་སྟོང་གི་ཟབ་མོའི་དེ་ཉིད་ཐོས་བསམ་སྒོམ་པའི་རྣམ་གཞག་སྟོན་ནུས་ཡོད་པར་ཐལ་ལོ། །དེ་དག་དེས་འདོད་པས་བཞག་པའི་ཕྱིར། འཁོར་གསུམ་ཁས། ཁྱབ་ཅིང༌། འདོད་མི་ནུས་ཏེ། མདོ་སྡེ་རྒྱན་ལས། དེ་ཕྱིར་དེ་ནི་དེ་ཡུལ་མིན། །ཞེས་དང༌། དེའི་འགྲེལ་པར། དེའི་ཕྱིར་དེ་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་དང༌། རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་པའི་དོན་གྲུབ་པའི་ཕྱིར། གཞན་ཡང་ཁ་ཅིག །རྟོག་གེ་བ་ཡིན་ན་རྣལ་འབྱོར་པ་མ་ཡིན་པས་ཁྱབ་ཟེར་བ་དང༌། རྟོག་གེ་ཡིན་ན་རྣལ་འབྱོར་མ་ཡིན་པས་ཁྱབ་སྙམ་པ་དེ་སྔར་ལྟར་འདོད་པ་དག་མི་འཐད་པར་ཐལ། རྟོག་གེའི་སྒྲ་གཏན་ཚིགས་དང་རྟོག་པ་གཉིས་ཀར་འཇུག་ཅིང༌། རྟོག་གེ་བ་ལ་ཡང་རྟོག་གེའི་ས་ཙམ་ལ་གནས་པ་དང༌། སྒོམ་པའི་ས་ལ་གནས་པ་གཉིས་ཡོད་པའི་ཕྱིར། དེར་ཐལ། དབུས་མཐའི་འགྲེལ་བ་ལས། རྟོག་གེ་དཔྱོད་པ་ཅན་དག་སྟེ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དག་ཅེས་པའི་གཉིས་ཚིག་གིས་དེ་ལྟར་བསྟན་ཅིང༌། འདིའི་རྟོག་གེ་བ་དང་དཔྱོད་པ་ཅན་ཞེས་པ་མདོར་བསྟན་དང་རྒྱས་བཤད་དུ་བྱེད་རིགས་པའི་ཕྱིར། དེའི་འགྲེལ་བཤད་ལས། རྟོག་གེ་བ་དག་ནི་གང་དག་དཔྱོད་པ་ཅན་དག་སྟེ། སྔ་མ་བསྟན་པར་བསམ་ནས་ཚིག་ཕྱི་མ་བཤད་པའོ། །ཞེས་དང༌། ཡང་དེ་ཉིད་ལས། དེ་དག་ཀྱང་རྟོག་གེའི་ས་དང༌། སྒོམ་པའི་ས་ལ་གནས་པའི་ཕྱིར་རྣམ་པ་གཉིས་ཏེ། དེའི་ཕྱིར་རྟོག་གེ་བ་དག་ཅེས་བྱ་བ་སྨོས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྟོག་གེའི་སྐད་དོད་ཏརྐི་ཞེས་པ་རྟོག་པ་དང་གཏན་ཚིགས་གཉིས་ཀར་འཇུག་པས། རྟོག་གེ་ཡིན་ན་ཐར་པ་དོན་གཉེར་ལ་མི་མཁོ་བས་ཁྱབ་པར་འདོད་པ་ནི་ཐར་པའི་མིག་འབྱིན་པའི་ཐུར་མ་ཡིན་ཏེ། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པར་གྱུར་པའི་གཟུངས་བཞི་དང་གཞན་ཡང་སྦྱོར་ལམ་སྐབས་སུ་ཏིང་འཛིན་ལྔ་བརྒྱ་སོགས་བཤད་པ་ཐམས་ཅད་རྣམ་རྟོག་གི་རང་བཞིན་ཡིན་པའི་ཕྱིར། ཡང་ཁ་ཅིག །འཕགས་པ་ཡིན་ན་རྟོག་གེ་གང་ལའང་མི་བརྟེན་པས་ཁྱབ་པར་ཐལ། མདོ་སྡེ་རྒྱན་ལས། བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དོན་དམ་དཔྱད་པའི་རྟོག་གེ་ལ་བརྟེན་པ་ལ་བྱིས་པས་ཁྱབ་ཅེས་པའི་དོན་ཡིན་པའི་ཕྱིར། རྩ་བར་འདོད་ན། མདོ་ལས། ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་སྤྱིར་འགྲོ །ཞེས་གསུངས་པ་ལྟར་ཉན་ཐོས་འཕགས་པ་ཡིན་ཀྱང་ཅིག་ཅར་བ་འགའ་ཞིག་མ་གཏོགས་ཕལ་ཆེར་སྲིད་པ་ཐ་མའི་ཚེ་ཡང་སློབ་དཔོན་གྱི་ལུང་ལ་ལྟོས་པ་མ་ཡིན་པར་ཐལ། དེ་ཡིད་ཆེས་ཀྱི་ལུང་ལ་སོགས་པའི་རྒྱུ་མཚན་ལ་མི་བརྟེན་པའི་ཕྱིར། རྟགས་སོང༌། མ་གྲུབ་ན། དེ་དག་ཆོས་ཅན། དེར་ཐལ། རྟོག་གེ་ལ་མི་བརྟེན་པའི་ཕྱིར། དེར་ཐལ། འཕགས་པ་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང་ས་ལྔ་པའི་སྐབས་སུ་ཡང་རྩིས་དང་གཏན་ཚིགས་སོགས་སློབ་པར་བཤད་པ་དང༌། མདོ་སྡེ་རྒྱན་ལས་རིག་པའི་གནས་ལྔ་ལ་མཁས་པར་མ་བྱས་ན་འཕགས་པ་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་མི་ཐོབ་པར་བཤད་པ་དང༌། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་དང༌། ས་བཅུའི་བྱང་འཕགས་བཅུ་ཀས་སངས་རྒྱས་དུ་མ་ལ་ཆོས་ཉན་པར་བཤད་པ་སོགས་མི་འཐད་པར་ཐལ། ཐེག་ཆེན་འཕགས་པ་ཡིན་ཀྱང་དོན་དམ་གཞལ་བ་རྟོག་གེ་སྟེ་གཏན་ཚིགས་ལ་མི་ལྟོས་ཀྱང༌། ཇི་སྙེད་པའི་ལམ་གྱི་རིམ་པ་མཐའ་ཡས་པ་ཐོས་བསམ་གྱི་རྒྱུ་མཚན་ཡང་དག་ལ་བརྟེན་ནས་རྟོགས་དགོས་པ་མ་ཡིན་པའི་ཕྱིར། དེར་ཐལ། འཕགས་པ་ཡིན་ན་རྟོག་གེ་གང་ལའང་མི་བརྟེན་པས་ཁྱབ་པའི་ཕྱིར། འཁོར་གསུམ།

          (2) པར་ཐེངས་གཉིས་པ། མ་ངེས་ལ། །

                 གཞན་ཡང་ཁ་ཅིག་གིས། རིག་གནས་ལྔ་ནང་ཕན་ཚུན་འགལ་ཟེར་བ་དང་དེ་ལྔའི་ནང་རིག་དང་གཏན་ཚིགས་རིག་པ་འགལ་ཟེར་རོ། །རྩ་ཤེ་སོགས་རིགས་ཚོགས་དང༌། རྒྱུད་བླ་མ་དང་མདོ་སྡེ་རྒྱན་ཡང་ཆོས་ཅན། ནང་རིག་མ་ཡིན་པར་ཐལ། གཏན་ཚིགས་རིག་པའི་བསྟན་བཅོས་ཡིན་པའི་ཕྱིར། ཁྱབ་པ་ཁས། སྒྲུབ་དང་སུན་འབྱིན་གྱི་གཏན་ཚིགས་སྒོ་ནས་བདག་མེད་དང༌། ལམ་གྱི་རིམ་པ་སྒྲུབ་པའི་བསྟན་བཅོས་ཡིན་པའི་ཕྱིར་ཏེ། དེ་ལྟར་དུ་རིགས་ཚོགས་གྲགས་ཆེ་བས་སྒྲུབ་མི་དགོས་ལ། རྒྱུད་བླ་མ་ལས་ཀྱང༌། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོགས་དང༌། ཡང་དེ་ཉིད་ལས། རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང༌། །འབའ་ཞིག་བག་ཆགས་བཅོམ་པའི་ཕྱིར། །གཞལ་མེད་ལ་སོགས་གོ་རིམ་བཞིན། །ཞེས་རྟགས་ལྔས་ངོ་བོ་ཉིད་སྐུའི་ཡོན་ཏན་གྱི་ཚད་གཞལ་དུ་མེད་པ་དང་གྲངས་མེད་དང་བསམ་མེད་དང་མཉམ་མེད་དང་དག་པའི་མཐར་ཐུག་ལྔར་རིམ་བཞིན་སྒྲུབ་པ་ལྟ་བུའི་གཏན་ཚིགས་མང་པོ་མགོ་མཇུག་ཀུན་ཏུ་བཤད་པ་དང༌། མདོ་སྡེ་རྒྱན་ལས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང༌། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང༌། །ཡོད་དང་མེད་ན་ཡོད་མེད་དང༌། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་གསུངས་པ་འདིས་འབུམ་སོགས་བཀར་སྒྲུབ་པའི་རྟགས་སོགས་ཀྱིས་རྩོད་སྤོང་བཅས་ཏེ་སྒྲུབ་ཅིང་འདི་ནས་བརྩམས་ཏེ་མགོ་མཇུག་ཀུན་ཏུ་གཏན་ཚིགས་ཀྱིས་བཤད་པའི་ཕྱིར། དཔེར་ན་འདིའི་སྐབས་སུ་སྔར་ལུང་མ་བསྟན་ཅེས་པས་བསྟན་པའི་གནོད་བྱེད་དུ་སྔར་ལུང་མ་བསྟན་པའི་རྟགས་ཀྱིས། འབུམ་སོགས་བསྟན་པ་གནོད་བྱེད་དུ་བྱས་པ་མ་ཡིན་པར་སྒྲུབ་པའི་རང་བཞིན་གྱི་རྟགས་བཤད་ཅིང༌། དེ་བཞིན་དུ་ཁྱབ་བྱེད་མ་དམིགས་པ་དང་ཁྱབ་བྱེད་འགལ་དམིགས་སོགས་ཀྱི་སྒོ་ནས་བཤད་པའི་ཕྱིར་ཏེ། འདིའི་འགྲེལ་པར་དབྱིག་གཉེན་གྱིས། ལོག་པར་ཞུགས་པ་དེ་དག་ལ་འདི་སངས་རྒྱས་ཀྱི་བཀའ་ཉིད་དུ་སྒྲུབ་པའི་ཕྱིར། གཏན་ཚིགས་རྣམ་པར་དབྱེ་བ་ལས་ཚིགས་སུ་བཅད་པ། སྔར་ལུང་མ་བསྟན་ཅེས་སོགས་གསུངས་པའི་ཕྱིར་དང༌། རྟགས་ཀྱི་བསྟན་ཚུལ་འགྲེལ་པ་ཉི་འོད་སྣང་བར་བལྟ་ལ་འདི་ལྟར་བཤད་ཀྱང་གཏན་ཚིགས་རིག་པའི་གཞུང་དུ་མི་འཇོག་ན་དེའི་འཇོག་ཚུལ་མི་སྲིད་པར་འགྱུར་རོ། །

                 གཞན་ཡང་རིག་གནས་ལྔ་བཟོ་རིག་པར་འདུ་བ་དང་རིག་གནས་ལྔ་འགལ་བར་འདོད་པ་ནང་འགལ་བར་མ་ཟད་རྟོག་གེའི་ཚིག་དོན་སྟོན་པའི་བསྟན་བཅོས་སུ་འདོད་པ་དང༌། དེ་ལ་ནང་རིག་མི་འདོད་པ་ནང་འགལ་ཡིན་པར་ཤིན་ཏུ་རྟོགས་སླའོ། །ཡང་བོད་རྒན་ལ་ལ་ན་རེ། མདོ་དང་སྡེ་བདུན་མུ་སྟེགས་ཀྱི་རྒོལ་བ་བཟློག་ཕྱིར་བྱས་པ་ཡིན་པས་མུ་སྟེགས་མེད་པའི་ས་ཕྱོགས་སུ་དེ་མི་དགོས་ཏེ། ཇོ་བོའི་བདེན་གཉིས་ལས། མངོན་སུམ་རྗེས་དཔག་དགོས་པ་མེད། །ཕ་རོལ་རྒོལ་བ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འདི་ནི་དགོངས་པ་བློ་དམན་འགའ་ཞིག་གི་ཞུམ་པ་སྤང་བའི་ཆེད་དུ་དགོངས་པ་ཐལ་འགྱུར་བའི་ལུགས་ལ་འདིའི་རང་མཚན་འཇལ་བའི་ཚད་མ་གཉིས་མི་དགོས་ཞེས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོས་སྤོང་རླབས་ཅན་ཡིན་ཅིང༌། འོ་ན། མུ་སྟེགས་མེད་པའི་ས་ཕྱོགས་སུ་མི་རྟག་སོགས་བཅུ་དྲུག་གི་བཟློག་ཟླར་འཛིན་པའི་ལྟ་བ་ཀུན་བཏགས་བཅུ་དྲུག་གི་ཞེན་ཡུལ་སུན་འབྱིན་མི་དགོས་པར་ཐལ། ལྟ་བ་ཀུན་བཏགས་ནི་གྲུབ་མཐས་སྒྲོ་བཏགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་འདྲའི་ཀུན་བཏགས་བཅུ་དྲུག་སྤང་མི་དགོས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེ་དག་ཞེན་ཡུལ་སུན་མ་ཕྱུང་བར་དེ་དག་ཕྱི་རོལ་གྱི་ཚེར་མ་དབྱུང་བ་ལྟ་བུའི་ཚུལ་གྱིས་བཟློག་ཚུལ་མེད་པའི་ཕྱིར། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཡོན་ཏན་སྐྱོན་དང་རྗེས་འབྲེལ་བ། །ཞེས་སོགས་གསུངས་པའི་ཕྱིར། འདོད་ན། ཐེག་གསུམ་གང་གི་ཡང་མཐོང་ལམ་ཐོབ་མི་དགོས་པར་ཐལ་བ་དང༌། བཞི་བརྒྱ་པ་སོགས་མདོ་བསྟན་བཅོས་དུ་མས་མི་རྟག་སོགས་བཅུ་དྲུག་རྒྱས་པར་བཤད་པ་དོན་མེད་པར་ཐལ་བ་དང༌། ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་རིགས་པ་རྣམ་པར་དག་པ་བརྒྱ་ཕྲག་དུ་མས་ཉི་མ་རེ་རེ་ལའང་གཏན་ལ་ཕབ་སྟེ་བསམ་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བཟློག་ཏུ་མེད་པའི་བག་ཆགས་བརྟན་པོ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་གསོག་པར་བློ་གྲོས་མི་ཟད་པ་སོགས་ལས་བཤད་པ་རྣམས་སྤང་རིགས་པར་ཐལ་བ་དང༌། དེ་ལྟ་བུའི་ཚུལ་གྱིས་དབང་རྣོན་གྱིས་སྐད་ཅིག་རེ་རེ་ལ་བསམ་པའི་བསོད་ནམས་དང་བག་ཆགས་ནི་བླུན་པོ་དོན་མི་ཤེས་པ་གཅིག་གིས་གཅེར་བུ་པ་ལྟར་ཐར་པ་དང་ལམ་འཁྲུལ་པ་ལ་དཀའ་སྤྱད་བསྐལ་བར་བྱས་ཀྱང་མི་འོང་བ་མ་ཡིན་པར་ཐལ་བ་དང༌། ཁྱད་པར་དེ་འདྲ་ལ་དགོངས་ནས་ཆོས་གྲགས་ཀྱིས་ཀྱང་རྣམ་འགྲེལ་འདིར་བཤད་པ་ལྟར་གྱི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དང་རིགས་པ་དཔྱད་སྒོམ་ལྷུར་ལེན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མདོ་སྡེ་རྒྱན་གྱིས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཐོས་སོགས་ཀྱི་གྲོལ་ཚུལ་དང་ཐེག་པ་ཆེ་ཆུང་གི་ཁྱད་པར་དང་ཆོས་གྲགས་ཀྱི་བསྟན་བཅོས་ཀྱི་དགོས་པ་བཤད་པ་སོགས་དུ་མ་དང་འགལ་བར་འགྱུར། འདིས་ནི་ཡང་བོད་ཀྱི་མཁས་བླུན་དུ་མས་བསྟན་བཅོས་འདི་ལ་སྦྱངས་ན་གསུང་རབ་ལྟ་རྟོག་ལ་ཕན་ཀྱང་དགོས་པ་ཆེན་པོ་མེད་སྙམ་པ་ཡང་བཀག་པ་ཡིན་ནོ། །འདི་དག་གི་དོན་རྒྱས་པར་སྡེ་བདུན་གྱི་དཀའ་འགྲེལ་སོགས་རྗེ་ཡབ་སྲས་ཀྱི་གསུང་རབ་རྣམས་སུ་ཤེས་པར་བྱའོ། །

                  གཉིས་པ་རང་ལུགས་ནི། བསྟན་བཅོས་ཀྱི་ལུས་དང་བརྗོད་བྱ་དང་དགོས་པ་དང་ཉིང་དགོས་དང་འབྲེལ་བ་ལྔ་ལས། ཚད་མ་ཀུན་བཏུས་དང་ཚད་མ་རྣམ་འགྲེལ་ཞེས་པའི་ཚིག་ཟུར་གྱི་ཚད་མ་གཉིས་ཀ་ཚད་མ་བཏགས་པ་བ་ཡིན་ཏེ། གཉིས་ཀ་ཚད་མའི་བསྟན་བཅོས་ལ་བྱེད་པའི་ཕྱིར། དེར་ཐལ། ཚད་མའི་བསྟན་བཅོས་རིགས་སྒོ་སོགས་ནི་སྔ་མའི་ཚད་མ་དང་ཚད་མ་ཀུན་བཏུས་ནི་ཕྱི་མའི་ཚད་མ་ལ་བྱེད་པའི་ཕྱིར། ཡང་འདི་གཉིས་ཀྱི་དངོས་བསྟན་གྱི་ཚད་མ་ལ་རང་ཡིན་གྱི་བཀའ་བསྟན་བཅོས་གཉིས་ཀྱང་ཡོད་དེ། བསྟན་བཅོས་བཤད་ཟིན། བཀའ་འཁོར་ལོ་ཐ་མ་དང་རྩ་འགྲེལ་ཡིན་པའི་ཕྱིར། རྣམ་བཤད་ལས། བདེན་པ་གཉིས་གསར་དུ་རྟོགས་པའི་ཤེས་པ་ནི་ཚད་མ་ཡིན་ལ། དེ་བརྗོད་བྱར་བྱེད་པའི་གསུང་རབ་དང་ཀུན་བཏུས་ལ་ཡང་ཚད་མའི་སྒྲས་བསྟན་ལ། དེ་དག་གི་དགོངས་པ་རྣམ་པར་འགྲེལ་བས་རྣམ་འགྲེལ་དང་ཞེས་གསུངས་པའི་ཕྱིར། རྟོག་གེ་ཞེས་པ་ལ་བློ་རྣམ་རྟོག་དང་གཏན་ཚིགས་གཉིས་ཡོད་དེ། གཏན་ཚིགས་རྣམས་དང་གཏན་ཚིགས་ལ་བརྟེན་པའི་དཔྱོད་བློ་རྟོག་པ་གཉིས་ཀ་རྟོག་གེ་ཡིན་པའི་ཕྱིར། རྟོག་གེའི་བསྟན་བཅོས་དང་གཏན་ཚིགས་རིགས་པའི་བསྟན་བཅོས་དོན་གཅིག་ལ། དེ་དང་ནང་རིག་པའི་བསྟན་བཅོས་ཡིན་མིན་ལ་མུ་བཞི་ཡོད་དེ། ནང་རིག་ཁོ་ན་འདུལ་བ་མདོ་རྩ་ལྟ་བུ་དང༌། གཉིས་ཀ་ཡིན་པ་རིགས་ཚོགས་དང་སྡེ་བདུན་དང་མདོ་སྡེ་རྒྱན་ལྟ་བུ་དང༌། རྟོག་གེ་ཁོ་ནའི་ཡིན་པ་རྐང་མིག་གི་ཚིག་དོན་བཅུ་དྲུག་སྟོན་པ་ལྟ་བུ་དང༌། གཉིས་ཀ་མ་ཡིན་པ་སྨན་དཔྱད་ཡན་ལག་བརྒྱད་པ་ལྟ་བུ་ཡིན་པའི་ཕྱིར། བསྟན་བཅོས་འདིའི་བརྗོད་བྱ་ཡོད་དེ། རྒྱལ་བའི་གསུང་རབ་ཐམས་ཅད་དྲང་ངེས་གཉིས་དང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བསྡུས་ཏེ། དོན་ཀུན་གཏན་ལ་འབེབས་པའི་ཕྱིར་ཏེ། ལེའུ་གཉིས་པ་འདིར་དེ་དག་གི་དོན་ཀུན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བསྡུས་ནས་བཤད། ལེའུ་གསུམ་པར་དྲང་ངེས་སུ་བསྡུས་ནས་བཤད་ཅིང༌། ལེའུ་སྔ་མས་དོན་དེ་དག་རང་གིས་ངེས་ཐབས་གཏན་ཚིགས་ཡང་དག་དང་ལྟར་སྣང་གཉིས་དང་། ལེའུ་བཞི་པས་དོན་དེ་དག་གཞན་ལ་སྟོན་ཚུལ་ཡང་དག་དང་ལྟར་སྣང་ཕྱེ་ནས་བཤད་པའི་ཕྱིར། དེར་ཐལ། དོན་དེ་དག་རང་གཞན་གྱིས་ངེས་པའི་ཐབས་སུ་རྟོག་གེའི་ཚིག་དོན་ཡང་དག་བཞི་གཙོ་བོར་བཤད་པ་དང༌། དོན་དེ་དག་ལ་རང་གཞན་འཁྲུལ་བའི་གོལ་ས་བཅད་པའི་ཆེད་དུ་རྟོག་གེའི་ཚིག་དོན་ལྟར་སྣང་བཞི་ཕྱོགས་སྔར་བྱས་ནས་བཤད་པའི་ཕྱིར། དེར་ཐལ། རིགས་སྒོ་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རིག་ཕྱིར། །ཞེས་གསུངས་པ་ལྟར་རྟོག་གེའི་ཚིག་དོན་བརྒྱད་ལས་རྐང་པ་དང་པོ་གཉིས་ཀྱིས་རང་གི་གཞལ་བྱ་ལྐོག་གྱུར་ངེས་བྱེད་ཀྱི་བློ་རྗེས་དཔག་དང༌། མངོན་གྱུར་ངེས་བྱེད་ཀྱི་བློ་མངོན་སུམ་ཚད་མ་སྟེ་མངོན་རྗེས་ཡང་དག་གཉིས་དང༌། གོལ་ས་བཅད་པའི་ཆེད་དུ་གཞན་སྡེའི་བདག་རྟག་པར་སྒྲུབ་པའི་རྟགས་ལ་བརྟེན་པའི་རྗེས་དཔག་ལྟར་སྣང་སོགས་རྗེས་དཔག་ལྟར་སྣང་དང༌། མངོན་སུམ་ལྟར་སྣང་གཉིས་ཤེས་དགོས་པ་དང༌། རྐང་པ་ཕྱི་མ་གཉིས་ཀྱིས་རང་གིས་ངེས་ནས་གཞན་ལ་རྟོགས་པ་བསྐྱེད་པའི་ཡན་ལག་ཏུ་སྒྲུབ་ངག་དང་སུན་འབྱིན་ཡང་དག་གཉིས་དང༌། གོལ་ས་བཅད་པའི་ཕྱིར་གཞན་སྡེའི་སྒྲུབ་ངག་དང་སུན་འབྱིན་ལྟར་སྣང་གཉིས་བཤད་པར་གསུངས་པ་ལྟར་ཡིན་པའི་ཕྱིར། འདི་དག་གི་དོན་མདོར་བསྡུས་ཏེ་གསལ་བར་བཤད་ན། ཤེས་བྱ་ཆོས་ཅན། རང་གཞན་གྱི་གཞལ་བྱ་ངེས་པའི་ཐབས་སུ་རྟོག་གེའི་ཚིག་དོན་བརྒྱད་དགོས་པར་ཐལ། རང་གི་གཞལ་བྱ་ངེས་པའི་ཐབས་སུ་མངོན་རྗེས་ཡང་དག་ལྟར་སྣང་བཞི་དགོས་པ་གང་ཞིག །གཞན་ལ་རྟོགས་པ་བསྐྱེད་པའི་ཡན་ལག་སྒྲུབ་ངག་སུན་འབྱིན་ཡང་དག་གཉིས་དང༌། གོལ་ས་བཅད་པའི་ཕྱིར་དུ་སྒྲུབ་ངག་དང་སུན་འབྱིན་ལྟར་སྣང་གཉིས་ཤེས་དགོས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རང་གིས་གཞལ་བྱ་ལྐོག་གྱུར་གཉིས་རྟོགས་པ་རྗེས་དཔག་ཡང་དག་ལ་རག་ལས་ཤིང༌། དེ་ཡང་རང་གི་རྟེན་གཏན་ཚིགས་ཡང་དག་ལ་རག་ལས་ལ། རྟགས་ཡང་དག་གི་ཚུལ་གསུམ་ཀྱང་མངོན་སུམ་གྱིས་གྲུབ་པའམ་མཐར་མངོན་སུམ་གྱིས་གྲུབ་པ་ལ་ཐུག་དགོས་པའི་ཕྱིར། དེར་ཐལ། དེ་ལྟར་མ་ཡིན་པར་དེའི་ཚུལ་མཐའ་དག་སྒྲུབ་བྱེད་གཏན་ཚིགས་ལ་ལྟོས་ན་ཐུག་མེད་དུ་སོང་ནས་བསྒྲུབ་བྱ་སྒྲུབ་བྱེད་གང་ཡང་མི་འགྲུབ་པ་དང་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་སྐྱོན་ཡོང་བའི་ཕྱིར་ཏེ། དཔེར་ན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པ་དང་མ་དམིགས་པའི་རྟགས་ཕལ་ཆེར་གྱི་སྒྲུབ་བྱེད་མ་བཀོད་པ་ལྟ་བུ་ཡིན་པའི་ཕྱིར། དེར་ཐལ། རང་གིས་གཞལ་བྱ་ལྐོག་གྱུར་རྟོགས་པ་ལ་མངོན་རྗེས་ཡང་དག་དེ་ལྟར་དགོས་ཤིང་དེ་གཉིས་ཀྱི་རྗེས་སུ་འབྲང་ན་མི་བསླུ་ལ། དེ་ལྟར་བློ་ཡང་དག་མ་ཡིན་པའི་མངོན་རྗེས་ལྟར་སྣང་གི་བློ་ཡི་རྗེས་སུ་འབྲངས་ན་སླུ་བར་འགྱུར་བས་ན་ལམ་གྱི་གོལ་ས་བཅད་པའི་ཕྱིར་དུ་མངོན་རྗེས་ལྟར་སྣང་གཉིས་གསུངས་པའི་ཕྱིར་ཏེ། སྡེ་བདུན་གྱི་དཀའ་འགྲེལ་ཡིད་ཀྱི་མུན་སེལ་ལས། དེ་ཡང་རང་ཉིད་ཀྱིས་ཇི་ལྟར་གཏན་ལ་ཕབ་པ་ལྟར་དོན་ལ་གནས་མི་གནས་ནི་གཏན་ལ་འབེབ་བྱེད་ཀྱི་བློ་ཡང་དག་ཏུ་སོང་མ་སོང་ལ་རག་ལས་པ་ཡིན་ཞིང་དེ་ལ་ལྐོག་གྱུར་ངེས་བྱེད་ཀྱི་བློ་སྐྱོན་མེད་རྗེས་དཔག་དང༌། མངོན་གྱུར་ངེས་བྱེད་ཀྱི་བློ་སྐྱོན་མེད་མངོན་སུམ་ཚད་མ་ཡིན་པས་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གསུངས་ལ། བློ་གཞན་གྱི་རྗེས་སུ་འབྲངས་ན་བསླུ་བར་འགྱུར་བས་ལམ་གྱི་གོལ་ས་གཅོད་པའི་ཡན་ལག་ཏུ་མངོན་རྗེས་ལྟར་སྣང་གཉིས་གསུངས་ཤིང་ཞེས་གསུངས་པ་ལྟ་བུ་དུ་མ་ཡོད་པའི་ཕྱིར། རྩ་རྟགས་གཉིས་པ་རྩོད་པའི་སྒོ་ནས་མ་ཟད་འཆད་པའི་སྒོ་ནས་གཞན་ལ་རྟོགས་པ་བསྐྱེད་པའི་ཡན་ལག་ཏུ་ཡང་སྒྲུབ་ངག་སུན་འབྱིན་ཡང་དག་གཉིས་དང་གོལ་ས་གཅད་པའི་ཕྱིར་དུ་དེ་ལྟར་སྣང་གཉིས་ཤེས་དགོས་པར་ཐལ། འཆད་རྩོད་གང་གི་དབང་དུ་བྱས་ཀྱང་གཞན་རྒྱུད་ཀྱི་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་སེལ་བའི་ཆེད་དུ་དེ་ལ་འགལ་བ་སྟོན་པའི་སུན་འབྱིན་ནམ་ཐལ་འགྱུར་བསྟན་དགོས། མཐུན་ཕྱོགས་མི་མཐུན་ཕྱོགས་ཀྱི་མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་སེལ་བའི་ཕྱིར་དུ་སྒྲུབ་ངག་ཡང་དག་བསྟན་དགོས་ཤིང༌། དེ་གཉིས་ཀྱི་གོལ་ས་གཅད་པའི་ཕྱིར་དུ་སུན་འབྱིན་ལྟར་སྣང་དང་སྒྲུབ་ངག་ལྟར་སྣང་གཉིས་ཤེས་དགོས་པའི་ཕྱིར། དེར་ཐལ། རང་གི་འདོད་པ་ལ་འགལ་བ་མ་མཐོང་བར་དུ་མཐའ་གཅིག་ཏུ་འཛིན་པའི་སྒྲོ་འདོགས་མི་ལྡོག་ལ། རྟགས་ཆོས་ཀྱི་རྗེས་སུ་འགྲོ་ལྡོག་མ་ངེས་པར་རྟགས་མི་མཐུན་ཕྱོགས་ལ་འཇུག་གམ་སྙམ་པའི་ཐེ་ཚོམ་སོགས་མི་ལྡོག་པས་ཡང་དག་གཉིས་དགོས་ལ། དེ་ལྟར་སྣང་གཉིས་ལྟར་སྣང་དུ་མ་ངེས་ན་ཡང་དག་གཉིས་ཡང་དག་ཏུ་མི་ངེས་པའི་ཕྱིར། དཔེར་ན། སྒྲ་རྟག་སྒྲུབ་ཀྱི་དེ་གཉིས་ལྟར་སྣང་དུ་མ་ངེས་ན། སྒྲ་མི་རྟག་ཏུ་སྒྲུབ་འདོད་ནས་བཀོད་པའི་ཡང་དག་གཉིས་ཡང་དག་ཏུ་མི་འགྲོ་བ་བཞིན་ཡིན་པའི་ཕྱིར། ཡིད་ཀྱི་མུན་སེལ་ལས། རང་གིས་ངེས་ནས་གཞན་ལ་རྟོགས་པ་སྐྱེད་པའི་ཡན་ལག་ཏུ་ཡང་དག་དང་ལྟར་སྣང་ཕྱི་མ་བཞི་གསུངས་ཏེ། དེ་ཡང་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་གི་དཔལ་གཞོམ་པའི་ཕྱིར་དུ་སུན་འབྱིན་བསྟན་ལ། མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་བསལ་བའི་ཕྱིར་དུ་སྒྲུབ་ངག་གསུངས་ཤིང༌། གོལ་ས་བཅད་པའི་ཕྱིར་ལྟར་སྣང་གཉིས་གསུངས་སོ། །ཞེས་གསུངས་པའི་ཕྱིར།

           གོ་རིམ་རྣམ་འགྲེལ་འདིར་བཤད་པ་དང༌། རྣམ་ངེས་དང་རིགས་ཐིགས་དང་ཚད་མ་མདོའི་མངོན་སུམ་དང་པོར་བཤད་པ་དག་མི་མཐུན་པས་བཤད་ཚུལ་གཉིས་གང་རུང་ཞིག་མི་འཐད་པར་འགྱུར་སྙམ་ན། དེ་གཉིས་གང་རུང་མི་འཐད་པ་དང་ཕན་ཚུན་འགལ་སྐྱོན་དག་མེད་པར་ཐལ། མངོན་སུམ་དང་པོར་བཤད་པ་ནི་སྐྱེ་ཚུལ་གྱི་རིམ་པ་ཡིན་ལ། རྗེས་དཔག་གི་རྟེན་གཏན་ཚིགས་དང་པོར་བཤད་པ་ནི་ལོག་རྟོག་རྒྱས་པར་བསལ་བའི་སྒོ་ནས་གཏན་ལ་འབེབས་བྱེད་ཀྱི་ཚད་མ་གོ་སླ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གོ་རིམ་སྐྱེ་ཚུལ་ལྟར་དང་གཏན་ལ་འབེབས་བའི་དབང་དུ་བྱས་ན་དང་པོར་མངོན་སུམ། དེ་རྗེས་ལྐོག་གྱུར། དེ་རྗེས་ཤིན་ཏུ་ལྐོག་གྱུར་བསྟན་པའི་གོ་རིམ་འཐད་དེ། ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པའམ། དེ་ལ་ཐུག་པའི་མངོན་གྱུར་གྱིས་རྟགས་ལས། ཐར་འདོད་ཀྱིས་ཤེས་བྱའི་གཙོ་བོ་བདེན་བཞི་ལྟ་བུའི་ལྐོག་གྱུར་ཚད་མས་རྟོགས་པའི་རྗེས་སུ་ངན་སོང་སྡུག་བསྔལ་སྣ་ཚོགས་པ་སྐྱེད་བྱེད་རྒྱུ་འབྲས་ཀྱི་འབྲེལ་བ་དང་ལྷའི་ཁྱད་པར་སྐྱེད་བྱེད་ཀྱི་འབྲེལ་བ་ལྟ་བུའི་ཤིན་ཏུ་ལྐོག་གྱུར་ཚད་མས་རྟོགས་དགོས་པའི་ཕྱིར། དེར་ཐལ། བདེན་བཞི་སྟོན་པའི་ལུང་དེ། དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས་ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང༌། རང་གི་བསྟན་བྱའི་དོན་ལ་མི་སླུ་བར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡི། །གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་དང༌། བཞི་བརྒྱ་པ་ལས། སངས་རྒྱས་ཀྱི་གསུང་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་གྱུར་པ། །དེ་ཡི་སྟོང་པ་ཉིད་རྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་གསུངས་པའི་ཕྱིར། ཉམས་སུ་ལེན་པའི་ཚེ་དང་པོར་མངོན་མཐོའི་ཆོས་དད་པའི་སྐོར་དང༌། དེ་རྗེས་ངེས་ལེགས་ཀྱི་ཆོས་བདག་མེད་གཉིས་རྟོགས་པ་ལ་འཇུག་ཀྱང་གཏན་ལ་འབེབས་རིམ་ལ་བཟློགས་ནས་བཤད་མ་ཐག་པ་ལྟར་ཡིན་པའི་ཕྱིར། དེར་ཐལ། དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས་ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡིན་ན་གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱད་པ་རྫོགས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། མཐོང་དང་མ་མཐོང་བ་དག་ལ། །རིགས་པས་སྒྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་བཅོས་གང་ཡིན་པ། །གཟུང་བར་བྱ་ཕྱིར་དཔྱོད་འཇུག་འགྱུར། །ཞེས་དང༌། དེ་ལྟར་ཡུལ་གཉིས་རྣམ་དག་ན། །དེ་ནི་བསྟན་བཅོས་ཡོངས་འཛིན་ཡིན། །འདོད་པའི་དུས་ཡིན། ཞེས་གསུངས་པ་དང༌། བཅོམ་ལྡན་འདས་ཀྱིས་ཀྱང༌། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསེར་བསྲེགས་བཅད་བརྡར་གསུམ་གྱིས་བརྟགས་པ་བཞིན་དུ་བཀའི་དོན་ཤིན་ཏུ་ལྐོག་གྱུར་ལ་མངོན་སུམ་དང་དངོས་སྟོབས་རྗེས་དཔག་དང་ཡིད་ཆེས་རྗེས་དཔག་གསུམ་གྱིས་བརྟགས་ནས་དག་པ་ན་འཇུག་པར་གསུངས་པའི་ཕྱིར། བསྟན་བཅོས་ཀྱི་ལུས་ཡོངས་རྫོགས་ལེའུ་གསུམ་དུ་འདུས་ཏེ། མངོན་སུམ་ལེའུ་དང་རང་དོན་རྗེས་དཔག་གི་ལེའུ་དང་གཞན་དོན་ལེའུ་གསུམ་དུ་འདུས་ཀྱང༌། ཚད་མ་གྲུབ་པའི་ལེའུས་སྟོན་པ་དང་བསྟན་པ་སྐྱོན་མེད་བསྟན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཁོ་ན་མཐར་ཐུག་གི་སྐྱབས་སུ་བཤད་པའི་ཕྱིར་རོ། །དེས་ན་ཚད་མ་མདོ་དང་རྣམ་འགྲེལ་ངེས་རིགས་ཐིགས་བཞིས་ཚིག་དོན་ཚང་བར་སྟོན་པས་ལུས་ལྟ་བུ་དང༌། གཏན་ཚིགས་ཐིགས་པ་དང་འབྲེལ་བ་བརྟགས་པ་དང་རྒྱུད་གཞན་སྒྲུབ་པ་དང་རྩོད་རིགས་བཞི་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་ཏེ གཏན་ཚིགས་ཐིགས་པ་ནི་འདིར། ཕྱོགས་ཆོས་དེ་ཆོས་ཁྱབ་པ་ཡི། །གཏན་ཚིགས། ཞེས་པའི་འཕྲོས་དོན་ཚུལ་གཅིག་པ་གཉིས་པ་བཞི་པ་དྲུག་པ་དག་བཀག་ནས་ཚུལ་གསུམ་ཁོ་ནར་སྟོན་བྱེད་དང༌། འབྲེལ་བ་བརྟགས་པ་ནི། འདི་ཉིད་ལས། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་འཕྲོས་དོན་འབྲེལ་བ་ལ་ལྡན་པའི་དང་འདུ་བའི་འབྲེལ་བ་གཉིས་དང་འབྲེལ་བ་རྫས་ཡོད་བཀག་ནས་འབྲེལ་བ་ལ་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་ཁོ་ནས་ཁྱབ་པར་སྟོན་པའི་ཡན་ལག་དང༌། རྒྱུད་གཞན་སྒྲུབ་པས་སེམས་ཙམ་ལ་3གཞན་རྒྱུད་རུང་བར་བཤད་པས་མངོན་སུམ་ལེའུའི་འཕྲོས་དོན་དང༌། རྩོད་རིགས་ཀྱིས་སྒྲུབ་དང་སུན་འབྱིན་སྒོ་ནས་གཞན་དོན་བྱེད་ཚུལ་སྟོན་པས་ན་ལེའུ་བཞི་པའི་འཕྲོས་དོན་ཡིན་པའི་ཕྱིར། བསྟན་བཅོས་འདིའི་དགོས་པ་ནི་གདུལ་བྱ་རིགས་ཅན་གསུམ་དུ་མ་ཟད་རིགས་ཆད་འཇིག་རྟེན་པའི་བདེ་བ་ཙམ་འཚོལ་བ་དང༌། རྒྱང་ཕན་ལྟ་བུའི་ལོག་ལམ་ཆེན་པོར་ཞུགས་པ་དག་ཀྱང་ལེགས་པ་ལ་སྦྱོར་བའི་དགོས་པ་ཡོད་དེ། རྣམ་འགྲེལ་ལས། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན། །ཞེས་ལུང་གི་བསྟན་པ་ནི་གྲོལ་འདོད་ཀྱི་སྐྱེས་བུའི་མངོན་པར་འདོད་པའི་དོན་དང༌། དེ་སྒྲུབ་ནུས་ཀྱི་རྗེས་མཐུན་གྱི་ཐབས་དམ་པ་དང༌། འདོད་དོན་དེ་དག་ཀྱང་རྗེས་མཐུན་གྱི་ཐབས་དམ་པར་ཞུགས་ན་ཐོབ་ལ་དེ་ལ་མ་ཞུགས་པར་ཐབས་ལོག་པར་སྤྱད་ཀྱང་མི་འཐོབ་པའི་རྗེས་སུ་འགྲོ་ལྡོག་གི་འབྲེལ་དང༌། བསྟོད་པ་ལས། དུས་གསུམ་ཆ་དབྱེ་ཉིད་ཀྱིས་ནི། །བསྟན་ལས་གཞན་ལ་མ་མཆིས་སོ། །ཞེས་པ་ལྟར། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འབྲེལ་ཆགས་སུ་སྟོན་པའི་ཁྱད་ཆོས་གསུམ་ལྡན་དུ་སྐྱེས་བུའི་དོན་ནི་ཞེས་དང༌། རྗེས་མཐུན་ཐབས། ཞེས་དང༌། འབྲེལ་བ་དང་ཞེས་པ་གསུམ་གྱིས་རིམ་བཞིན་བསྟན་པའི་ཕྱིར། གདུལ་བྱ་སོ་སོའི་དགོས་པ་ཡོད་དེ། ཁྱད་པར་གསུམ་ལྡན་གྱི་ལུང་དེ་སྐྱོན་མེད་དུ་སྒྲུབ་ཚུལ་ཡང་དེའི་བརྗོད་བྱ་མངོན་གྱུར་དང་ལྐོག་གྱུར་དག་ཚད་མས་གྲུབ་པ་དང་ཤིན་ཏུ་ལྐོག་གྱུར་བརྗོད་བྱར་བྱེད་པའི་ཆ་ལ་དཔྱད་པ་གསུམ་གྱིས་དག་པར་བསྒྲུབས་ནས་ལུང་སྐྱོན་མེད་པར་འགྲུབ་ལ། རྟོགས་པའི་བསྟན་པ་ནི་ཐེག་པ་གསུམ་གྱི་ལམ་འབྲས་བུ་དང་བཅས་པ་ངོ་བོ་ངེས་པ་གྲངས་ངེས་པ་གོ་རིམ་ངེས་པའི་སྒོ་ནས་སྐྱོན་མེད་དུ་ལེགས་པར་བསྒྲུབས་ནས། དེའི་རྟགས་ཀྱིས་སྟོན་པ་ཉག་གཅིག་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་གྲུབ་པ་ན་བསྟན་པའི་ཆོས་དེ་སྒྲུབ་པའི་དགེ་འདུན་ཡང་སྐྱོན་མེད་པར་གྲུབ་ལ། དེ་ལྟར་གྲུབ་པ་ན་གདུལ་བྱ་སོ་སོ་ལ་རང་རང་གི་སྐལ་བ་དང་འཚམ་པའི་དགོས་པ་ཡང་དག་རེ་འགྲུབ་འོང་བའི་ཕྱིར། དེར་ཐལ། དེ་ལྟར་གྲུབ་པའི་ཚེ་རིགས་ཅན་མཐའ་དག་གི་དོན་བྱ་བར་འདོད་པའི་ཐེག་ཆེན་རིགས་ཅན་དག་ནི། སངས་རྒྱས་ལས་གཞན་ལ་རིགས་ཅན་མཐའ་དག་གི་དོན་བྱེད་པའི་ནུས་པ་མེད་ཚུལ་ལ་ངེས་པ་རྣམ་དག་རྙེད་ནས། སངས་རྒྱས་དེ་ཐོབ་པར་བྱ་སྙམ་པའི་ཐེག་ཆེན་སེམས་བསྐྱེད་སྔར་མ་སྐྱེས་པ་སྐྱེ་ཞིང་སྐྱེས་པ་རྣམས་སླར་མི་ལྡོག་པའི་རྒྱུར་འགྱུར་བ་དང༌། ཉན་རང་གི་རིགས་ཅན་དག་ཀྱང་དེ་ལྟར་རྟོགས་པའི་ཚེ་སངས་རྒྱས་ཁོ་ན་གྲོལ་བ་དོན་གཉེར་གྱི་སྟོན་པ་དང་དེའི་ཆོས་དང་དགེ་འདུན་ལ་ཤེས་ནས་4དད་པ་འཐོབ་ཅིང་སེར་སྐྱ་བ་སོགས་གཞན་སྡེའི་ལམ་ལ་གྲོལ་བ་མེད་ཚུལ་གྱི་ངེས་ཤེས་གཞན་གྱིས་བཀྲིར་མི་ཐུབ་པ་སྐྱེ་ལ། རིགས་ཆད་ཀྱི་གདུལ་བྱ་འཇིག་རྟེན་ཕྱི་མའི་བདེ་བ་ཙམ་དོན་དུ་གཉེར་བ་དག་གིས་ཀྱང་དོན་དེ་ལྟར་རྟོགས་པ་ན་སངས་རྒྱས་ཉག་གཅིག་སྐྱབས་སྟོན་པ་དང༌། 5དེའི་བཤད་པའི་མངོན་མཐོའི་ཆོས་ལ་འཇུག་ངོགས་སུ་འཛིན་ཅིང༌། དབང་ཕྱུག་ཚངས་པ་སོགས་རང་ཉིད་ཀྱང་སྐྱོན་གྱི་འཆིང་བ་ལས་མ་གྲོལ་བ་ནི་སྐྱབས་མ་ཡིན་པར་ངེས་ཤིང༌། ཕྱུགས་ཀྱི་མཆོད་སྦྱིན་གྱིས་བདེ་འགྲོའི་གོ་འཕང་ཐོབ་པ་དང༌། ཟབ་དོན་རྟོགས་པ་དང་བྲལ་བའི་དབང་ཕྱུག་གི་དབང་སྐུར་དང༌། ལུས་གདུང་ཙམ་གྱིས་གྲོལ་བར་སྨྲ་བ་མཐའ་དག་བྱིས་པའི་རྡོལ་ཐབས་སྨྲ་བ་ལྟ་བུ་དང༌། ཚད་པས་ཉེན་པ་མེར་འཇུག་པ་ལྟ་བུའི་ཐབས་མིན་པ་ཆེན་པོར་རྟོགས་པར་འགྱུར་ལ། རྒྱང་ཕན་ལྟ་བུའི་ཉེས་བཤད་ཀྱིས་མིག་ལོང་བ་འཇིག་རྟེན་འདི་ཙམ་གྱི་བདེ་བའི་ཕྱིར་སྲོག་གཅོད་སོགས་ལ་ཅི་དགར་འཇུག་པ་དག་གིས་ཀྱང་དེ་ལྟར་རྟོགས་པ་ན་ཚེ་འདི་ཙམ་གྱིས་ཆོག་པར་སྨྲ་བ་དང་འཛིན་པ་ནི་ཚེ་འདིའི་ཉི་མ་གཅིག་གི་ལོངས་སྤྱོད་ཀྱིས་ཆོག་པར་སྨྲ་བ་དང་འདྲ་བར་རྟོགས་ཤིང༌། སྲོག་གཅོད་སོགས་རང་གཞན་ལ་གནོད་པའི་མི་དགེ་བའི་ལས་ལ་སྤུ་གྲིའི་ལམ་འདྲ་བར་ངེས་ནས་དེ་དག་སྤངས་ཏེ། འདི་ཕྱིའི་ལམ་དཀར་པོའི་ལམ་རྣམས་དང་དུ་ལེན་པར་འགྱུར་བ་ནི་བསྟན་བཅོས་འདིའི་དགོས་པ་ཡིན་པའི་ཕྱིར། ལེའུ་གཉིས་པར། སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། །གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་དང༌། བདག་ཡོད་ན་ནི་གཞན་དུ་ཤེས། །སོགས་དང༌། གལ་ཏེ་དེ་ལ་ཉེས་པ་ཡི། །སོགས་དང༌། ཐམས་ཅད་ལ་ནི་མཉམ་སྙོམས་ཅན། །སོགས་དང༌། གཉེན་པོ་དང་ནི་རང་གི་ཕྱོགས། །སོགས་ལྟ་བུའི་དེ་དག་རྒྱས་པར་ཚད་མ་གྲུབ་པར་བཤད་ཚུལ་འཆད་པར་འགྱུར་ལ། ཚད་ཆེན་འགྲེལ་པར་པདྨའི་ངང་ཚུལ་གྱིས། བཅོམ་ལྡན་འདས་ཀྱི་ཆེ་བའི་བདག་ཉིད་ཁྱད་པར་དུ་འཕགས་པ་དང་ལྡན་པར་སྟོན་པར་བྱེད་དོ། །དེ་ཐོས་ནས་རེ་ཞིག་དད་པའི་རྗེས་སུ་འབྲངས་པ་རྣམས་ནི་ཐེ་ཚོམ་མེད་པར་མྱུར་དུ་བཅོམ་ལྡན་འདས་ལ་དད་པ་སྐྱེའོ་གང་ཡང་ཆོས་ཀྱི་རྗེས་སུ་འབྲངས་པ་དེ་དག་ཀྱང༌། ཞེས་པ་ནས། བཅོམ་ལྡན་འདས་ལ་དང་བ་སྐྱེད་པར་བྱེད་པ་ཉིད་ཡིན་ནོ། །དེ་ལ་དང་བས་ཀྱང་དེའི་ཡོན་ཏན་མངོན་པར་འདོད་པ་རྣམས། དེའི་གསུང་རབ་དང་དེ་ལ་བརྟེན་པའི་བསྟན་བཅོས་ལ་སོགས་པ་རྟོགས་པ་སྔོན་དུ་འགྲོ་བས་འཛིན་པ་ལ་སོགས་པའི་དོན་དུ་གུས་པར་བྱེད་དོ། །དེ་ལས་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེ་བས་ཞེས་གསུངས་པ་ལྟ་བུས་སོ།  །བསྟན་བཅོས་འདི་ཆོས་ཅན། ཁྱོད་ཀྱི་ཉིང་དགོས་ཡོད་དེ། ཁྱོད་ལ་ཐོས་བསམ་སྒོམ་པས་རིམ་གྱིས་གདུལ་བྱའི་དོན་དུ་ཆོས་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གཟིགས་པའི་ཐམས་ཅད་མཁྱེན་པའི་ཚད་མ་དང་ཚད་མའི་སྐྱེས་བུ་མཐར་ཐུག་ཐོབ་པ་དེ་ཡིན་པའི་ཕྱིར། ཚད་ཆེན་འགྲེལ་པ་ལས། དེ་ལས་ཐོས་པ་ལས་བྱུང་བ་6ལ་སོགས་པའི་ཤེས་རབ་སྐྱེ་བའི་རིམ་གྱིས་ལེགས་པའི་མཆོག་ཐོབ་པའི་བར་དུ་འགྱུར་བའི་ཕྱིར། ཞེས་སོ། །སེམས་ཙམ་པ་མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་ལྟར་ན་ཐེག་པ་གསུམ་གྱི་མི་སློབ་ལམ་དང་ཐར་པ་གསུམ་ཡང་ཉིང་དགོས་བྱའོ།  །ལྔ་པ་བསྟན་བཅོས་འདིའི་འབྲེལ་བ་ཡོད་དེ། འདིའི་ཉིང་དགོས་ཀྱི་རྣམ་མཁྱེན་དང་ལོངས་སྐུ་དགོས་པའི་ས་བཅུ་ལ་འབྲེལ། དེ་འདིའི་བརྗོད་དོན་གྱི་ཐོས་སོགས་ལ་འབྲེལ་བ་ལྟ་བུ་ཡིན་པའི་ཕྱིར། མཚན་དོན་ལེགས་པར་བཤད་ཟིན་ཏོ། །

(3) རྒྱུད་གཞན་ཡིན་ནམ་སྙམ།

(4) པར་ཐེངས་གཉིས་པ། དང་པ།

(5) དེས་ཡིན་ནམ་སྙམ།

(6) པར་ཐེངས་གཉིས་པ། ལ་བསམ་པའི།

སྨྲས་པ།

བརྗོད་བྱ་ཚིག་དོན་བརྒྱད་ཀྱི་དཀར་ཆ་རྫོགས། །

གནས་གསུམ་སྒྲིབ་པའི་མུན་ཚོགས་མཐར་བསྐྲད་ཅིང༌། །

འཆད་རྩོད་རྩོམ་པའི་བདུད་རྩི་འབུམ་འཛག་པས། །

བློ་ལྡན་ཀུནྡ་མ་ལུས་བཞད་པའི་དཔལ། །

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།