བློ་རིག་གི་རྣམ་གཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-05-17 18:11:43     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

c7a917a.jpg

༄༅། །ན་མོ་ཤྲཱི་མཉྫུ་གྷོཥ་ཡ་སྭ་ར་སྭ་སྟྱཻ་ཙ་མ་ཧཱ་དྷཱི་མེ་པྲ་ཡ་ཙྪ།

སྲིད་ཞིའི་ཕུན་ཚོགས་ཀུན་བསྐྱེད་རྒྱལ་རྣམས་དང་། །

བློ་གཏེར་འཇམ་དབྱངས་ཡབ་ཡུམ་ལ་བཏུད་དེ། །

བློ་ལ་གཞན་སྡེའི་བརྟགས་དང་བྱིས་རྣམས་ཀྱི། 

འོལ་ཚོད་མུན་བསལ་བློ་གྲོས་འབུམ་བཞད་བྱ། །

    དེ་ལ་འདིར་བློ་རིག་གི་རྣམ་བཞག་བཤད་པ་ལ། ཡུལ་ཅན་བློ་དང་། ཡུལ་གྱི་རྣམ་བཞག་བཤད་པ་གཉིས། དང་པོ་ལ། ལུང་འགོད་པ་དང་། དེའི་དོན་བཤད་པ་གཉིས། དང་པོ་ནི། རང་སྡེའི་བློའི་དོན་འཆད་པར། རྣམ་འགྲེལ་ཚད་མ་གྲུབ་པའི་ལེའུ་ལས། ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། །བློ་ཡི་བྱེད་པའི་ཁྱད་པར་གྱིས། །ཤེས་རབ་ལ་སོགས་ཕུལ་བྱུང་དང་། །འགྲིབ་པ་དག་ཏུ་གྱུར་པ་ཡིན། །ཞེས་བྱུང་། གཉིས་པ་ལ། མཚན་ཉིད། རྣམ་གྲངས། དབྱེ་བ་གསུམ་ལས། དང་པོ་ནི། རིག་པ་དེ་བློའི་མཚན་ཉིད། མཚན་གཞི་ནི། ཤེས་རབ་དང་ཚད་མ་ལྟ་བུ། དེ་གཉིས་ཆོས་ཅན། རིག་པའི་དོན་ཡོད་དེ། ཡུལ་འཆར་བ་དང་སྣང་བ་དེ་ཡུལ་དེ་རིག་པའི་དོན་ཡིན་པའི་ཕྱིར། གཉིས་པ་ནི། རྣམ་གྲངས་ཡོད་དེ། བློ་དང་ཤེས་པ་དང་རིག་པ་དང་གསལ་བ་རྣམས་དོན་གཅིག་པའི་ཕྱིར། ཤེས་པའི་མཚན་ཉིད་ཡོད་དེ། གསལ་བའི་བེམ་མིན་དེ་དེ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དེའི་ཕྱིར་ངེད་ཀྱི་བློ་རང་ཉིད། །གསལ་བའི་ངོ་བོ་རབ་གསལ་ཞིང་། །ཞེས་བྱུང་། ཡང་རྒྱས་པར་བརྗོད་ན་རང་ཡུལ་སྣང་བའི་རིག་པ་ཡིན་པ་དེ། རང་བློ་ཡིན་པའི་མཚན་ཉིད། རྣམ་འགྲེལ་ལས། དེ་ལྟར་བློ་ལ་བློ་འདོད་ན། །བློ་ནི་རང་ཉིད་རིག་པར་གྲུབ། །ཅེས་སོ། །རང་ཡུལ་གསལ་བའི་བེམ་མིན་ཡིན་པ་དེ། རང་ཤེས་པ་ཡིན་པའི་མཚན་ཉིད། རྣམ་འགྲེལ་ལས། རང་ཉིད་རབ་ཏུ་གསལ་ཕྱིར་དོན། །དེ་ཡི་ངོ་བོ་རབ་གསལ་ཡིན། །ཞེས་དང་། དབུ་མ་རྒྱན་རང་འགྲེལ་ལས། ཤེས་པ་ནི་གསལ་བ་ཡིན་ན་གསལ་བར་མ་གྱུར་ཏེ། ཞེས་གསུངས་པའི་ཕྱིར་རོ། །བེམ་མིན་ཞེས་པ་འགལ་ཟླའི་ཚིག་ཡིན་ཏེ། སྤྱོད་འཇུག་ལས། ཤེས་པ་བེམ་མིན་ལོག་པ་སྟེ། །ཞེས་དང་། དབུ་མ་རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པར་རབ་ཏུ་སྐྱེ་བ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །འདིར་ཁ་ཅིག་ན་རེ། རིག་པའི་མཚན་ཉིད་ཡུལ་གྱི་རྣམ་པ་ཤར་བའི་བློ་ཞེས་ཟེར་བ་དང་། རང་རིག་ལ་ཡུལ་གྱི་རྣམ་པ་མི་འཆར་ཟེར་བ་ནང་འགལ་ལ། ཁ་ཅིག་ན་རེ། རང་རིག་ཆོས་ཅན། རང་ཡུལ་སྣང་བའི་བློ་ཡིན་པར་ཐལ།རིག་པ་ཡིན་པའི་ཕྱིར། དེར་ཐལ། རང་རིག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རང་ཡུལ་གྱི་རྣམ་པ་ཤར་བར་ཐལ། རང་ཡུལ་སྣང་བའི་ཕྱིར་ན་མ་ཁྱབ། ཁྱབ་བར་ཐལ། རང་ཡུལ་གྱི་རྣམ་པ་སྣང་བའི་ཕྱིར། དེར་ཐལ། རང་ཡུལ་སྣང་བའི་ཕྱིར་ན་ཡང་མ་ཁྱབ། དེ་གསུམ་ལ་འདོད་མི་ནུས་ཏེ། ཡུལ་གྱི་འདྲ་རྣམ་མ་ཤར་བའི་ཕྱིར། དེར་ཐལ། ཡུལ་ཡུལ་ཅན་གྱི་གཉིས་སྣང་ནུབ་པའི་བློ་ཡིན་པའི་ཕྱིར། དེར་ཐལ། རང་རིག་ཡིན་པའི་ཕྱིར། ཁྱབ་སྟེ། དབུ་མ་རྒྱན་ལས། དེ་ཡི་རང་གི་རིག་པ་ནི། །བྱ་དང་བྱེད་པའི་དངོས་པོར་མིན། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ལ་རང་གི་ཡང་རྣམ་པ་མ་ཤར་བར་ཐལ། རྣམ་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། རྒྱན་རང་འགྲེལ་ལས། རྣམ་པ་དང་བཅས་པའི་ཤེས་པའི་ཚུལ་ལས་བརྗོད་པ་ལྟ་བུར། རང་རིག་པ་ལ་ནི་དེ་ལྟ་བུའི་རྣམ་པར་བཞག་པ་མི་འཐད་དེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཡུལ་ཡུལ་ཅན་གྱི་གཉིས་སྣང་མེད་པའི་དོན་ཡིན་པའི་ཕྱིར། གཞན་དུ་ན་རྣམ་བཅས་ཀྱི་ཤེས་པ་མ་ཡིན་པར་ཐལ། རང་ངམ་ཡུལ་གང་གི་ཡང་རྣམ་པ་མི་སྣང་བའི་ཕྱིར། རྟགས་ཁས། འདོན་ན། འཛིན་རྣམ་ཡང་མ་ཡིན་པར་ཐལ་ལོ། འདོད་པའི་ཕྱིར། འདོད་མི་ནུས་ཏེ།སྔོ་སྣང་དབང་ཤེས་ཀྱི་སྔོན་པོའི་རྣམ་པ་ལྟ་བུ་བཟུང་རྣམ་དང་གཞན་རིག་གི་ཤེས་པ་དང་། མྱོང་ཙམ་རང་རིག་དང་འཛིན་རྣམ་ཡིན་པའི་ཕྱིར་ཏེ། རིགས་རྒྱན་ལས། སྔོ་སྣང་དབང་ཤེས་ལྟ་བུ་ལ་ཡུལ་གྱི་རྣམ་པ་ཤར་བའི་ཆ་དང་། མྱོང་ཙམ་གྱི་ཆ་གཉིས་ཡོད་པའི་དང་པོ་བཟུང་རྣམ་དང་། གཉིས་པ་ནི་རང་རིག་མངོན་སུམ་མོ། །ཞེས་གསུངས་པའི་ཕྱིར་རོ། །དེ་སོགས་ཞིབ་ཆ་མང་།ཡང་བོད་ཀྱི་རྟོག་གེའི་དབང་པོ་ཁ་ཅིག་གི་གསུང་ལས། ཡུལ་རིག་པར་བྱ་བ་བློའི་མཚན་ཉིད་ཟེར་ན། སྐྱེས་བུ་ཆོས་ཅན། བློ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་སླ།

གསུམ་པ་ནི། དབྱེ་བ་དྲུག་ཡོད་དེ། རྟོགས་བློ་དང་མ་རྟོགས་པའི་བློ་གཉིས་སུ་དབྱེ་བ་དང་། བློ་རིག་བདུན་དུ་དབྱེ་བ་དང་། ཚད་མ་དང་ཚད་མིན་གཉིས་སུ་དང་། རྟོག་བཅས་རྟོག་མེད་གཉིས་སུ་དང་། མངོན་རྗེས་གཉིས་སུ་དང་། སེམས་སེམས་བྱུང་གཉིས་སུ་དབྱེ་བ་དང་དྲུག་ལས།

དང་པོ་ལ། རྟོགས་པའི་བློ་ནི་ཚད་མ་རྣམ་འགྲེལ་ལས། ངེས་པ་རྣམས་ཀྱིས་མ་ངེས་ལ། །དེ་ནི་ཇི་ལྟར་དེ་ཡུལ་ཡིན། །ཞེས་བྱུང་། རྟོགས་པའི་བློ་ལ་མཚན་ཉིད། དབྱེ་བ། སོ་སོའི་དོན་བཤད་པ་གཉིས། དང་པོ་ནི། བློ་དེའི་བྱེད་པ་ལ་བརྟེན་ནས་ཆོས་དེ་ལ་ངེས་པ་འདྲེན་ནུས་པ། བློ་དེས་ཆོས་དེ་རྟོགས་པའི་མཚན་ཉིད་ཡིན་ཏེ། བློ་དེས་ཆོས་དེ་ངེས་པ་ན་རང་གི་བཟློག་ཟླའི་སྒྲོ་འདོགས་གཅོད་པའི་ཕྱིར་ཏེ། དཔེར་ན་སྒྲ་མི་རྟག་པར་ངེས་པའི་རྗེས་དཔག་གིས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་གཅོད་པ་བཞིན་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལ་དབྱེ་ན། དངོས་རྟོགས་དང་། ཤུགས་རྟོགས་གཉིས་ལས། བློ་དེ་ལ་ཡུལ་དེའི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པ་དེ། བློ་དེས་ཡུལ་དེ་དངོས་སུ་རྟོགས་པའི་མཚན་ཉིད། མཚན་གཞི་ནི། སྔོན་འཛིན་དབང་མངོན་གྱིས་སྔོན་པོ་རྟོགས་པ་དང་། སྒྲ་བྱས་པར་དངོས་སུ་རྟོགས་པའི་རྗེས་དཔག་གིས་སྒྲ་བྱས་པར་རྟོགས་པ་ལྟ་བུ་ཡིན་ནོ། །དངོས་སུ་རྟོགས་པ་ལ་མངོན་སུམ་དུ་རྟོགས་པས་མ་ཁྱབ་སྟེ། སྒྲ་མི་རྟག་པར་དངོས་སུ་རྟོགས་པའི་རྟོག་པ་ཡོད་པའི་ཕྱིར། ཁྱབ་སྟེ། མངོན་སུམ་དུ་རྟོགས་ན་ཡུལ་དེ་གསལ་བར་སྣང་བས་ཁྱབ་པའི་ཕྱིར། རྣམ་འགྲེལ་ལས། གསལ་བར་སྣང་བ་ཅན་བློ་གང་། །དེ་ནི་དེ་ལ་རྟོག་མེད་འདོད། །ཅེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དེ་རྟོགས་པའི་རྗེས་དཔག་ཡོད་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་དང་། མངོན་སུམ་ལེའུ་ལས་ཀྱང་།རྟོག་པའི་དྲ་བ་རྣམ་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་གསུངས་པའི་ཕྱིར། དངོས་རྟོགས་ཤུགས་རྟོགས་ཀྱི་ཚུལ་ལ་ཡང་། ཚད་མ་དང་ཚད་མིན་གྱིས་དངོས་རྟོགས་ཤུགས་རྟོགས་ཀྱི་ཚུལ་གཉིས་ཡོད། ཚད་མས་དངོས་དང་ཤུགས་ལ་རྟོགས་ཚུལ་ལ་ཡང་གསུམ་ཡོད་དེ། སྤྱིར་ཚད་མས་དངོས་སུ་དང་ཤུགས་ལ་རྟོགས་ཚུལ་དང་། མངོན་སུམ་ཚད་མས་དངོས་སུ་དང་ཤུགས་ལ་རྟོགས་ཚུལ། རྗེས་དཔག་ཚད་མས་དངོས་སུ་དང་ཤུགས་ལ་རྟོགས་ཚུལ་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཚད་མ་དེ་ཡུལ་དེ་ལ་བློ་ཁ་ཕྱོགས་ཤིང་རྣམ་པ་ཤར་བའི་སྟོབས་ཀྱིས་རྗེས་སུ་བློ་གཞན་ལ་ལྟོས་མེད་དུ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ནི། ཚད་མ་དེས་ཡུལ་དེ་དངོས་སུ་རྟོགས་པའི་དོན་ཡིན། ཡུལ་དེ་ལ་ད་ལྟ་བློ་ཁ་མ་ཕྱོགས་ཀྱང་། ཚད་མ་དེས་རང་གི་གཞལ་བྱ་དངོས་སུ་འཇལ་སྟོབས་ཀྱིས་ཡུལ་དེ་ལ་སྐབས་དང་མཐུན་པར་སྒྲོ་འདོགས་བཅད་ཚར་བས་ཕྱིས་བློ་ཁ་ཕྱོགས་ཙམ་གྱིས་ཚད་མ་གཞན་ལ་ལྟོས་མེད་དུ་ངེས་པ་འདྲེན་པ་དེ། ཚད་མ་དེས་ཡུལ་དེ་ཤུགས་རྟོགས་ཀྱི་དོན་ཡིན་པའི་ཕྱིར། འདི་ལའང་ཞིབ་ཆ་དགོས་སོ། །

གཉིས་པ་ནི། མངོན་སུམ་ཚད་མས་དངོས་རྟོགས་དང་ཤུགས་རྟོགས་ཀྱི་དོན་གཉིས་ཡོད་དེ། མངོན་སུམ་དེ་ལ་རང་གི་གཞལ་བྱ་དེའི་རྣམ་པ་དངོས་སུ་ཤར་ནས་གཞལ་བྱ་དེ་ལ་སྒྲོ་འདོགས་གཅོད་པ་ནི། མངོན་སུམ་གྱི་ཚད་མས་གཞལ་བྱ་དེ་དངོས་སུ་རྟོགས་པའི་མཚན་ཉིད། དཔེར་ན་མཚན་གཞི་སྔོན་འཛིན་མངོན་སུམ་ཚད་མ་ལ་སྔོན་པོའི་རྣམ་པ་གསལ་བར་ཤར་ནས་སྔོན་པོ་ལ་སྒྲོ་འདོགས་གཅོད་པ་ལྟ་བུ་ཡིན། མངོན་སུམ་གྱི་ཚད་མ་དེས་རང་གི་གཞལ་བྱ་དེའི་རྣམ་པ་དངོས་སུ་ཤར་ནས་དངོས་སུ་གཞལ་བྱ་དེ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་རང་ལ་རྣམ་པ་མ་ཤར་བའི་ཆོས་གཞན་ལའང་སྒྲོ་འདོགས་གཅོད་པ་དེ། ཆོས་གཞན་དེ་མངོན་སུམ་གྱི་ཚད་མ་དེས་ཤུགས་ལ་རྟོགས་པའི་མཚན་ཉིད། མཚན་གཞི་དཔེར་ན་བུམ་པས་དག་པའི་ས་ཕྱོགས་ཀྱི་རྣམ་པ་དངོས་སུ་ཤར་ནས་ངེས་པ་དྲངས་སྟོབས་ཀྱིས་དེའི་བུམ་མེད་ཀྱི་རྣམ་པ་མ་ཤར་ཡང་བུམ་པ་ཡོད་པའི་སྒྲོ་འདོགས་བཅད་ཅིང་བློ་ཁ་ཕྱོགས་ཙམ་གྱིས་བུམ་མེད་དུ་ངེས་པར་འགྱུར་བ་ལྟ་བུ་ཡིན་པའི་ཕྱིར།

གསུམ་པ་ནི། རྗེས་དཔག་གིས་དངོས་རྟོགས་དང་ཤུགས་རྟོགས་ཀྱི་དོན་གཉིས་ཡོད་དེ། རྗེས་དཔག་དེས་རང་གི་གཞལ་བྱ་དེའི་དོན་སྤྱི་ཤར་བའི་སྒོ་ནས་གཞལ་བྱ་དེ་ལ་སྒྲོ་འདོགས་གཅོད་པ་ནི། རྗེས་དཔག་དེའི་དངོས་གཞལ་གྱི་མཚན་ཉིད། མཚན་གཞི་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལ་སྒྲ་མི་རྟག་པའི་དོན་སྤྱི་དངོས་སུ་ཤར་བའི་སྒོ་ནས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་གཅོད་པ་ལྟ་བུ། དེ་ལ་རང་གི་གཞལ་བྱ་དེའི་དོན་སྤྱི་ཤར་བ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་རྗེས་དཔག་དེ་ལ་དོན་སྤྱི་མ་ཤར་བའི་ཆོས་གཞན་ལའང་སྒྲོ་འདོགས་གཅོད་པ་དེ། རྗེས་དཔག་དེས་ཤུགས་ཀྱིས་ཆོས་གཞན་དེ་རྟོགས་པའི་མཚན་ཉིད། མཚན་གཞི་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་རྟག་པར་མེད་པའི་དོན་སྤྱི་མ་ཤར་ཡང་སྒྲ་ལ་རྟག་པ་ཡོད་པའི་སྒྲོ་འདོགས་བཅད་ཅིང་བློ་ཁ་ཕྱོགས་ཙམ་གྱིས་ཚད་མ་གཞན་ལ་ལྟོས་མེད་དུ་སྒྲ་རྟག་པར་མེད་པར་ངེས་པ་ལྟ་བུ་ཡིན་པའི་ཕྱིར། རྟོག་པ་དེ་ལ་ཆོས་དེའི་དོན་སྤྱི་ཤར་བ་ནི། རྟོག་པ་དེ་ལ་ཆོས་དེའི་རྣམ་པ་ཤར་བའི་དོན་ཡིན་ནོ། 

གཉིས་པ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཚད་མིན་གྱིས་དངོས་ཤུགས་ཀྱི་རྟོགས་ཚུལ་གཉིས་ཡོད་དེ། སྒྲོ་འདོགས་གསར་དུ་མི་གཅོད་ཀྱང་ལྷག་མ་རྣམ་པ་ཤར་བའི་སྒོ་ནས་རྟོགས་པ་དེ་དངོས་སུ་རྟོགས་པ་དང་། རྣམ་པ་མ་ཤར་ཀྱང་རྟོགས་པ་ཤུགས་རྟོགས་ཀྱི་དོན་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལ་དབྱེ་ན། ཡིད་དཔྱོད་དང་བཅད་ཤེས་གཉིས་སོགས་ཡོད་དེ།བློ་ལྔར་དབྱེ་བའི་སྐབས་སུ་འཆད་པར་འགྱུར་རོ། །

མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། བློ་དེས་ཆོས་དེ་རང་དུས་སུ་རྟོགས་ན་ཆོས་དེ་ལ་རང་དུས་སུ་ངེས་པ་འདྲེན་པས་ཁྱབ་ཟེར་ན། བུམ་པས་དག་པའི་ས་ཕྱོགས་འཛིན་པའི་དབང་མངོན་ཆོས་ཅན། ཁྱོད་ཀྱིས་བུམ་མེད་ལ་རང་དུས་སུ་ངེས་པ་འདྲེན་པར་ཐལ། ཁྱོད་ཀྱིས་དེ་རྟོགས་པའི་ཕྱིར་ཏེ། ཁྱོད་ཀྱིས་དེ་ཤུགས་ལ་རྟོགས་པའི་ཕྱིར། འདོད་ན། སེམས་ཅན་གྱིས་ངེས་ཤེས་ཀྱིས་ཀྱང་དེ་ལྟར་འདྲེན་པར་ཐལ། སེམས་ཅན་གྱི་རྒྱུད་ཀྱི་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་བྱེད་པས་རང་གི་རྗེས་སུ་བར་མ་ཆོད་པར་ངེས་ཤེས་འདྲེན་པའི་ཕྱིར། དེར་ཐལ། ངེས་ཤེས་མི་འདྲ་བ་གཉིས་ཅིག་ཅར་དུ་རྒྱུད་གཅིག་ལ་མི་རུང་བའི་ཕྱིར། རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར། དེ་བཞིན་དུ་སྒྲ་མི་རྟག་རྟོགས་པའི་རྗེས་དཔག་གིས་སྒྲ་རྟག་མེད་ལ་ཡང་རང་དུས་སུ་ངེས་པ་འདྲེན་པར་ཐལ་ལོ། །དེས་དེ་རྟོགས་པའི་ཕྱིར། འདོད་ན་སྔར་ལྟར་རོ། །ཡང་ཁ་ཅིག་ན་རེ། བློ་དེ་ལ་ཡུལ་དེའི་རྣམ་པ་ཤར་ནས་རྟོགས་པ་ནི། དེས་ཡུལ་དེ་རྟོགས་པའི་དོན་ཟེར་ན། བློ་དེས་རྟོགས་ན་དེའི་དངོས་རྟོགས་ཀྱིས་ཁྱབ་པར་ཐལ་ལོ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཤུགས་རྟོགས་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ།བློ་དེས་ཡུལ་དེ་རྟོགས་ན་དེ་ལ་སྒྲོ་འདོགས་གཅོད་པའམ་བཅད་པས་ཁྱབ་ཟེར་ན། བཅད་ཤེས་གཉིས་ཆོས་ཅན། རང་གི་གཞལ་བྱ་ལ་སྒྲོ་འདོགས་གཅོད་པར་ཐལ་ལོ། །དེ་རྟོགས་པའི་ཕྱིར། རྟགས་སླ། འདོད་ན། ཡུལ་དེ་ལ་སྒྲོ་འདོགས་ཁྱོད་ཀྱིས་མི་གཅོད་པར་ཐལ། ཚད་མ་སྔ་མས་བཅད་ཟིན་པའི་ཕྱིར། གཞན་ཡང་། ཡིད་དཔྱོད་ཆོས་ཅན། དེར་ཐལ། རང་གི་རྟོགས་བྱ་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་ཐེ་ཚོམ་གྱི་སྒྲོ་འདོགས་མི་གཅོད་པའི་ཕྱིར། དེར་ཐལ། ཡིད་དཔྱོད་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། མ་འཁྲུལ་པའི་བློ་ཡིན་ན་རང་གི་གཞལ་བྱ་རྟོགས་པས་ཁྱབ་ཟེར་ན། སྣང་ལ་མ་ངེས་པའི་མངོན་སུམ་གསུམ་པོ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར།

གཉིས་པ་མ་རྟོགས་པའི་བློ་ལ་མཚན་ཉིད། དབྱེ་བ། སོ་སོའི་དོན་བཤད་པ་གསུམ། དང་པོ་ནི། རང་གི་གཞལ་བྱ་ལ་ངེས་པ་འདྲེན་མི་ནུས་པའི་བློ་ཡིན་པ་དེ། རང་མ་རྟོགས་པའི་བློའི་མཚན་ཉིད། དེ་ལ་དབྱེ་ན་མ་རྟོག །ལོག་རྟོག །ཐེ་ཚོམ་གསུམ་ཡོད། དང་པོ་ལ་དབྱེ་ན། སྣང་ལ་མ་ངེས་པའི་བློ་དང་། རྟོག་མེད་ལོག་ཤེས་གཉིས་ཡོད། རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་བ་ཡང་ཡིན། འཇུག་ཡུལ་རང་མཚན་ལ་ངེས་པ་འདྲེན་མི་ནུས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ་ཡིན་པ་དེ། རང་ཉིད་སྣང་ལ་མ་ངེས་ཀྱི་བློ་ཡིན་པའི་མཚན་ཉིད། དེ་ལ་དབྱེ་ན། སྣང་ལ་མ་ངེས་པའི་དབང་མངོན། ཡིད་མངོན། རང་རིག་མངོན་སུམ་གསུམ་ཡོད། དང་པོ་ནི། རང་གི་འཇུག་ཡུལ་རང་མཚན་གསལ་བར་སྣང་ཡང་ངེས་པ་འདྲེན་མི་ནུས་པའི་དབང་མངོན་ཡིན་པ་དེ། རང་ཉིད་སྣང་ལ་མ་ངེས་ཀྱི་དབང་མངོན་ཡིན་པའི་མཚན་ཉིད། དབྱེ་ན་གཟུགས་འཛིན་གྱི་དང་། སྒྲ་འཛིན་གྱི་དང་། དྲི་འཛིན་གྱི་དང་། རོ་འཛིན་གྱི་དང་། རེག་འཛིན་གྱི་དབང་མངོན་སྣང་ལ་མ་ངེས་ཀྱི་བར་ཡང་ཡོད་དེ། རྣམ་འགྲེལ་ལས། རྣམ་ཤེས་དོན་གཞན་ཞུགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །ཞེས་དང་།རྣམ་འགྲེལ་མངོན་སུམ་ལེའུ་ལས། །གཅིག་ཅར་རིགས་མི་མཐུན་སྐྱེ་ཡང་། །ཤིན་ཏུ་གསལ་བའི་སེམས་གཅིག་གིས། །ནུས་པ་ཉམས་པར་བྱ་བའི་ཕྱིར། །ཀུན་གཞི་ལས་གཞན་མཐོང་བ་མེད། །ཅེས་སོ། །

གཉིས་པ་བློ་རིག་བདུན་དུ་དབྱེ་བ་ལ། ཡིད་དཔྱོད། སྣང་ལ་མ་ངེས། བཅད་ཤེས། ལོག་ཤེས། ཐེ་ཚོམ། མངོན་སུམ། རྗེས་དཔག་དང་བདུན་ཡོད། དང་པོ་ཡིད་དཔྱོད་ཀྱི་རྣམ་གཞག་འཆད་པ་ལ། སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོའི་སྒྲ་བྱུང་འགོག་པའི་ལེའུ་ལས། སྒྲ་ཡིས་བརྗོད་པར་བྱ་བའི་དོན། །ཇི་བཞིན་དོན་ནི་བརྟགས་པ་གང་། །ཞེས་པའི་དོན་དེ་སློབ་དཔོན་ཞི་འཚོའི་ཚད་ཆེན་སྒྲ་བྱུང་འགོག་པའི་ལེའུ་ལས། སྒྲ་ལས་བྱུང་བ་གང་ཡིན་པ། །ཞེས་པ་ནས། རྗེས་སུ་དཔག་པའང་མ་ཡིན་ཏེ། །དེ་ཡི་མཚན་ཉིད་བྲལ་ཕྱིར་རོ། །ཞེས་པའི་གཞུང་འདི་བྱུང་། རང་ལུགས་ལ། ཡིད་དཔྱོད་ཀྱི་མཚན་ཉིད་བཤད་པ་དང་། དོགས་པ་བཅད་པ་གཉིས། དང་པོ་ནི། མྱོང་སྟོབས་དང་རང་གི་རྟེན་གཏན་ཚིགས་གཉིས་གང་རུང་ལ་བརྟེན་ནས་དངོས་སུ་སྒྲོ་འདོགས་གཅོད་པའི་ངེས་པ་གཉིས་གང་རུང་དང་བྲལ་ཞིང་། རང་ཡུལ་བདེན་པ་ལ་མཐའ་གཅིག་ཏུ་གསར་དུ་ཞེན་པའི་བློ་ཡིན་པ་དེ། ཡིད་དཔྱོད་ཀྱི་མཚན་ཉིད། མྱོང་སྟོབས་ཞེས་པས་མངོན་སུམ་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད། རང་གི་རྟེན་གཏན་ཚིགས་ལ་བརྟེན་ནས་དངོས་སུ་སྒྲོ་འདོགས་གཅོད་པའི་ངེས་པ་དང་བྲལ་ཞེས་པས་རྗེས་དཔག་དང་དེའི་གཞི་མཐུན་ཡོད་པ་གཅོད། རང་ཡུལ་བདེན་པ་ཞེས་པས་ལོག་ཤེས་དང་དེའི་གཞི་མཐུན་ཡོད་པ་གཅོད། མཐའ་གཅིག་ཏུ་ཞེས་པས་ཐེ་ཚོམ་དང་དེའི་གཞི་མཐུན་ཡོད་པ་གཅོད། གསར་དུ་ཞེས་པས་བཅད་ཤེས་དང་དེའི་གཞི་མཐུན་ཡོད་པ་གཅོད་པ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་རྒྱུ་མཚན་ཅན་གྱི་ཡིད་དཔྱོད་དང་། རྒྱུ་མཚན་མེད་པའི་ཡིད་དཔྱོད་གཉིས་ཡོད། ཆ་པས་མཚན་ཉིད་དེ་ལྟར་དུ་བཞེད་པ་ལ། བོད་གངས་ཅན་གྱི་མཁས་པ་ཁ་ཅིག་ན་རེ། ཡིད་དཔྱོད་ཀྱིས་རང་ཡུལ་ངེས་པ་དང་། རྒྱུ་མཚན་ལ་བརྟེན་ཟེར་བ་དེ་གཉིས་མི་འཐད་པར་ཐལ། དེ་ལྟར་འཐད་ན་མངོན་སུམ་དང་རྗེས་དཔག་གང་རུང་ལས་མ་འདས་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཟེར། དེ་མི་འཐད་པར་ཐལ། རྒྱུ་མཚན་ལ་བརྟེན་ནས་ངེས་པ་ཡིན་ན། མངོན་སུམ་དང་རྗེས་དཔག་གང་རུང་ཡིན་མི་དགོས་པའི་ཕྱིར། དེར་ཐལ། རྒྱུ་མཚན་ལ་བརྟེན་ནས་ངེས་པ་དེ་ལ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་ངེས་པ་དང་། རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་ངེས་པ་གཉིས་ཡོད་པའི་ཕྱིར། དེར་ཐལ། རྒྱུ་མཚན་ཡང་དག་ལ་བརྟེན་པའི་ངེས་པ་དེ་ལ་ཡང་ངེས་པ་ཡང་དག་དང་ངེས་པ་ལྟར་སྣང་གཉིས་ཡོད་པ་གང་ཞིག །རྒྱུ་མཚན་ལྟར་སྣང་ལ་བརྟེན་པའི་ངེས་པ་དེ་ལ་ཡང་དེ་གཉིས་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ། ཕྱི་རྒོལ་གྱིས་ཚད་མའི་སྟོབས་ཀྱིས་སྒྲ་མི་རྟག་པ་ལ་སྒྲོ་འདོགས་མ་ཆོད་པའི་སྔ་རོལ་ཏུ་ཚིག་སྤྱི་ཙམ་གྱི་གོ་བ་ལེགས་པར་ཆགས་པའི་ངེས་པ་དེ། རྒྱུ་མཚན་ཡང་དག་ལ་བརྟེན་པའི་ངེས་པ་ལྟར་སྣང་དང་། ཚད་མའི་སྟོབས་ཀྱིས་སྒྲོ་འདོགས་ནམ་ཆོད་པ་དང་དུས་མཉམ་དུ་རྒྱུ་མཚན་ཡང་དག་ལ་བརྟེན་པའི་ངེས་པ་ཡང་དག་དང་རྗེས་དཔག་ཚད་མར་གྱུར་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པ་དེ་སྤྱིར་སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའ་བའི་ཡུལ་ཡང་དག་ཡིན་ཀྱང་རྒོལ་བ་འགའ་ཞིག་གི་བློ་ལ་ལྟོས་ཏེ་དམ་བཅའ་ལྟར་སྣང་དུ་སོང་བ་ཡོད་པའི་ཕྱིར། དེར་ཐལ། བྱས་པ་དེ་སྤྱིར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཀྱང་། རྒོལ་བ་འགའ་ཞིག་གི་བསམ་པ་ལ་ལྟོས་ཏེ་གཏན་ཚིགས་ལྟར་སྣང་དུ་སོང་ནས། དེ་རྗེས་གཏན་ཚིགས་ཡང་དག་ཏུ་སོང་བའི་ས་མཚམས་སོ་སོ་ནས་འཇོག་རྒྱུ་ཡོད་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། རྒྱུ་མཚན་ལྟར་སྣང་ལ་བརྟེན་པའི་ངེས་པ་དེ་ལ་ཡང་ཐེ་ཚོམ་དང་བཅས་པའི་ངེས་པ་གཅིག་དང་། ཐེ་ཚོམ་མེད་པའི་ངེས་པ་གཅིག་དང་གཉིས་ཡོད་པའི་ཕྱིར། དེར་ཐལ། ངོ་ཤེས་པའི་རྟགས་ཀྱིས་བདག་རྟག་པར་བསྒྲུབ་པ་དང་། ལུས་སེམས་རྫས་གཅིག་པའི་རྟགས་ཀྱིས་སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་པ་ལྟ་བུ་གཉིས་ཀྱིས་ཐེ་ཚོམ་མེད་པའི་ངེས་པ་ནམ་སྐྱེས་པ་ན་གང་ཟག་དེ་དག་གི་རྒྱུད་ཀྱི་རྟགས་དེ་དག་ལ་བརྟེན་པའི་ཤེས་རབ་དེ་གཉིས་ཀྱི་དང་པོ་རྟག་ལྟ་དང་། གཉིས་པ་ཆད་ལྟར་གྱུར་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ལྟ་བ་དེ་གཉིས་པོ་གང་རུང་གི་ངོ་བོར་གྱུར་པའི་ཡིད་དཔྱོད་ཡོད་པར་ཐལ། དེ་གཉིས་གང་རུང་གི་ངོ་བོར་གྱུར་པའི་མོས་མནོའི་ངེས་པ་ཡོད་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། ལྟ་བ་དེ་གཉིས་པོ་ཆོས་ཅན། རང་ཡུལ་ངེས་པར་ཐལ། རང་ཡུལ་ལ་ངེས་པ་འདྲེན་ནུས་པའི་ཕྱིར་ན་མ་ཁྱབ 

གཉིས་པ་སྣང་ལ་མ་ངེས་པའི་བློ་བཅད་ཤེས་སོགས་བློ་དུ་མའི་རྣམ་གཞག་འཆད་པ་ལ། སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱ་བ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་བྱུང་། འདིའི་སྐབས་སུ་སྣང་ལ་མ་ངེས་པའི་བློའི་མཚན་ཉིད། དབྱེ་བ། རྩོད་པ་སྤོང་བ་དང་གསུམ། དང་པོ་མཚན་ཉིད་ནི། རང་གི་འཇུག་ཡུལ་རང་མཚན་གསལ་བར་སྣང་བ་ཡང་ཡིན་རང་ཡུལ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ་དེ། སྣང་ལ་མ་ངེས་པའི་བློའི་མཚན་ཉིད། དེ་ལ་དབྱེ་ན་རང་ཡིན་པར་གྱུར་པའི་དབང་མངོན། ཡིད་མངོན། རང་རིག་མངོན་སུམ་གསུམ་ཡོད། རྣལ་འབྱོར་མངོན་སུམ་ལ་སྣང་ལ་མ་ངེས་པ་མེད་དེ། རྣལ་འབྱོར་མངོན་སུམ་ལ་གང་སྣང་ངེས་པས་ཁྱབ་པའི་ཕྱིར། དང་པོ་སྣང་ལ་མ་ངེས་པའི་དབང་མངོན་གྱི་མཚན་གཞི་ནི། མིག་གིས་གཟུགས་ཡིད་འོང་མཐོང་བ་ལ་ལྷག་པར་ཆགས་པའི་གནས་སྐབས་ཀྱི་རྣ་བས་སྒྲ་ཆེན་པོ་ཐོས་པའི་སྒྲ་འཛིན་དབང་མངོན་ལྟ་བུ་དང་། མིག་ཤེས་སོགས་ལའང་རིགས་འདྲ། སྣང་ལ་མ་ངེས་པའི་ཡིད་མངོན་གྱི་མཚན་གཞི། དུས་མཐའི་སྐད་ཅིག་མ་གཅིག་གི་དབང་དུ་བྱས་པའི་ཡིད་མངོན་དང་། རང་རིག་ལའང་རིགས་འདྲ། རྩོད་པ་སྤོང་བ་ལ། རིགས་གཏེར་མཁན་པོ་རྗེས་འབྲང་དང་བཅས་པ་ཁ་ཅིག་ན་རེ། ཆ་པས་སྣང་ལ་མ་ངེས་པའི་བློའི་མཚན་ཉིད་ཀྱི་ཟུར་དུ་མ་ངེས་ཞེས་སྨྲས་པ་དེ་མི་འཐད་པར་ཐལ། དེ་ལྟར་ན་མངོན་སུམ་ཐམས་ཅད་སྣང་ལ་མ་ངེས་པའི་བློར་འགྱུར་བ་ཡིན་པའི་ཕྱིར། དེར་ཐལ། མངོན་སུམ་གྱིས་རང་ཡུལ་ངེས་པ་མེད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རང་འགྲེལ་ལས་མངོན་སུམ་ནི་གང་གིས་ཀྱང་ངེས་པར་བྱེད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི་མངོན་སུམ་རྟོག་བྲལ་ཡིན་པས་ངེས་ཤེས་ངེས་རྟོག་གིས་ངེས་མི་ནུས་ཞེས་པ་ལུང་དེའི་དོན་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མཛོད་ལས། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །ཅེས་གསུངས་བའི་ཕྱིར། དེ་ལྟར་མ་ཡིན་པར་ཁྱེད་རང་ལྟར་ན་དཔལ་ལྡན་ཆོས་གྲགས་ལ་ནང་འགལ་ཡོད་པར་འགྱུར་ཚུལ་འདི་ལྟར། སྡུག་བདེན་མི་རྟག་པར་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་སྡུག་བདེན་མི་རྟག་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་མ་ངེས་པར་ཐལ། ཁྱོད་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་ཁྱོད་ཀྱི་རང་འགྲེལ་གྱི་ལུང་དོན་ལ་ཁས། གོང་དུ་འདོད་མི་ནུས་ཏེ། རྣལ་འབྱོར་མངོན་སུམ་ལ་སོ་སྐྱེ་ལྟར་རང་ཡུལ་སྣང་ལ་མ་ངེས་པ་ཅིག་མེད་པའི་ཕྱིར། དེར་ཐལ། རྣལ་འབྱོར་མངོན་སུམ་ཡིན་ན། རང་ཡུལ་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་ངེས་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་པའི་ཚིག་ཟུར་གྱི་བློ་གྲོས་ཆེན་པོས་ཞེས་པ་དང་། རྣམ་པ་ཐམས་ཅད་ཅེས་པ་དང་། ངེས་པར་བྱེད་པ་གསུམ་གྱི་དོན་སོ་སོ་ནས་བསྡུས་ནས་འཆད་ཚུལ་ཅིག་ཡོད་པའི་ཕྱིར། ཁ་ཅིག། །རང་ཡུལ་དུ་གྱུར་པའི་འདུས་བྱས་མངོན་སུམ་དུ་མཐོང་བའི་མངོན་སུམ་ཡིན་ན། རང་ཡུལ་དེ་དང་གྲུབ་བདེ་རྫས་གཅིག་པ་མཐའ་དག་མངོན་སུམ་དུ་མཐོང་པས་ཁྱབ་པར་ཐལ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འདོད་ན། དེའི་ཚིག་ཟུར་གྱི་བློ་གྲོས་ཆེན་པོས་ཞེས་སྨྲས་པ་ལ་དགོས་པ་མེད་པར་ཐལ། ཁྱོད་ཀྱིས་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་མངོན་སུམ་ལ་སྦྱོར་རིགས་པའི་ཕྱིར། ཁ་ཅིག། །རང་ཡུལ་དུ་གྱུར་པའི་འདུས་བྱས་མངོན་སུམ་དུ་མཐོང་བའི་མངོན་སུམ་ཡིན་ན། རང་ཡུལ་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། རྣམ་འགྲེལ་ལས། ཚད་མ་གཞན་གྱིས་བརྟགས་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་ཆོས་ཅན། ཁྱོད་ཀྱིས་སྒྲ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲ་མི་རྟག་པར་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་སྔ་རྒོལ་མཁས་པས་སྒྲ་མི་རྟག་པར་སྒྲུབ་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་དེ་མངོན་སུམ་དུ་མཐོང་ན་ཆོས་དེ་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང་། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་ཆོས་ཅན། ཁྱོད་ཀྱིས་ཟླ་གཅིག་ཟླ་གཉིས་སུ་མངོན་སུམ་དུ་རྟོགས་པར་ཐལ། ཁྱོད་ཀྱིས་ཟླ་གཅིག་ཟླ་གཉིས་སུ་མངོན་སུམ་དུ་མཐོང་བའི་ཕྱིར། དེར་ཐལ། ཁྱོད་ཀྱིས་དེ་ལྟར་གསལ་བར་མཐོང་བའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། གཞན་ཡང་། བུམ་པ་མངོན་སུམ་དུ་རྟོགས་པའི་དབང་མངོན་ཚད་མ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། རང་ཡུལ་ཡོད་མེད་གང་རུང་དུ་མ་ངེས་པའི་ཕྱིར། ཁྱབ་སྟེ། རང་ཡུལ་ཡོད་མེད་གང་རུང་དུ་མ་ངེས་ན་ཚད་མ་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཚད་མ་ཡིན་ན། རང་ཡུལ་ཡོད་མེད་གང་རུང་དུ་ངེས་པས་ཁྱབ་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས།ཡོད་མེད་ངེས་པའི་འབྲས་ཅན་མིན། །དེས་ན་ཚད་མ་ཉིད་མི་ལྡན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དབང་མངོན་གྱིས་ཡོད་པའོ་མེད་པའོ་སྙམ་དུ་ངེས་རྟོག་མེད་པའི་དོན་ཡིན་པའི་ཕྱིར། 

གསུམ་པ་བཅད་ཤེས་ཀྱི་རྣམ་གཞག་འཆད་པ་ལ། སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་ལས། ཡང་ཡང་ཤེས་པ་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་དང་། རྣམ་འགྲེལ་ལས། བྱ་བ་གྲུབ་ཅན་ལས་ལ་ནི། །གང་ཞིག་རང་གི་ལས་མི་བྱེད། །ཅེས་དང་། པཎ་ཆེན་ཆོས་མཆོག་གི་འཐད་ལྡན་ཆེ་བ་ལས། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་སྐད་ཅིག་མ་དང་པོ་ནི་ཚད་མ་ཡིན་ལ། གྲུབ་པ་དང་བདེ་བ་ཐ་མི་དད་པས་སྐད་ཅིག་མ་གཉིས་པ་དག་ནི་ཚད་མ་ཡིན་པ་སྤངས་པའོ། །ཞེས་གསུངས། འདིའི་སྐབས་སུ་བཅད་ཤེས་ཀྱི་མཚན་ཉིད། དབྱེ་བ། རྩོད་པ་སྤོང་པ་དང་གསུམ། དང་པོ་མཚན་ཉིད་ནི། རྟོགས་ཟིན་རྟོགས་པའི་རིག་པ་བཅད་ཤེས་ཀྱི་མཚན་ཉིད། གཉིས་པ་ནི་དེ་ལ་དབྱེ་ན། མངོན་སུམ་གྱི་རྒྱུན་དུ་གྱུར་པའི་དེ་དང་། རྗེས་དཔག་གི་རྒྱུན་དུ་གྱུར་པའི་དེ་དང་། དེ་གཉིས་གང་རུང་མ་ཡིན་པར་གྱུར་པའི་དེ་དང་གསུམ་ཡོད། དང་པོ་མངོན་སུམ་གྱི་བཅད་ཤེས་དེ་ལ་དབྱེ་ན་དུ་མ་ཡོད་དེ་། དབང་མངོན་གྱི་བཅད་ཤེས། ཡིད་མངོན་གྱི་བཅད་ཤེས། རང་རིག་མངོན་སུམ་གྱི་བཅད་ཤེས། རྣལ་འབྱོར་མངོན་སུམ་གྱི་བཅད་ཤེས། དེ་གང་རུང་མ་ཡིན་པའི་བཅད་ཤེས་དང་ལྔ་ཡོད། དང་པོའི་མཚན་གཞི་ནི།དབང་མངོན་ལྔའི་སྐད་ཅིག་གཉིས་པ་ལྟ་བུ། གཉིས་པ་ནི། གཞན་སེམས་ཤེས་པའི་མངོན་ཤེས་ཡིད་མངོན་ལ་བྱས་ནས་དེ་སྐད་ཅིག་གཉིས་པ་ལྟ་བུའོ། །འོ་ན། ཡིད་མངོན་སྔར་དུས་མཐའི་སྐད་ཅིག་མར་བཤད་པ་ལྟར་རྣམ་འགྲེལ་རིགས་ཐིག་སོགས་ནས་ཀྱང་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་དབང་མངོན་དང་པོ་ལྔས་དྲངས་པའི་ཡིད་མངོན་ལ་དགོངས་པ་ཡིན་གྱི། འདིར་ཐེག་དམན་པའི་གཞན་སེམས་ཤེས་པའི་མངོན་ཤེས་ཡིད་མངོན་ལ་བྱས་ནས་དེའི་དབང་དུ་བྱས་ནས་བཤད་པ་ཡིན་པའི་ཕྱིར། དེར་ཐལ། རིགས་ཐིག་དར་ཊཱིཀ་ལས། གཞན་སེམས་ཤེས་པའི་མངོན་ཤེས་མངོན་སུམ་ཡིན་མོད་ཀྱི། ཞེས་པ་ནས། གལ་ཏེ་སྡུད་ན་ཡིད་ཀྱི་མངོན་སུམ་ལ་མི་འདྲ་བ་གཉིས་སུ་དབྱེ་ནས་ཡིད་ཀྱི་མངོན་སུམ་དུ་སྡུད་པར་རིགས་སམ་ཤིན་ཏུ་ཕྲ་བའི་བློ་གྲོས་ཅན་གྱིས་དཔྱད་པར་བྱའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་དེ་གང་རུང་མ་ཡིན་པའི་བཅད་ཤེས་དེ་ལ་དབྱེ་ན། མངོན་སུམ་གྱིས་དྲངས་པའི་རྟོག་པ་བཅད་ཤེས་དང་། རྗེས་དཔག་གིས་དྲངས་པའི་རྟོག་པ་བཅད་ཤེས་དང་། དེ་གང་རུང་མ་ཡིན་པའི་དེ་དང་གསུམ་ཡོད། དང་པོ་ནི། གཟུགས་འཛིན་དབང་པོའི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ལྟ་བུ་དང་། གཉིས་པ་ནི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་དྲངས་པའི་ངེས་ཤེས་ལྟ་བུ། གསུམ་པ་ནི། ཚད་མ་དང་གསར་དུ་མི་སླུ་བའི་རིག་པ་སྐད་ཅིག་གཉིས་པ་ལྟ་བུ། གསུམ་པ་སྒྲུབ་བྱེད་འགོད་པ་ལ། ལུང་གི་སྒྲུབ་བྱེད་འགོད་པ་དང་། རིགས་པའི་སྒྲུབ་བྱེད་འགོད་པ་གཉིས་ལས། དང་པོ་ནི། ལུང་གི་སྒྲུབ་བྱེད་འགོད་པ་སྔར་བཞིན་སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་དང་། སློབ་དཔོན་ཆོས་གྲགས་ཀྱི་རྣམ་འགྲེལ་དང་། ཆོས་མཆོག་གི་འཐད་ལྡན་ཆེ་བ་དག་ལས་ལུང་དྲངས་ནས་བཤད་མ་ཐག་ཡིན་པའི་ཕྱིར། གཉིས་པ་ནི། སྔོན་འཛིན་མངོན་སུམ་སྐད་ཅིག་གཉིས་པ་ཆོས་ཅན། སྔོན་པོ་ལ་ཚད་མ་མ་ཡིན་པར་ཐལ། དེ་ལ་བཅད་ཤེས་ཡིན་པའི་ཕྱིར་ཟེར་ན། འོ་ན་ཤེས་པ་དེ་ཡུལ་དེ་ལ་བཅད་ཤེས་ཡིན་ན། ཤེས་པ་དེ་ཡུལ་དེའི་ཆོས་གང་ལ་ཡང་ཚད་མ་མ་ཡིན་པས་ཁྱབ་པར་ཐལ། སྔོན་པོ་ལ་དེའི་ཕྱིར། རྟགས་དོན་གྱིས་ཁས། འདོད་ན། ཤེས་པ་དེ་སྒྲ་ལ་བཅད་ཤེས་ཡིན་ན། ཤེས་པ་དེ་སྒྲའི་ཆོས་གང་ལ་ཡང་ཚད་མ་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། ཁྱོད་སྒྲའི་ཆོས་གང་ལ་ཡང་ཚད་མ་མ་ཡིན་པར་ཐལ། ཁྱོད་སྒྲ་ལ་བཅད་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྒྲ་ལ་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་བྱས་པར་ཚད་མས་ངེས་ནས་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ལ་སྒྲོ་འདོགས་ཆོད་པའི་དྲན་པ་མ་ཉམས་པའི་སྒོ་ནས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཕྱོགས་གླང་གི་ཚད་མ་མདོ་ལས། རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྗེས་དཔག་ཅེས་པས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང་རྟགས་འཛིན་སེམས་དེ་བསྟན། རྗེས་སུ་དཔག་ལས་བྱུང་ཞེས་པས་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཅན་རྗེས་དཔག་དེ་སྐྱེ་ཚུལ་བསྟན་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་དཔྱོད་སྐད་ཅིག་གཉིས་པ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། དེ་སྐད་ཅིག་དང་པོས་ཁྱོད་རྟོགས་པ་གང་ཞིག། །དེ་སྐད་ཅིག་གཉིས་པས་ཀྱང་ཁྱོད་རྟོགས་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། ཡིད་དཔྱོད་སྐད་ཅིག་དང་པོ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པར་ཐལ། ཁྱོད་ཀྱི་དབང་གིས་དྲངས་པའི་ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་ཡིད་དཔྱོད་ཙམ་གྱིས་ངེས་པའི་བློ་ཡིན་པའི་ཕྱིར། ཡང་ཁ་ཅིག། །རྟོགས་ཟིན་རྟོགས་པའི་རིག་པ་ལ་འཁྲུལ་ནས་ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་མངོན་སུམ་ཚད་མ་ཡིན་གྱི། དེ་ཕན་ཆད་ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་དང་། ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་དང་། སྒོམ་ལམ་རྣམ་གྲོལ་ལམ་སོགས་བཅད་ཤེས་ཡིན་ཟེར་ན། འོ་ན། རྒྱུན་ཞུགས་རིགས་ནས་རིགས་སུ་སྐྱེ་བའི་སྐྱེ་བ་གཉིས་པ་བའི་རྒྱུད་ཀྱི་སྒོམ་ལམ་བར་ཆད་མེད་ལམ་ཆོས་ཅན། རང་འདྲེན་བྱེད་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་གྱིས་གང་ཟག་གི་བདག་མེད་དང་ཕུང་པོ་མི་རྟག་པ་མངོན་སུམ་དུ་རྟོགས་པ་ལ་བྱེད་པ་མ་ཉམས་པའི་བློ་ཡིན་པར་ཐལ། དེའི་དབང་གིས་དྲངས་པའི་བཅད་ཤེས་ཡིན་པའི་ཕྱིར། འདོད་ན། རང་གི་སྔ་རོལ་དེ་མ་ཐག་ཏུ་ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་ལ་བྱེད་པ་མ་ཉམས་པའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྐྱེ་བ་བརྗེས་ནས་བར་དུ་སྒྲོ་འདོགས་ལྷན་སྐྱེས་སོགས་དུ་མ་མངོན་དུ་གྱུར་བའི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་དང་ཕུང་པོ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་བློ་ཡིན་པའི་ཕྱིར། གཞན་ཡང་། དེ་འདྲ་རྒྱུན་ཞུགས་རིགས་ནས་རིགས་སྐྱེས་ཀྱི་སྐྱེ་བ་གཉིས་པ་བའི་རྒྱུད་ཀྱི་སྒོམ་ལམ་བར་ཆད་མེད་ལམ་ཆོས་ཅན། རང་འདྲེན་བྱེད་ཀྱི་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་གྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་བྱེད་པ་མ་ཉམས་པའི་སྒོ་ནས་དྲངས་པའི་བཅད་ཤེས་ཡིན་པར་ཐལ། དེས་དྲངས་པའི་བཅད་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། བཅད་ཤེས་ལ་རང་འདྲེན་བྱེད་ཀྱི་བློ་སྔ་མས་རྟོགས་ཟིན་བྱེད་པ་མ་ཉམས་པའི་སྒོ་ནས་དྲངས་པའི་བློ་ཡིན་དགོས་པའི་ཕྱིར།ཞེས་འཆད་པར་བྱེད་པ་ལ། རྣམ་འགྲེལ་ལས། བྱ་བ་བསྒྲུབས་ཅན་ལས་ལ་ནི། །ཁྱད་པར་ཅུང་ཟད་མི་བྱེད་པའོ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། རྒྱུན་ཞུགས་རིགས་ནས་རིགས་སུ་སྐྱེ་བའི་སྐྱེ་བ་གཉིས་པ་བས་ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་མ་ཐོབ་ཀྱི་བར་དུ་མཐོང་ལམ་བར་ཆད་མེད་ལམ་གྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་ལ་བྱེད་པ་ཉམས་པ་མི་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ།རྒྱུན་ཞུགས་སྐུ་གཤེགས་ཁར་བདག་ཆགས་ཀྱི་སྲེད་པ་མངོན་དུ་འགྱུར་ཀྱང་དང་དུ་མི་ལེན་པ་ཡིན་པའི་ཕྱིར། དེར་ཐལ། རྒྱུན་ཞུགས་དང་ཕྱིར་འོང་ལ་དེ་ལྟར་ཡོད་པ་བྱང་ཆུབ་ལམ་རིམ་ལས་གསུངས་པའི་ཕྱིར་རོ། །གཞན་ཡང་། སྔོན་པོ་འཇལ་བྱེད་ཀྱི་མིག་ཤེས་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། སྔོན་པོ་འཇལ་བྱེད་ཀྱི་ཚད་མ་གང་ཞིག་སྔོན་པོ་ཚད་མས་རྟོགས་ཟིན་པའི་ཕྱིར་ཟེར་ན་མ་ཁྱབ།

བཞི་པ་ལོག་ཤེས་ཀྱི་རྣམ་གཞག་འཆད་པ་ལ། སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་ལས། ཡོན་ཏན་སྤྱི་ནས་གཅིག་པ་ལ། །འཁྲུལ་པའི་ལོག་པའི་ཤེས་པར་གྱུར། །ཞེས་གསུངས། འདིའི་སྐབས་སུ་ལོག་ཤེས་ཀྱི་མཚན་ཉིད། དབྱེ་བ། རྩོད་པ་སྤོང་པ་དང་གསུམ། དང་པོ་ལ་ཁ་ཅིག །རང་གི་ཞེན་ཡུལ་མེད་པའི་ཤེས་པ་དེ་ལོག་ཤེས་ཀྱི་མཚན་ཉིད་ཟེར་ན། ས་གཞི་ཐམས་ཅད་ཆུས་གང་བར་མོས་པའི་ཟད་པར་གྱི་ཏིང་ངེ་འཛིན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན་ས་གཞི་ཐམས་ཅད་ཆུས་གང་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་རང་གི་ལུགས་ལ་ལོག་ཤེས་ཀྱི་མཚན་ཉིད་ནི། རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བའི་རིག་པ་དེ། རང་ཉིད་ལོག་ཤེས་ཡིན་པའི་མཚན་ཉིད། དེ་ལ་དབྱེ་ན། རྟོག་མེད་དུ་གྱུར་པའི་ལོག་ཤེས་དང་། རྟོག་པར་གྱུར་པའི་ལོག་ཤེས་གཉིས་ཡོད། དང་པོའི་མཚན་ཉིད་ནི། རང་གི་འཛིན་སྟངས་ལ་འཁྲུལ་བའི་གསལ་སྣང་ཅན་གྱི་རིག་པ་དེ། རྟོག་མེད་དུ་གྱུར་བའི་ལོག་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། དབང་ཤེས་སུ་གྱུར་བའི་དེ་དང་། ཡིད་ཤེས་སུ་གྱུར་བའི་དེ་གཉིས་ཡོད། དང་པོའི་མཚན་ཉིད་ནི། རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བའི་གསལ་སྣང་ཅན་གྱི་དབང་ཤེས་སུ་གྱུར་བའི་རིག་པ་དེ། རྟོག་མེད་ལོག་ཤེས་སུ་གྱུར་བའི་དབང་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་བ་ལྔ་ཡོད། གཉིས་པའི་མཚན་ཉིད་ནི། རང་གི་འཛིན་སྟངས་ལ་འཁྲུལ་བའི་གསལ་སྣང་ཅན་གྱི་ཡིད་ཤེས་སུ་གྱུར་བའི་རིག་པ་དེ། རྟོག་མེད་ལོག་ཤེས་སུ་གྱུར་བའི་ཡིད་ཤེས་ཀྱི་མཚན་ཉིད། མཚན་གཞི་ནི། སྒྲ་རྟག་པར་གསལ་བར་སྣང་བའི་ཡིད་ཤེས་ལྟ་བུ་ཡིན། རང་གི་ཞེན་ཡུལ་ལ་འཁྲུལ་བའི་ཞེན་རིག་དེ། རྟོག་པར་གྱུར་བའི་ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི་རི་བོང་རྭ་འཛིན་དང་། གང་ཟག་གི་བདག་འཛིན་གྱི་ཞེན་རིག་ལྟ་བུ 

ལྔ་པ་ཐེ་ཚོམ་གྱི་རྣམ་གཞག་འཆད་པ་ལ། སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་ལས། དེ་ཡི་ཕྱིར་དེ་དེར་སྣང་ལ། །ཐེ་ཚོམ་ཟ་བར་རིགས་ཞེ་ན། །ཞེས་པའི་གཞུང་འདི་བྱུང་། འདིའི་སྐབས་སུ་མཐའ་དཔྱད་པ་ལ་དགག་གཞག་སྤང་གསུམ། དང་པོ་ལ་ཁ་ཅིག། །རང་ཡུལ་ལ་རྩེ་གཉིས་པའི་བློ་ཐེ་ཚོམ་གྱི་མཚན་ཉིད། ཐེ་ཚོམ་ལ་དབྱེ་ན། དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་གསུམ་ཡོད། སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་ལས་ཆེ་སྙམ་པའི་ཐེ་ཚོམ་དེ་དོན་འགྱུར་གྱི་ཐེ་ཚོམ་ཡིན། སྒྲ་རྟག་གམ་མི་རྟག་ཕལ་ཆེར་རྟག་ལས་ཆེ་སྙམ་པའི་ཐེ་ཚོམ་དེ་དོན་མི་འགྱུར་གྱི་ཐེ་ཚོམ་ཡིན། སྒྲ་རྟག་གམ་མི་རྟག་སྙམ་དུ་རྩེ་གཉིས་མཉམ་པ་ལྟ་བུ་ཆ་མཉམ་པའི་ཐེ་ཚོམ་ཡིན་ཟེར་ན། འོ་ན། དེ་གསུམ་པོ་གང་རུང་ཡིན་ན་ཐེ་ཚོམ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་གཟུགས་ཕྱི་རོལ་དོན་གྱིས་གྲུབ་བམ་མ་གྲུབ་ཕལ་ཆེར་མ་གྲུབ་ལས་ཆེ་སྙམ་པའི་ཐེ་ཚོམ་ཆོས་ཅན། ཐེ་ཚོམ་ཡིན་པར་ཐལ། དེ་གསུམ་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། དོན་འགྱུར་གྱི་ཐེ་ཚོམ་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་དོན་འགྱུར་གྱི་ཐེ་ཚོམ་ཡོད་པའི་ཕྱིར། དེར་ཐལ། དེ་རྟོགས་དགོས་ཀྱི་ཉན་ཐོས་དགྲ་བཅོམ་པ་ཡོད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ཉོན་མོངས་ཡིན་པར་ཐལ། ཐེ་ཚོམ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་ཉོན་དྲུག་པོ་གང་རུང་ཡིན་ན་ཉོན་མོངས་ཡིན་པས་ཁྱབ་པ་གང་ཞིག། །རྩ་ཉོན་དྲུག་འདྲེན་ཚུལ་ཡོད་པའི་ཕྱིར། དེ་བཞིན་དུ་ཐེ་ཚོམ་དང་མཚུངས་ལྡན་གྱི་གཙོ་སེམས་འཕེན། ཡང་ཁ་ཅིག། །རང་ཡུལ་ལ་རྩེ་གཉིས་པའི་སེམས་བྱུང་དེ་དེའི་མཚན་ཉིད་ཟེར་ན། ཐེ་ཚོམ་དང་མཚུངས་ལྡན་གྱི་ཤེས་རབ་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་དང་མཚུངས་ལྡན་གྱི་སེམས་བྱུང་ཡིན་པའི་ཕྱིར། འདོད་ན། ལྟ་མིན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལྟ་བ་ཡིན་པའི་ཕྱིར། གཞན་ཡང་། ཐེ་ཚོམ་དང་མཚུངས་ལྡན་གྱི་ཚོར་བ་དང་། སེམས་པ་རེ་རེ་ནས་ཆོས་ཅན། ཐེ་ཚོམ་ཡིན་པར་ཐལ།རྩེ་གཉིས་པའི་བློ་ཡིན་པའི་ཕྱིར། འདོད་ན། རྩ་ཉོན་ཡིན་པར་ཐལ། ཐེ་ཚོམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་འགྲོ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་ཡུལ་ལ་རྩེ་གཉིས་པའི་རྣམ་པ་ཅན་གྱི་ཉོན་མོངས་དེའི་མཚན་ཉིད་ཟེར་ན། ཐེ་ཚོམ་དང་མཚུངས་ལྡན་གྱི་ཉེ་ཉོན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་སླ། འདོད་ན། རྩ་ཉོན་ཡིན་པར་ཐལ་ལོ། ཡང་ཁ་ཅིག །དེ་འདྲ་བའི་རྩ་ཉོན་དེ་དེའི་མཚན་ཉིད་ཟེར་ན། ཐེ་ཚོམ་དང་མཚུངས་ལྡན་གྱི་ཆགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་སླ། འདོད་མི་ནུས་ཏེ། དེ་དང་མཚུངས་ལྡན་གྱི་བློ་ཡིན་པའི་ཕྱིར། འཁོར་གསུམ། རང་ལུགས་ལ། རང་ཡུལ་ལ་རང་སྟོབས་ཀྱིས་བློ་རྩེ་གཉིས་པ་བྱེད་པའི་ཆ་ནས་བཞག་བའི་རྩ་ཉོན་དེ། ཐེ་ཚོམ་གྱི་མཚན་ཉིད། དེ་ལ་དབྱེ་ན་དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་གྱི་ཐེ་ཚོམ་དང་གསུམ་ཡོད། དང་པོ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་ལས་ཆེ་སྙམ་པའི་ཐེ་ཚོམ་ལྟ་བུ། གཉིས་པ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་རྟག་ལས་ཆེ་སྙམ་པའི་ཐེ་ཚོམ་ལྟ་བུ། གསུམ་པ་ནི། སྒྲ་རྟག་གམ་མི་རྟག་ཇི་འདྲ་བ་ཞིག་ཡིན་སྙམ་པའི་ཐེ་ཚོམ་ལྟ་བུ 

རྩ་བའི་ས་བཅད་དྲུག་པ་དང་བདུན་པ་མངོན་རྗེས་བཤད་པ་ལ། བློ་རིག་གསུམ་དུ་དབྱེ་བ་ནི། རང་མཚན་སྣང་ཡུལ་དུ་བྱེད་པའི་མངོན་སུམ་བཤད་པ་དང་། སྤྱི་མཚན་བཟུང་ཡུལ་དུ་བྱེད་པའི་རྟོག་པ་བཤད་པ་དང་། མེད་པ་གསལ་སྣང་ཅན་བཟུང་ཡུལ་བྱེད་པའི་རྟོག་མེད་ལོག་ཤེས་བཤད་པ་དང་གསུམ། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་ལས། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པའི་གཞུང་འདི་བྱུང་། གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་ཞེས་པའི་གཞུང་འདི་བྱུང་། གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པའི་གཞུང་འདི་བྱུང་། འདིའི་སྐབས་སུ་མཐའ་དཔྱད་པ་ལ།དགག་བཞག་སྤང་གསུམ། དང་པོ་ལ། ཁ་ཅིག། །སྒྲ་དོན་འདྲེས་པར་འཛིན་པའི་ཞེན་རིག་དེ། རྟོག་པའི་མཚན་ཉིད་ཟེར་ན། བ་ལང་གི་རྒྱུད་ཀྱི་བུ་འཛིན་རྟོག་པ་ཆོས་ཅན། སྒྲ་དོན་འདྲེས་པར་འཛིན་པའི་རྟོག་པ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲ་སྤྱི་འཛིན་པའི་རྟོག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བརྡ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་རྟོག་པ་ཡིན་པའི་ཕྱིར། ཡང་ཁ་ཅིག། །བརྡ་ཤེས་པའི་གང་ཟག་གི་རྒྱུད་ཀྱི་རྟོག་པ་ཡིན་ན། སྒྲ་དོན་འདྲེས་པར་འཛིན་པའི་རྟོག་པ་ཡིན་པས་ཁྱབ་ཟེར་ན། ཉན་ཐོས་ཀྱི་སྦྱོར་ལམ་དྲོད་ཀྱི་སྒོམ་བྱུང་དུ་གྱུར་པའི་རྟོག་པ་ཆོས་ཅན། སྒྲ་དོན་འདྲེས་པར་འཛིན་པའི་རྟོག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་སྤྱི་འཛིན་པའི་རྟོག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒོམ་བྱུང་དུ་གྱུར་བའི་བློ་ཡིན་པའི་ཕྱིར།

གཉིས་པ་རང་གི་ལུགས་ལ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དེ། རྟོག་པའི་མཚན་ཉིད་ཡིན་ཏེ། སྒྲ་དོན་འདྲེས་རུང་ཞེས་པས་སྒྲ་དོན་འདྲེས་པར་འཛིན་པས་མ་ཁྱབ་པ་དེ་བསྟན། ཞེན་རིག་ཅེས་པས་དེ་དང་རྟོག་བྲལ་གྱི་གཞི་མཐུན་ཡོད་པ་གཅོད་པ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་རྟོག་པ་དོན་མཐུན་དང་། དོན་མི་མཐུན་གཉིས་ཡོད། རང་ཡུལ་ཡོད་པའི་རྟོག་པ་དང་རྟོག་པ་དོན་མཐུན་དོན་གཅིག། །རང་ཡུལ་མེད་པའི་རྟོག་པ་དང་རྟོག་པ་དོན་མི་མཐུན་དོན་གཅིག །ཐབས་ཁྱད་པར་ཅན་གྱི་རྟོག་པ་དང་། ཟག་ཟད་གྱི་ཏིང་ངེ་འཛིན་དུ་གྱུར་བའི་རྟོག་པའི་ཡུལ་མེད་ཀྱང་། རང་ཡུལ་མེད་པའི་རྟོག་པ་མ་ཡིན་ནོ། །ཡང་དེ་ལ་དབྱེ་ན། ཐོས་བསམ་སྒོམ་གསུམ་དུ་གྱུར་བའི་དེ་གསུམ་ཡོད། སྒྲ་སྤྱི་ཙམ་གྱི་སྒོ་ནས་འཛིན་པའི་རྟོག་པ་དེ། ཐོས་བྱུང་དུ་གྱུར་བའི་རྟོག་པའི་མཚན་ཉིད། དོན་ལ་བསམ་ནས་ངེས་པ་རྙེད་པའི་ཞེན་རིག་དེ། བསམ་བྱུང་དུ་གྱུར་བའི་རྟོག་པའི་མཚན་ཉིད། བསམ་བྱུང་གི་དོན་ལ་ཡང་དང་ཡང་དུ་འདྲིས་པར་བྱས་པའི་ཁམས་གོང་མའི་སས་བསྡུས་ཀྱི་ཞེན་རིག་དེ། སྒོམ་བྱུང་དུ་གྱུར་བའི་རྟོག་པའི་མཚན་ཉིད།

རྩ་བའི་ས་བཅད་གཉིས་པ། བློ་རིག་དྲུག་ཏུ་དབྱེ་བ་ལ་དྲུག་ལས། ཚད་མ་དང་ཚད་མིན་གྱི་རྣམ་གཞག་འཆད་པ་ལ། སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་ལས། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ། །ཞེས་པའི་ཚད་མར་གྱུར་ཞེས་པའི་ཚད་མ་དེའི་མཚན་ཉིད་ཀྱི་ཟུར་གཅིག་སློབ་དཔོན་ཆོས་གྲགས་ཀྱིས་འཆད་པ་ལ། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་པ་དང་། དེའི་མཚན་ཉིད་ཀྱི་ཟུར་གཅིག་འཆད་པ་ལ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པའི་གཞུང་འདི་བྱུང་། ཚད་མའི་གྲངས་ངེས་དེ་ཉིད་འཆད་པར་བྱེད་པ་ལ། སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་པའི་དོན་སློབ་དཔོན་ཆོས་གྲགས་ཀྱིས་འཆད་པ་ལ། ལེའུ་གསུམ་པ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་གཞུང་འདི་བྱུང་། གྲངས་ངེས་ཀྱི་དགོས་པ་དེ་ཉིད་འཆད་པར་བྱེད་པ་ལ། རྣམ་འགྲེལ་ལེའུ་གསུམ་པ་ལས། དེའི་ཕྱིར་ཚད་མ་གཉིས་མཐོང་བའི། །གཅིག་དང་གསུམ་ལ་སོགས་པ་སེལ། །ཞེས་དང་། དེའི་དོན་ཐར་འབྱུང་སྦས་པས་འཆད་པ་ལ་རྟོག་གེའི་སྐད་ལས། གཉིས་ཞེས་སྨོས་པས་གཅིག་དང་གསུམ་དང་བཞི་དང་། ལྔ་དང་དྲུག་དང་བདུན་དུ་འདོད་པ་སེལ་བ་ཡིན་པའི་ཕྱིར། ཞེས་གསུངས། དེ་བཞིན་དུ་ཛེ་ཏཱ་རི་དང་། རིན་ཆེན་རྡོ་རྗེ་དང་། ཀཱ་མ་ལ་ཤཱི་ལ་སོགས་ཀྱིས་བཞེད་པ་ཡིན་པའི་ཕྱིར། མཐའ་དཔྱད་པ་ལ་དགག་གཞག་སྤང་གསུམ། དང་པོ་ནི། ཚད་མའི་ངོ་བོ་ལ་དཔྱད་པ། གྲངས་ངེས་ལ་དཔྱད་པ། གྲངས་ངེས་ཀྱི་དགོས་པ་ལ་དཔྱད་པ་དང་བཅས་པ་གསུམ། དང་པོ་ལ་ཁ་ཅིག། །མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་ཏེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་གསུངས་པའི་ཕྱིར་ཟེར་ན། མ་ཁྱབ། འོ་ན། བཅད་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། བཅད་ཤེས་ཡིན་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། རང་འདྲེན་བྱེད་ཀྱི་བློ་སྔ་མས་མ་རྟོགས་པའི་དོན་གསར་དུ་རྟོགས་པའི་བློ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། རང་འདྲེན་བྱེད་ཀྱི་བློ་སྔ་མས་ཡང་དང་ཡང་དུ་རྟོགས་ཟིན་པའི་བློ་གཅིག་ཚད་མ་ལ་འཇོག་ན་ཚད་མའི་གྲངས་ངེས་ཐུག་མེད་དུ་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། མ་ཤེས་དོན་གྱིས་གསལ་བྱེད་ཀྱང་། །ཞེས་པ་གཉིས་སྨོས་པའི་ནུས་པ་ཞིག་ཡོད་པའི་ཕྱིར། དེར་ཐལ། ཚད་མ་མདོ་ལས། ཡང་ཡང་ཤེས་པ་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་གསུངས་པའི་ཕྱིར། གཞན་ཡང་། མི་བསླུ་བའི་ཤེས་པ་ཡིན་ན། ཚད་མ་ཡིན་པས་མ་ཁྱབ་པར་ཐལ། ཚད་མའི་མཚན་ཉིད་ཀྱི་ཟུར་དུ་གསར་དུ་ཞེས་སྨོས་པས་རྟོགས་ཟིན་རྟོགས་པའི་རིག་པ་དང་བློ་གཞན་གྱིས་བཟུང་བ་ལ་སོགས་པ་ཚད་མ་ཡིན་པ་སེལ་བ་ཡིན་པའི་ཕྱིར། ཞེས་འཆད་པ་ལ་ཛེ་ཏཱ་རིའི་བྱིས་པ་འཇུག་པའི་རྟོག་གེ་ལས། མ་བཟུང་བ་འཛིན་པ་སྨོས་པས་ནི་དྲན་པ་ལ་སོགས་པ་བསལ་ལོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག། །མི་བསླུ་བ་དང་ཤེས་པ་ཞེས་པ་གཉིས་ཀྱིས་བསལ་བྱའི་ལོག་རྟོག་ཐ་དད་པ་མེད་ཟེར་བ་དང་། ཁ་ཅིག། །སྔ་མའི་བསལ་བྱ་ཡིན་ན་ཕྱི་མའི་བསལ་བྱ་ཡིན་པས་ཁྱབ། ཕྱི་མའི་བསལ་བྱ་ཡིན་ན་སྔ་མའི་བསལ་བྱ་ཡིན་པས་ཁྱབ་ཟེར་ན། འོ་ན། ཤེས་པ་ཞེས་པའི་དོན་ཚང་ན་མི་བསླུ་བ་ཞེས་བའི་དོན་ཚང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྨིག་རྒྱུ་ཆུར་འཛིན་གྱི་མིག་ཤེས་ཆོས་ཅན། ཁྱོད་ལ་མི་བསླུ་བ་ཞེས་པའི་དོན་ཚང་བར་ཐལ། ཤེས་པ་ཞེས་པའི་དོན་ཚང་པའི་ཕྱིར། དེར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་བཅད་དོན་རྙེད་པའི་ཤེས་པ་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཛེ་ཏཱ་རིས་བྱིས་པ་འཇུག་པའི་རྟོག་གེ་ལས། བསླུ་བ་མེད་པ་ཅན་ཞེས་སྨོས་པས་བསླུ་བར་བྱེད་པའི་སྨིག་རྒྱུ་ལ་ཆུར་འཛིན་པ་ལ་སོགས་པ་བསལ་ལོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། མི་བསླུ་བ་ཞེས་བའི་དོན་ཚང་ན་ཤེས་པ་ཞེས་པའི་དོན་ཚང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མེས་བཙོ་བ་དང་བསྲེགས་པ་ལ་ཆོས་ཅན། ཤེས་པ་ཞེས་པའི་དོན་ཚང་བར་ཐལ། མི་བསླུ་བ་ཞེས་པའི་དོན་ཚང་བའི་ཕྱིར། དེར་ཐལ། མི་བསླུ་བ་ཡིན་པའི་ཕྱིར། དེར་ཐལ། སྐབས་འདིར་མི་བསླུ་བ་དེ་ལ་ཡུལ་མི་བསླུ་བ་དང་ཡུལ་ཅན་མི་བསླུ་བ་གཉིས་ཡོད་པའི་ཕྱིར་ཞེས་འཆད་པ་ལ། སློབ་དཔོན་ལྷ་དབང་བློའི་འགྲེལ་པ་ལས། དོན་གྱི་རང་གི་ནུས་པ་གྲུབ་ནས་ཇི་ལྟར་འདོད་པའི་དོན་དེ་ལྟ་བུའི་ངོ་བོ་ནི་མི་བསླུ་བ་ནི་ཡུལ་གྱི་ཆོས་དང་། ཞེས་དང་། ཡང་དེ་ཉིད་ལས། ཤེས་པ་མི་བསླུ་བ་ནི་ཡུལ་ཅན་གྱི་ཆོས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ཡུལ་ཅན་བསླུ་བ་མེད་པ་ཅན་ཡིན་ན། ཤེས་པ་ཡིན་པས་ཁྱབ་ཟེར་ན། མེས་བུད་ཤིང་བསྲེགས་ཞེས་པའི་ངག་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཡུལ་ཅན་བསླུ་བ་མེད་པ་ཅན་ཡིན་པའི་ཕྱིར། དེར་ཐལ། བདེན་པའི་དོན་ཅན་གྱི་ངག་ཡིན་པའི་ཕྱིར། ཁ་ཅིག། །རང་ཡུལ་ལ་མ་འཁྲུལ་བའི་ཡུལ་ཅན་བསླུ་བ་མེད་པ་ཅན་ཡིན་ན།ཤེས་པ་ཡིན་པས་ཁྱབ་ཟེར་ན། རང་ཡུལ་དུ་གྱུར་པའི་གཟུགས་ལ་མ་འཁྲུལ་བའི་མིག་དབང་ཆོས་ཅན། ཤེས་པ་ཡིན་པར་ཐལ། རང་ཡུལ་ལ་མ་འཁྲུལ་པའི་ཡུལ་ཅན་བསླུ་བ་མེད་པ་ཅན་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་མིག་དབང་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་མིག་དབང་དང་སྒྲ་ལ་སོགས་པ་ཤེས་པ་ཡིན་པ་བཅད་པའི་ཕྱིར་དུ་ཤེས་པ་ཞེས་སྨོས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བྱིས་པ་འཇུག་པའི་རྟོག་གེ་ལས། ཤེས་པ་ཞེས་སྨོས་པས་ནི་ཤེས་པ་མ་ཡིན་པའི་དབང་པོ་ལ་སོགས་པ་བསལ་ལོ། །ཞེས་གསུངས་པའི་ཕྱིར།

གཉིས་པ་རང་གི་ལུགས་ལ། གསར་དུ་མི་བསླུ་བའི་རིག་པ། ཚད་མའི་མཚན་ཉིད་ཡིན་ཏེ། གསར་དུ་ཞེས་སྨོས་པས་བཅད་ཤེས་དང་རྟོགས་ཟིན་རྟོགས་པའི་རིག་པ་རྣམས་ཚད་མ་ཡིན་པ་གཅོད། མི་བསླུ་བ་ཞེས་སྨོས་པས་རང་ཡུལ་ལ་འཁྲུལ་བའི་ལོག་ཤེས་སོགས་ཚད་མ་ཡིན་པ་གཅོད། རིག་པ་ཞེས་སྨོས་པས་བྱེ་བྲག་སྨྲ་བས་མིག་དབང་གཟུགས་ཅན་པ་ཚད་མར་འདོད་པ་དང་།རིག་བྱེད་པས་རིག་བྱེད་རྟག་པ་དང་རང་བྱུང་གི་ཚད་མར་འདོད་པ་ལ་སོགས་པ་གཅོད་པ་ཡིན་པའི་ཕྱིར།

གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། རྣམ་མཁྱེན་ཆོས་ཅན། ཁྱོད་སྐད་ཅིག་གཉིས་པ་ཚད་མ་མ་ཡིན་པར་ཐལ། དེ་བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། དེ་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། དེ་སྐད་ཅིག་དང་པོས་ཆོས་ཐམས་ཅད་གསར་དུ་རྟོགས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྐད་ཅིག་དང་པོས་ཆོས་ཐམས་ཅད་གསར་དུ་རྟོགས་ཀྱང་། དེ་སྐད་ཅིག་གཉིས་པས་ཀྱང་རང་དང་དུས་མཉམ་དུ་གྲུབ་པ་དང་བྱུང་བ་རྣམས་བྱུང་བ་ལྟར་དུ་གཅིག་ཅར་དུ་གསར་དུ་རྟོགས་པའི་ཕྱིར། རྟོག་གེའི་སྐད་ལས། དེའི་སྤྱོད་ཡུལ་སྔར་མེད་པ་ཡིན་པའི་སྔར་མ་རྟོགས་པའི་སྤྱོད་ཡུལ་ཅན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་བཤད་ལས་ཁོ་བོས་ནི་ཇི་ཙམ་ཁ་ནང་དུ་ཕྱོགས་ཏེ་བསམ་ཀྱང་། ཚད་མ་མ་ཡིན་པའི་ཀུན་མཁྱེན་དང་ཚད་མ་ལ་གསར་རྟོགས་ཀྱིས་མ་ཁྱབ་པ་མ་ཚོར་རོ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག། །ཚད་མ་ཡིན་ན་རང་གི་སྣང་ཡུལ་ལ་གསར་དུ་མི་བསླུ་བས་ཁྱབ་པར་ཐལ། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བས་ཁྱབ་པའི་ཕྱིར་ན་མ་ཁྱབ། འོ་ན། རྗེས་དཔག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རང་གི་སྣང་ཡུལ་ལ་འཁྲུལ་བའི་ཕྱིར། དེར་ཐལ། དོན་སྤྱི་དོན་དུ་འཁྲུལ་ནས་འཛིན་པའི་བློ་ཡིན་པའི་ཕྱིར། དེར་ཐལ། རྟོག་པ་ཡིན་པའི་ཕྱིར། གཞན་ཡང་། མངོན་སུམ་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་སྟེ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་། དེར་ཐལ། དེས་གསར་དུ་འཇལ་རྒྱུའི་གཟུགས་ཡོད་པའི་ཕྱིར། དེར་ཐལ། དེ་དང་དུས་མཉམ་དུ་གྲུབ་པའི་གཟུགས་ཡོད་པའི་ཕྱིར་ན། མ་ཁྱབ་སྟེ། དེ་དང་དུས་མཉམ་དུ་གྲུབ་པའི་ཆོས་ཐམས་ཅད་དེས་ཅིག་ཅར་དུ་གསར་དུ་རྟོགས་མི་ནུས་པའི་ཕྱིར། གཞན་ཡང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་དྲངས་པའི་ངེས་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། དེའི་ཚད་མ་དེ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པ་གསར་དུ་བྱུང་བ་གང་ཞིག། །ཁྱོད་དེ་འཇལ་བའི་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ།དང་པོ་གྲུབ་སྟེ། དངོས་པོ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ཚད་མ་ཡིན་ན། རང་གིས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་མེད་པས་ཁྱབ་པར་ཐལ། རྗེས་དཔག་ལ་དེའི་ཕྱིར། དེར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལ་དེའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མས་སྒྲ་རྟག་འཛིན་ལ་སྒྲོ་འདོགས་བཅད་ཟིན་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར། དེར་ཐལ། སྒྲ་ལ་རྟག་པར་མཐའ་གཅིག་ཏུ་འཛིན་པའི་སྒྲོ་འདོགས་བཅད་ཟིན་པའི་ཕྱིར་ན་མ་ཁྱབ་སྟེ། དེས་གསར་དུ་གཅོད་རྒྱུའི་རྩེ་གཉིས་པ་ཅན་གྱི་སྒྲོ་འདོགས་ཡོད་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ལྷན་སྐྱེས་ལ་མི་གནོད་པར་ཐལ། དེས་དེ་ལྷན་སྐྱེས་ཀྱི་སྒྲ་རྟག་འཛིན་ལ་སྒྲོ་འདོགས་བཅད་པའི་ཕྱིར་ཟེར་ན་མ་ཁྱབ།དེས་དེ་ལྷན་སྐྱེས་ཀྱི་ཞེན་ཡུལ་མེད་པར་རྟོགས་ཀྱང་དེ་ལ་མི་གནོད་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ལྷན་སྐྱེས་ཀྱི་ཞེན་ཡུལ་མེད་པར་རྟོགས་ཀྱང་། ཀུན་བཏགས་མངོན་གྱུར་ལ་གནོད་ཀྱི། ལྷན་སྐྱེས་ལ་མི་གནོད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། རྗེས་དཔག་དེས་ཀུན་བཏགས་མངོན་དུ་གྱུར་བ་རེ་ཞིག་ལྡོག་ཀྱང་ལྷན་ཅིག་ཡང་ཡང་སྐྱེ་བ་ལ་མི་གནོད་པའི་དོན་ཡིན་པའི་ཕྱིར། ཡང་རྒྱ་གར་བ་ཁ་ཅིག་གིས་ཀྱང་། ཆོས་གྲགས་ཀྱི་ལུགས་ལ་ཐལ་འགྱུར་བ་ལྟར་མི་བསླུ་བའི་ཤེས་པ་ཙམ་ཚད་མའི་མཚན་ཉིད་དུ་འཇོག་རིགས་པར་ཐལ། ཚད་མ་བསླུ་མེད་ཅན། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེ་ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་བསྟན་པ་ལ། དེ་ཙམ་གྱིས་ཆོག་གམ་ཞེ་ན་མི་ཆོག་ཅེས་དོན་གྱིས་འཕངས་པའི་སྔར་མ་བཅད་པའམ་མ་བཟུང་བའི་དོན་གསར་རྟོགས་དེ་ཡང་དགོས་ཞེས་འཆད་པ་ལ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་གསུངས་པའི་ཕྱིར། དེས་ཀྱང་སྒྲ་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱིས་ཚད་མའི་མཚན་ཉིད་ཀྱི་ཆ་རེ་བསྟན་པའི་ཕྱིར་ཏེ། ལྷ་དབང་བློས།ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཚད་མའི་མཚན་ཉིད་གཅིག་བསྟན་ཏེ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་ཚད་མའི་མཚན་ཉིད་གཅིག་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། དེ་གཉིས་ཀྱིས་ཚད་མའི་མཚན་ཉིད་མི་འདྲ་བ་གཉིས་བསྟན་པར་ཐལ། ལུང་དེའི་ཕྱིར་ན་མ་ཁྱབ། དེ་གཉིས་ཀྱིས་ཚད་མའི་མཚན་ཉིད་ཀྱི་ཆ་རེ་བསྟན་པ་ལུང་དེའི་དོན་ཡིན་པའི་ཕྱིར། ཡང་ཁ་ཅིག །རྒྱན་མཁན་པོའི་ལུགས་ལ། ཚད་མ་བསླུ་མེད་ཅན་ཤེས་པ། །མི་བསླུ་ཞེས་པས་དོན་དམ་པའི་ཚད་མའི་མཚན་ཉིད་དངོས་སུ་བསྟན། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་ཀུན་རྫོབ་པའི་ཚད་མའི་མཚན་ཉིད་བསྟན་པ་ཁོ་ན་ཡིན་ཟེར་ན། འོ་ན། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་སོགས་རྒྱན་མཁན་པོའི་ལུགས་ཀྱི་ཚད་མ་སྤྱིའི་མཚན་ཉིད་འཆད་བྱེད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེའི་ལུགས་ལ་དོན་དམ་པའི་ཚད་མའི་མཚན་ཉིད་དངོས་སུ་བསྟན་པའི་སྟེང་དུ་ཚད་མ་སྤྱིའི་མཚན་ཉིད་ཀྱང་དངོས་སུ་བསྟན་པའི་ཕྱིར།

ཚད་མའི་དབྱེ་བ་དེ་འཆད་པ་ལ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་སོགས་རྐང་པ་བཞི་བྱུང་། འདིའི་སྐབས་སུ་མཐའ་དཔྱད་པ་ལ་གསུམ། དང་པོ་ལ་ཁ་ཅིག། །ཚད་མ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་ཟེར་ན། རྒྱང་རིང་པོ་ནས་ཡལ་འདབ་ཅན་གྱི་ཤིང་རང་གི་ངོ་བོ་ངེས་ལ་ཁྱད་པར་མ་ངེས་པའི་དབང་པོའི་མངོན་སུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་མངོན་སུམ་ཚད་མ་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། དེ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲ་བའི་ཤིང་རིང་པོའི་ངོ་བོའི་སྤྱི་དེ་ངེས་ནས་ཁྱད་པར་རམ་བྱེ་བྲག་ཚད་མ་གཞན་ལ་བརྟེན་ནས་ངེས་དགོས་ཀྱི་མངོན་སུམ་ཚད་མ་ཡིན་པའི་ཕྱིར་ཏེ། དེ་འདྲ་བའི་མངོན་སུམ་ཚད་མ་ཡོད་པའི་ཕྱིར། འཐད་ལྡན་ལས། ཤིང་གི་ཁྱད་པར་ཉིད་མེད་ན་མི་འབྱུང་བ་ནི་གཞན་ལས་ངེས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག། །རང་ཉིད་ཚད་མ་ཡིན་པར་ངེས་པ་ལ་བློ་གཞན་ལ་ལྟོས་མི་དགོས་པའི་རིག་པ་རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། དེ་ལྟར་ལྟོས་དགོས་པའི་རིག་པ་གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཟེར་ན། དང་པོ་ལ། ཕའི་རྒྱུད་ཀྱི་བུའི་གཟུགས་འཛིན་དབང་མངོན་གོམས་པ་ཅན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། རང་ཉིད་ཚད་མ་ཡིན་པར་ངེས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་གཟུང་དོན་གྱི་ཡུལ་ཡིན་ན་ཤེས་པ་མ་ཡིན་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དབང་པོའི་སེམས་ནི་ངེས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ངེད་ཀྱི་དམ་བཅའ་འཐད་པར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་ན། རང་ཚད་མ་ཡིན་པའི་ཆ་ལ་ཚད་མར་སོང་བས་ཁྱབ་པའི་ཕྱིར། དེར་ཐལ། དེ་ལ་རང་ལས་ངེས་ཞེས་པའི་གོ་དོན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་འགྲུབ་པ་མེད་ན། རང་ཉིད་མི་འབྱུང་བའི་འབྲེལ་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་ཅིག་གི་སྟེང་ནས་འཇོག་དགོས་པའི་ཕྱིར་ཏེ། རྣམ་ངེས་ལས། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལ་ཚད་མ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མངོན་སུམ་ཡང་ནི་ཞེས་པས་རང་ལས་ངེས་ཀྱི་མངོན་སུམ་གོམས་པ་ཅན་སོགས་དུ་མ་ཡོད་པར་མ་ཟད། རྗེས་དཔག་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་པ་དེ་བསྟན། དོན་མེད་ན་ཞེས་པས་རང་གི་གཞལ་བྱའི་སྟེང་ན་དོན་གྲུབ་པ་མེད་ན་ཞེས་བསྟན། མི་འབྱུང་བ་ལ་ཞེས་པས་རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་དེ་དེའི་ཡུལ་དུ་བསྟན། ཚད་མ་ཡིན་ཞེས་པས་རང་གི་གཞལ་བྱའི་བསྟན་དོན་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ཚད་མར་འགྲོ་ཚུལ་བསྟན་པའི་ཕྱིར། དེས་ན་རང་ལུགས་ལ། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཚད་མ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཡིན་ཏེ། རྣལ་འབྱོར་མངོན་སུམ་ཐམས་ཅད་དང་། རང་རིག་མངོན་སུམ་དུ་གྱུར་བའི་ཚད་མ་དང་། མངོན་སུམ་གོམས་པ་ཅན་དང་། རྗེས་དཔག་ཚད་མ་ཐམས་ཅད་དེ་ཡིན་པའི་ཕྱིར་ཏེ། རྟོག་གེའི་སྐད་ལས།རྣལ་འབྱོར་བའི་ཤེས་པ་དང་། རང་རིག་པའི་ཤེས་པ་ནི་རང་ཉིད་ཁོ་ན་ལས་ཚད་མ་ཉིད་དོ། །རྗེས་སུ་དཔག་པ་ནི་ངེས་པའི་བདག་ཉིད་ཀྱི་ཕྱིར་རང་ཉིད་ཁོ་ན་ལས་ཚད་མའོ། །ཞེས་སློབ་དཔོན་གྱིས་གསུངས་སོ། །ཞེས་གསུངས་པའི་ཕྱིར། རང་གི་གཞལ་བྱའི་ཡུལ་སྟེང་ན་དོན་མ་གྲུབ་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་གཞན་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཡིན་ཏེ། རྟོག་གེའི་སྐད་ལས། དེ་ཉིད་ཀྱི་ཕྱིར་མངོན་སུམ་ནི་རང་ཉིད་ཁོ་ན་ལས་ཚད་མ་སྟེ། ཁ་ཅིག་ནི་གཞན་ལས་སོ། །ཞེས་གསུངས། དེ་ལ་དབྱེ་ན། མངོན་སུམ་དང་པོ་བ། མངོན་སུམ་ཡིད་མ་གཏད། འཁྲུལ་རྒྱུ་ཅན་དང་གསུམ་ཡོད་དེ། ཨུཏྤལ་ངོ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་དེ་འཛིན་པའི་མངོན་སུམ་ལྟ་བུ་དང་པོ་ཡིན། ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་དུས་ཀྱི་མངོན་སུམ་ཡིད་མ་གཏད་ལྟ་བུ་གཉིས་པ་ཡིན། རྒྱང་རིང་པོ་ནས་མེའི་ཁ་དོག་མཐོང་བ་ལ་དེ་ཡིན་མིན་གྱི་ཐེ་ཚོམ་འདྲེན་པའི་མངོན་སུམ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། ཚད་མའི་གྲངས་ངེས་ཀྱི་རྒྱུ་མཚན་ལ་དགག་གཞག་སྤང་གསུམ། དང་པོ་ལ་ཁོ་ན་རེ། ཚད་མ་མངོན་སུམ་དང་རྗེས་དཔག་གི་ཚད་མ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་ཡོད་དེ།ཚད་མ་གཉིས་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེར་ཐལ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། འོ་ན། ཚད་མ་གཉིས་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་སོ་སོར་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྗེས་དཔག་ཚད་མའི་གཞལ་བྱ་ལ་སྤྱི་མཚན་གྱིས་ཁྱབ་པ་དང་། མངོན་སུམ་ཚད་མའི་གཞལ་བྱ་ལ་རང་མཚན་གྱིས་ཁྱབ་པར་ཐལ་ལོ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་རེ་རེའི་གཞལ་བྱ་ལ་རང་སྤྱི་གཉིས་གཉིས་ཡོད་པའི་ཕྱིར། དེར་ཐལ། རང་སྤྱི་གང་རུང་ཡིན་ན། རང་ཉིད་རྟོགས་པའི་ཚད་མ་གཉིས་པོ་རེ་རེ་ནས་ཡོད་པས་ཁྱབ་པའི་ཕྱིར། དེར་ཐལ། ཚད་མ་དེ་གཉིས་ཀྱི་གཞལ་བྱ་ལ་རང་རང་གི་བཟུང་ཡུལ་དུ་གྱུར་བའི་གཞལ་བྱ་དང་། དེ་མ་ཡིན་པའི་འཇུག་ཡུལ་དུ་གྱུར་བའི་གཞལ་བྱ་གཉིས་གཉིས་ཡོད་པའི་ཕྱིར་ཏེ། བྱིས་པ་འཇུག་པའི་རྟོག་གེ་ལས། དེ་ལྟར་ན་ནི་ཚད་མའི་ཡུལ་ནི་རྣམ་པ་གཉིས་ཏེ། བཟུང་བར་བྱ་བ་དང་། ཞེན་པར་བྱ་བའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཚད་མ་གཉིས་ཀྱི་གཞལ་བྱ་ལ་རང་སྤྱི་སོ་སོར་མི་འཇོག་པར་ཐལ། མངོན་སུམ་ཚད་མའི་བཟུང་ཡུལ་ལ་རང་མཚན་གྱིས་ཁྱབ། དེའི་འཇུག་ཡུལ་དངོས་གཞལ་རྙེད་དོན་སོགས་ལ་སྤྱི་མཚན་ཀྱང་ཡོད་པའི་ཕྱིར་ཏེ། འཐད་ལྡན་ཆུང་བ་ལས། མངོན་སུམ་གྱི་བཟུང་བར་བྱ་བ་ནི་སྐད་ཅིག་མ་གཅིག་ཡིན་ལ། མངོན་སུམ་གྱི་སྟོབས་ཀྱིས་བསྐྱེད་པའི་ངེས་པས་ཞེན་པར་བྱ་བ་ནི་རྒྱུན་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། རྗེས་དཔག་ཚད་མའི་གཞལ་བྱ་ལ་དེའི་བཟུང་ཡུལ་གྱིས་མ་ཁྱབ་པར་ཐལ། དེའི་བཟུང་ཡུལ་ལ་སྤྱི་མཚན་གྱིས་ཁྱབ། དེའི་འཇུག་ཡུལ་ཞེན་ཡུལ་དངོས་གཞལ་ལ་རང་མཚན་ཡང་ཡོད་པའི་ཕྱིར་ཏེ། འཐད་ལྡན་ཆུང་བ་ལས། དེས་ན་རྗེས་སུ་དཔག་པ་འདི་འཇུག་པའི་ཡུལ་ནི་རང་གི་མཚན་ཉིད་ཡིན་ལ། བཟུང་བར་བྱ་བ་དོན་མེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག། །རྟོག་པ་ལ་སྣང་ན་རྟོག་པའི་སྣང་ཡུལ་ཡིན་པས་ཁྱབ་ལ། རང་མཚན་ཡིན་ན་རྟོག་བ་ལ་མི་སྣང་བས་ཁྱབ་སྙམ་པ་དང་། དངོས་པོ་ཡིན་ན་རྟོག་པ་ལ་ལྐོག་ན་མོ་ཡིན་པས་ཁྱབ་པ་གཉིས་ལ་འཁྲུལ་ནས་རྟོག་པའི་དངོས་གཞལ་ཡིན་ན། དེའི་བཟུང་ཡུལ་ཡིན་པས་ཁྱབ་ཟེར་ན། འོ་ན། རྟོག་པ་ལ་དེ་ལྟར་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རྗེས་དཔག་ལ་ཁྱོད་ཀྱི་རྣམ་པ་ཤར་བ་གང་ཞིག། །ཁྱོད་དེའི་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་བཟུང་བའི་ཕྱིར། དང་པོ་གྲུབ་སྟེ། གཞི་གྲུབ་ན་ཁྱོད་འཛིན་རྟོག་པ་ལ་ཁྱོད་ཀྱི་རྣམ་པ་ཤར་བས་ཁྱབ་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། དེའི་སྣང་ཡུལ་ཡིན་པར་ཐལ། དེའི་བཟུང་ཡུལ་ཡིན་པའི་ཕྱིར། འདོད་ན། རྟོག་པའི་སྣང་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྤྱི་མཚན་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྟོག་པའི་སྣང་ངོར་གྲུབ་པ། སྤྱི་མཚན་གྱི་མཚན་ཉིད། མངོན་སུམ་གྱི་སྣང་ངོར་གྲུབ་པ་རང་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། གཞན་ཡང་། ཚད་མ་དེ་གཉིས་ཀྱི་གཞལ་བྱ་ལ་རང་མཚན་ཡོད་པར་ཁྱད་པར་མེད་པར་ཐལ། དེའི་འཇུག་ཡུལ་རྙེད་དོན་སོགས་ལ་རང་མཚན་ཡོད་པའི་ཕྱིར་ཏེ། འཐད་ལྡན་ལས། དེ་གཉིས་ཀྱིས་ཀྱང་འཇུག་ཡུལ་ལ་རང་མཚན་ཐོབ་པ་ཁྱད་པར་མེད་དོ། །ཞེས་གསུངས་པའི་ཕྱིར། ཡང་རིགས་གཏེར་གྱི་ཚིག་ཟིན་ཙམ་ལ་བརྟེན་ནས་ཁ་ཅིག་ན་རེ། ཡུལ་དང་གཞལ་བྱ་གཉིས་དོན་མི་གཅིག་སྟེ། གཞལ་བྱ་ལ་རང་མཚན་གྱིས་ཁྱབ་པའི་ཕྱིར་ཏེ། རྣམ་བཤད་ལས། གཞལ་བྱ་རང་མཚན་ཁོ་ནའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གཞལ་བྱ་ལ་རང་མཚན་དང་སྤྱི་མཚན་གཉིས་ཡོད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པའི་ཕྱིར། ཚད་མ་དེས་དངོས་ཤུགས་ལ་དངོས་པོ་མ་གཞལ་ཀྱང་མཐར་གཏུགས་ན་དངོས་པོ་ལ་བརྟེན་པས་ཁྱབ་སྟེ། ཚད་མ་ཐམས་ཅད་དངོས་པོ་ལ་བརྟེན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། རང་གི་མཚན་ཉིད་སྤྱད་ཕྱིར་རོ། །ཞེས་དང་། ལྷ་དབང་བློའི་འགྲེལ་པ་ལས། །ཐམས་ཅད་དུ་དངོས་པོ་ལ་རེག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང་། དེའི་དོན་ནི་རིགས་ཐིག་དར་ཊཱིཀ་ལས། མཐར་རང་མཚན་ལ་མ་བརྟེན་པའི་ཚད་མ་མི་སྲིད་པར་སྟོན་པ་ཡིན་ནོ། །ཞེས་སོ། །ཡང་ཁོ་ན་རེ། ཚད་མའི་རྙེད་དོན་ཡིན་ན་སྐྱེས་བུའི་དོན་དུ་གཉེར་བྱ་ཡིན་པས་ཁྱབ། ཚད་མའི་འཇུག་ཡུལ་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། ཚད་མ་གང་གི་ཡང་རྙེད་དོན་དང་འཇུག་ཡུལ་དོན་གཅིག་པའི་ཕྱིར་ཏེ། །འཐད་ལྡན་ལས། དེའི་ཕྱིར་ཚད་མ་ཐམས་ཅད་ནི་འཇུག་པའི་ཡུལ་ཅན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཚད་མའི་འཇུག་ཡུལ་ཡིན་ན་སྐྱེས་བུའི་དོན་དུ་གཉེར་བྱ་དང་། དངོས་པོ་ཡིན་པས་མ་ཁྱབ་པར་ཐལ། དེ་ལ་སྐྱེས་བུའི་དོན་དུ་གཉེར་བྱ་དང་དེ་མ་ཡིན་པར་ཚད་མས་ཡོངས་སུ་བཅད་ནས་མཐོང་བའི་འཇུག་ཡུལ་གཉིས་ཡོད་པའི་ཕྱིར་ཏེ། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ཚད་མའི་ཡུལ་ནི་རྣམ་པ་གཉིས་ཏེ། སྐྱེས་བུའི་དོན་དུ་གཉེར་བྱ་མ་ཡིན་ཡང་ཚད་མས་ཡོངས་སུ་བཅད་ནས་མཐོང་བའི་འཇུག་ཡུལ་ཏེ། ཞེས་གསུངས་པའི་ཕྱིར་དང་། ཡང་དེ་ཉིད་ལས། འདུས་མ་བྱས་དངོས་མེད་ཡིན་པས་འདུས་མ་བྱས་དངོས་མེད་རྟོགས་པའི་རྗེས་དཔག་ཚད་མས་ཡོངས་སུ་བཅད་ནས་མཐོང་བའི་འཇུག་ཡུལ་ཡིན་པ་དེ་བཞིན་དུ་དགག་གཞག་གཞན་རྣམས་ལ་རིགས་འདྲ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག། །རྟོག་པའི་ཞེན་ས་ཡིན་ན་དེའི་ཞེན་ཡུལ་ཡིན་པས་ཁྱབ། དེའི་ཞེན་ཡུལ་ཡིན་ན་དེའི་ཞེན་ས་ཡིན་པས་ཁྱབ་ཟེར་ན། དམ་བཅའ་དང་པོ་ལ། བུམ་འཛིན་རྟོག་པ་ལ་དེ་ལྟར་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་སྣང་ཡུལ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཚད་མའི་ལམ་སྒྲིག་ལས། རྟོག་པའི་དངོས་ཀྱི་ཞེན་ས་ནི་སྣང་བ་དོན་དུ་མེད་པ་དེ་ཉིད་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་ཞེན་ཡུལ་ལ་འཁྲུལ་བར་ཐལ། དེ་ཁྱོད་ཀྱི་ཞེན་ཡུལ་གང་ཞིག། །ཁྱོད་དེ་ལ་འཁྲུལ་བའི་ཕྱིར། དང་པོ་དངོས། གཉིས་པ་གྲུབ་སྟེ། རང་གི་སྣང་ཡུལ་ལ་འཁྲུལ་བའི་ཞེན་རིག་དེ་རྟོག་པའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ལོག་ཤེས་ཡིན་པར་ཐལ་ལོ། །ཚད་མའི་གྲངས་ངེས་ཀྱི་གོ་དོན་ལ་ཁ་ཅིག། །ཚད་མ་ཡིན་ན་རང་ཡིན་པར་གྱུར་བའི་མངོན་རྗེས་གང་རུང་ཡིན་པས་ཁྱབ་པར་ཐལ། དེ་ལ་དེ་གཉིས་སུ་གྲངས་ངེས་པའི་ཕྱིར་ཟེར་ན། འོ་ན། གྲངས་ངེས་ཡིན་ན་ཕུང་སུམ་འགོག་པའི་གྲངས་ངེས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གྲངས་ངེས་དེ་ལ་ལོག་རྟོག་སེལ་པའི་གྲངས་ངེས། དགོས་པ་ཅན་ཀྱི་གྲངས་ངེས།རིགས་བསྡུས་ཀྱི་གྲངས་ངེས། ཕུང་སུམ་འགོག་པའི་གྲངས་ངེས་དང་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་ལ་རང་ཡིན་པར་གྱུར་བའི་མངོན་རྗེས་གཉིས་སུ་གྲངས་ངེས་པ་དེ་ཕུང་སུམ་སེལ་བའི་གྲངས་ངེས་མ་ཡིན་པ་གང་ཞིག། །ལོག་རྟོག་སེལ་བའི་གྲངས་ངེས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་ཡིན་ན་དེ་གཉིས་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར། ཁྱབ་སྟེ། ཕུང་སུམ་སེལ་བའི་གྲངས་ངེས་ལ་ནི། ཤེས་བྱ་ལ་རྟག་མི་རྟག་གཉིས་སུ་གྲངས་ངེས་པས། དེ་གཉིས་གང་རུང་མ་ཡིན་པའི་ཤེས་བྱ་མེད་པ་ལྟ་བུ་ཞིག་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཚད་མ་ལ་གཅིག་དང་གསུམ་དང་བཞི་དང་ལྔ་སོགས་འདོད་པའི་ལོག་རྟོག་སེལ་བའི་གྲངས་ངེས་ཡིན་པའི་ཕྱིར་ཏེ། རྟོག་གེའི་སྐད་ལས། རྣམ་པ་གཉིས་ཞེས་པའི་ཚིག་གིས་གཅིག་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཅེས་ལོག་པར་རྟོག་པ་རྣམས་བསལ་བའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྗེས་དཔག་ལ་རང་དོན་རྗེས་དཔག་དང་གཞན་དོན་རྗེས་དཔག་གཉིས་སུ་གྲངས་ངེས་པར་བཤད་པ་དེ་དགོས་པ་ཅན་གྱི་གྲངས་ངེས་སུ་བཤད་པའི་ཕྱིར། དེར་ཐལ། རྗེས་དཔག་ཡིན་ན་རང་དོན་རྗེས་དཔག་ཡིན་པས་ཁྱབ་ཀྱང་། དེ་ལ་གཉིས་པོ་དེར་གྲངས་ངེས་པར་བཤད་པ་དེ་གཞན་དོན་རྗེས་དཔག་སྒྲུབ་ངག་གིས་ཀྱང་གཞན་ལ་རྗེས་དཔག་གི་བྱ་བ་བྱེད་པར་ཤེས་པའི་ཕྱིར་དུ་རྗེས་དཔག་ཏུ་བསྡུས་ནས་བསྟན་པའི་ཕྱིར་ཏེ། ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་སོགས་ཀྱིས་བསྟན་པའི་གྲངས་ངེས་དེ་དགོས་པ་ཅན་གྱི་གྲངས་ངེས་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། སངས་རྒྱས་ཀྱི་ལམ་ལ་སྦྱིན་པ་ལ་སོགས་པ་དྲུག་ཏུ་གྲངས་ངེས་པར་བཤད་པ་དེ་རིགས་བསྡུས་ཀྱི་གྲངས་ངེས་ཀྱི་དབང་དུ་བྱས་ནས་བཤད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སངས་རྒྱས་ཀྱི་ལམ་ལ་སྦྱིན་པ་ལ་སོགས་པ་དྲུག་ཏུ་གྲངས་ངེས་པར་བཤད་པ་མངོན་མཐོ་ལ་ལྟོས་པའི་གྲངས་ངེས། ཚོགས་གཉིས་བསྒྲུབ་པ་ལ་ལྟོས་པའི་གྲངས་ངེས་གཉིས་སོགས་དྲུག་བཤད་པའི་ཕྱིར། བཞི་པ་གྲུབ་སྟེ། ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་པ་དེ་ཕུང་སུམ་སེལ་བའི་གྲངས་ངེས་ཡིན་པའི་ཕྱིར་ཏེ། དེ་གཉིས་གང་རུང་མ་ཡིན་པའི་ཤེས་བྱ་མེད་པའི་ཕྱིར་ཏེ། མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་འདིར་ཟད་དོ། །ཞེས་གསུངས་པའི་ཕྱིར།

གཉིས་པ་རང་ལུགས་ལ། ཚད་མ་ལ་གཉིས་སུ་གྲངས་ངེས་ཏེ། དེ་ལ་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས་སུ་གྲངས་ངེས་པའི་ཕྱིར། གཉིས་པ་དེ་ལ་དེ་གཉིས་སུ་གྲངས་ངེས་པའི་དགོས་པ་ཡོད་དེ། དེ་ལ་གཅིག་ཏུ་གྲངས་ངེས་པ་དང་། གསུམ་དུ་གྲངས་ངེས་པ་སོགས་འདོད་པའི་ལོག་རྟོག་སེལ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་དེའི་རྒྱུ་མཚན་ཡོད་དེ། དེའི་གཞལ་བྱ་ལ་སྣང་ཡུལ་ལམ། གཟུང་ཡུལ་གྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེར་ཐལ། གཞལ་བྱ་རང་མཚན་སྣང་ཡུལ་དུ་བྱེད་པའི་སྒོ་ནས་མངོན་སུམ་ཚད་མ་དང་། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་སྒོ་ནས་རྗེས་དཔག་གཉིས་སུ་གྲངས་ངེས་པ་ཡིན་པའི་ཕྱིར།

གཉིས་པ་སོ་སོའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ། མངོན་སུམ་བཤད་པ་དང་། རྗེས་དཔག་བཤད་པ་གཉིས། དང་པོ་ལ། ངོ་བོའི་ཁྱད་པར། གྲངས་ངེས་ཀྱི་ཁྱད་པར། སྒྲ་དོན་གྱི་ཁྱད་པར། སྤྱོད་ཡུལ་གྱི་ཁྱད་པར་དང་བཞི་ལས། དང་པོ་འཆད་པར། ཚད་མ་མདོ་ལས། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་གསུངས་པའི་ཕྱིར་དང་། རྣམ་འགྲེལ་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་གསུངས་པའི་ཕྱིར། འདིའི་སྐབས་སུ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ། དང་པོ་ལ་ཁ་ཅིག། །རྟོག་བྲལ་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་མ་ཡིན་པར་ཐལ། དེའི་ཚིག་ཟུར་དུ་རྟོག་བྲལ་ཙམ་སྨོས་པས་ཆོག་པའི་ཕྱིར་ཏེ། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མ་འཁྲུལ་གོང་དུ་བཤད་པའི་དབང་དུ་བྱས་ནས་འདིར་མ་སྨོས་པའི་ཕྱིར། གཞན་ཡང་། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པའི་དངོས་བསྟན་གྱི་མངོན་སུམ་ཡིན་ན། མངོན་སུམ་མ་ཡིན་པས་ཁྱབ་པར་ཐལ། དེ་མངོན་སུམ་ལྟར་སྣང་ལ་སྦྱར་ནས་འཆད་རིགས་པའི་ཕྱིར། འདོད་མི་ནུས་ཏེ། དུང་དཀར་སེར་པོར་སྣང་བའི་དབང་ཤེས། ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་དག་མངོན་སུམ་ཚད་མ་ཡིན་པའི་ཕྱིར། དེར་ཐལ། དུང་དཀར་གྱི་ཁ་དོག་ལ་འཁྲུལ་ལ་དབྱིབས་ལ་ཚད་མར་སོང་བའི་ཕྱིར། དེར་ཐལ། འཁྲུལ་ཤེས་སུ་གྱུར་བའི་མངོན་སུམ་ཚད་མ་ཡིན་པའི་ཕྱིར་ཏེ། དེ་ལྟར་དུ་རྒྱལ་དབང་བློས་བཞེད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚད་མའི་ལམ་སྒྲིག་ལས། སློབ་དཔོན་རྒྱལ་དབང་བློས་ཞེས་པ་ནས། དུང་དཀར་སེར་པོར་སྣང་བའི་དབང་ཤེས་དང་། གྲུར་ཞུགས་པ་ན་ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་དག་ནི་འདོད་པའི་དོན་ཐོབ་པས། ཞེས་པ་དང་། འཁྲུལ་ཤེས་ཡིན་པས་ཚད་མར་མི་འགྲོ་ན་རྗེས་དཔག་ཀྱང་ཚད་མ་མ་ཡིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་གཞན་དག་ན་རེ། ཚད་མ་མདོ་ལས། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་གྲུར་ཞུགས་པ་ན་ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་རབ་རིབ་ཅན་སོགས་མངོན་སུམ་ལྟར་སྣང་མ་ཡིན་པའི་ཕྱིར། དེ་ལ་སློབ་དཔོན་རྒྱལ་དབང་བློ་ན་རེ། དེའི་སྐྱོན་མེད་དེ། དུང་དཀར་སེར་པོར་སྣང་བའི་དབང་ཤེས་དུང་དཀར་སེར་པོ་ལ་མངོན་སུམ་ལྟར་སྣང་དང་ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་ལྗོན་ཤིང་ལ་མ་འཁྲུལ་བས་འདོད་པའི་དོན་ཐོབ་པའི་ཕྱིར། དེར་ཐལ། མངོན་སུམ་ཡིན་པའི་ཕྱིར་ཏེ། དེས་མཛད་པའི་འགྲེལ་པར་དེ་ལྟ་མོད་ཀྱང་སེར་པོ་ལ་འཁྲུལ་ཞིང་དབྱིབས་ལ་མ་འཁྲུལ་པས་འདོད་པའི་དོན་ཐོབ་པའི་ཕྱིར་མངོན་སུམ་ཉིད་དུ་རྣམ་པར་བཞག་སྟེ། ཞེས་གསུངས་པའི་ཕྱིར་ཟེར་ན། སློབ་དཔོན་ཆོས་མཆོག་ན་རེ། དེ་མི་འཐད་པར་ཐལ། དུང་དཀར་སེར་པོར་སྣང་བའི་དབང་ཤེས་དེ་ལ་སེར་པོས་མ་བསླད་པའི་ཆ་གཅིག་མེད་པའི་ཕྱིར། དེར་ཐལ། ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་དེ་ལྗོན་ཤིང་གི་ཆ་གང་ལ་ཡང་ཚད་མར་མ་སོང་བའི་ཕྱིར་ཏེ། འཐད་ལྡན་ཆུང་བ་ལས། ལོག་ཤེས་ཡིན་ན་ཤིང་དང་ཇི་ལྟར་འཕྲད་ཅེ་ན། ཅུང་ཟད་ཀྱང་འཕྲད་པ་མེད་དེ། གང་ཡོངས་སུ་བཅད་པའི་ཤིང་ནི་རྣམ་པ་སྣ་ཚོགས་སུ་འགྲོ་བ་དེ་ཡིན་ལ། ཤིང་ནི་འགྲོ་བ་མེད་པས་ཅུང་ཟད་ཀྱང་ཕྲད་པ་མེད་དོ། །ཞེས་གསུངས་པའི་ཕྱིར། འོ་ན། དེ་གཉིས་པོ་གང་གི་རྗེས་སུ་འབྲང་ཞེ་ན། དེ་གཉིས་ཀྱི་དགོངས་པ་ཟབ་པས་ཁ་ཚོན་བཅད་དཀའ་ཡང་མཉམ་མེད་ཙོང་ཁ་པའི་རྒྱལ་ཚབ་ཀྱི་བཞེད་པ་ལྟར་ཕྱི་མའི་རྗེས་སུ་འབྲང་རིགས་ཏེ། ཚད་མ་མདོའི་དར་ཊཱིཀ་ལས། དེ་དག་གང་གི་རྗེས་སུ་འབྲང་ཞེ་ན། ཆེན་པོ་གཉིས་ཀྱི་དགོངས་པ་ཟབ་པས། ཞེས་པ་ནས། འདྲེན་པ་རྣམས་ཀྱིས་ཕྱི་མ་ལྟར་བཞེད་པས། དེ་ལྟར་ཁས་བླང་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག། །རྒྱན་མཁན་པོའི་རྗེས་སུ་འབྲངས་ནས། སྒོ་སྟེང་གི་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་མངོན་སུམ་ཚད་མ་དང་། ཁ་ཅིག། །ལྷ་ཤཱཀ་གཉིས་ཀྱི་རྗེས་སུ་འབྲངས་ནས་དེ་ལྟར་འཛིན་པའི་བློ་རྗེས་དཔག་ཚད་མ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་ལོག་ཤེས་ཡིན་པའི་ཕྱིར། དེར་ཐལ། ཡུལ་ངོ་བོ་རྣམ་པ་གསུམ་ལ་འཁྲུལ་བའི་ལོག་ཤེས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཡུལ་ནོར་བུ་སྒོ་སྟེང་དུ་མེད་པའི་ཕྱིར། གཉིས་པ་དེར་ཐལ། ནོར་བུའི་འོད་དེ་ངོ་བོ་ནོར་བུ་མ་ཡིན་པའི་ཕྱིར། གསུམ་པར་དེར་ཐལ། དེ་ནོར་བུའི་རྣམ་པ་མ་ཡིན་པའི་ཕྱིར། གཞན་ཡང་། ཁྱོད་ཀྱིས་སློབ་དཔོན་དེ་གསུམ་གྱི་འདོད་པ་འཆད་ཚུལ་དེ་མི་འཐད་པར་ཐལ། དེ་རྣམས་ཀྱི་སྒོ་སྟེང་གི་ནོར་བུའི་འོད་འཛིན་པའི་དབང་ཤེས་དེ་མངོན་སུམ་དང་། དེ་ལ་བརྟེན་ནས་སྒོ་ཅན་དེའི་ནང་དུ་ནོར་བུ་ཡོད་པར་རྟོགས་པའི་བློ་དེ་རྗེས་དཔག་ཡིན་ནོ། །ཞེས་འཆད་པ་ལ། ཚད་མ་རྒྱན་ལས། དེའི་ཕྱིར་ནོར་བུའི་འོད་ལས་ནི་ནོར་བུ་འཛིན་པའི་བློ་དེ་ཉིད་དུ་ན་མངོན་སུམ་མམ། ཡང་ན་རྗེས་དཔག་ཉིད་དུ་ངེས་སོ། །ཞེས་གསུངས་པའི་ཕྱིར། རིགས་གཏེར་རྗེས་འབྲང་ཁ་ཅིག་ན་རེ། མངོན་སུམ་གྱི་གྲངས་ངེས་དེ་ལ་བྱེ་སྨྲས་གསུམ་ཁོ་ནར་འདོད། མདོ་སྡེ་པས་བཞི་ཁོ་ནར་འདོད། དངོས་སྨྲ་པས་གཉིས་ཁོ་ནར་འདོད་ཟེར་ན། འོ་ན། རིགས་གཏེར་ལས། མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་རྣམ་རིག་པས་དེ་ལ་རང་རིག་དོན་རིག་གམ། རང་རིག་རྣལ་འབྱོར་མངོན་སུམ་གཉིས་ཁོ་ནར་གྲངས་ངེས་ཞེས་བསྟན་པར་ཐལ། འདོད་པའི་ཕྱིར་། འདོད་མི་ནུས་ཏེ། རིགས་གཏེར་དར་ཊཱིཀ་ལས། དེ་ནི་བཞི་པོ་དབང་པོ་ལ་བརྟེན་ནས་ཞེས་སོགས་ཀྱིས་མདོ་སེམས་ཐུན་མོང་བའི་ལུགས་ལ་ཆོག་པ་ལྟར་དེ་ལ་བཞིར་གྲངས་ངེས་པར་བསྟན་པའི་ཕྱིར། ཡང་ཁ་ཅིག། །སྐབས་འདིར་མངོན་སུམ་བཞི་བཤད་པ་དེ་ཕུང་སུམ་སེལ་བའི་གྲངས་ངེས་ཀྱི་དབང་དུ་བྱས་པ་ཡིན་ཟེར་ན། གཞན་སེམས་ཤེས་པའི་མངོན་ཤེས་དེ་འདིར་བསྟན་མངོན་སུམ་བཞི་པོ་གང་རུང་ཡིན་པར་ཐལ། མངོན་སུམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྐབས་འདིར་གྲུབ་མཐའ་ལ་རྩོད་པ་སྤོང་བའི་སྐབས་ཡིན་པས། དེ་བཞི་པོ་གང་རུང་གི་ནང་དུ་བསྡུས་ནས་མ་བསྟན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་གསུངས་པའི་ཕྱིར་དང། རིགས་ཐིག་དར་ཊཱིཀ་ལས། གཞན་སེམས་ཤེས་པའི་མངོན་ཤེས་མངོན་སུམ་ཡིན་ཀྱང་བཞི་པོ་འདི་གང་གི་ནང་དུ་ཡང་དབྱེ་བར་མ་བཀོད་ལ། ཞེས་པ་ནས། རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་གསུངས་པའི་ཕྱིར། གཞན་ཡང་། སྐབས་འདིར་མངོན་སུམ་ལ་བཞིར་བཤད་པ་ནི་ཕུང་སུམ་སེལ་བའི་གྲངས་ངེས་ཀྱི་དབང་དུ་བྱས་ནས་བཤད་པ་མ་ཡིན་པར་ཐལ། དེ་ལོག་རྟོག་སེལ་བའི་དབང་དུ་བྱས་པའི་ཕྱིར། དེར་ཐལ། བྱེ་བྲག་སྨྲ་བས་མིག་དབང་སོགས་ཁོ་ན་ལྟ་བྱེད་དང་། མདོ་སྡེ་པས་ཡིད་མངོན་བཤད་པ་ལ་དགག་པ་བྱས་ཤིང་། བྱེ་སྨྲས་རང་རིག་མི་བཞེད་པ་དང་། མུ་སྟེགས་དཔྱོད་པ་བས་རྣལ་འབྱོར་མངོན་སུམ་མི་འདོད་པ་སོགས་ཀྱི་ལོག་རྟོག་སེལ་བའི་ཆེད་ཡིན་པའི་ཕྱིར། དེར་ཐལ། རིགས་ཐིག་དར་ཊཱིཀ་ལས། བཞིར་དབྱེ་བ་ནི། ཞེས་པ་ནས། ལོག་པར་རྟོག་པ་བསལ་བའི་ཕྱིར་དགོས་པ་ལ་ལྟོས་པའི་གྲངས་ངེས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག། །སེམས་ཙམ་པའི་ལུགས་ལ། མངོན་སུམ་ཡིན་ན་མ་འཁྲུལ་བ་ཡིན་པས་ཁྱབ་པར་ཐལ། རིགས་གཏེར་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་པ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། མངོན་སུམ་ཡིན་ན་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པས་ཁྱབ་ཅེས་པའི་དོན་ཡིན་པའི་ཕྱིར་ཏེ། བྱིས་པ་འཇུག་པའི་རྟོག་གེ་ལས། འཁྲུལ་བ་ནི་རབ་རིབ་དང་གྲུར་ཞུགས་པ་དང་མགལ་མེ་བསྐོར་བ་སོགས་དབང་པོ་ལ་གནོད་པའི་རྐྱེན་བྱེད་པ་སྟེ། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། སོ་སྐྱེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རང་གི་སྣང་ཡུལ་ལ་མ་འཁྲུལ་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་གཟུགས་གཟུགས་སུ་སྣང། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་སྣང་། དེ་ཐ་སྙད་དུ་སྣང་བ། དེ་ཕྱི་རོལ་དོན་དུ་སྣང་བ་བཞི་ཡོད་པའི་ཕྱིར། ཚད་མ་ཀུན་བཏུས་དར་ཊཱིཀ་ལས། སེམས་ཙམ་པས་བརྟན་བྱུང་གི་ཤེས་པ་འཁྲུལ་རྒྱུ་དེ་དག་གིས་མ་བསྐྱེད་པར་འདོད་ཀྱང་། ཤེས་པ་དེ་ལ་མ་འཁྲུལ་བས་ཁྱབ་པ་མདོ་སྡེ་པས་འདོད་ཀྱི། སེམས་ཙམ་པས་ཁས་མི་ལེན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེས་ན་རིགས་གཏེར་ལས་བཤད་པ་དེ་མདོ་སེམས་ཐུན་མོང་བའི་དབང་དུ་བྱས་པ་ཡིན་གྱི། སེམས་ཙམ་པ་རང་ལུགས་ལ། རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་འབྱུང་གི་མི་བསླུ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་ཡིན་ཏེ། རྣམ་ངེས་དར་ཊཱིཀ་ལས། བག་ཆགས་བརྟན་པ་ནི། འཁོར་བ་ཇི་སྲིད་ཀྱི་བར་དུ་འཇུག་པའི་ཕྱིར་བག་ཆགས་བརྟན་པ་ལས་བྱུང་བ་ནི་མི་བསླུ་བ་ཉིད་དུ་འཇོག་གོ །ཞེས་གསུངས་པའི་ཕྱིར།ཡང་ཁ་ཅིག། །མངོན་སུམ་གྱི་སྒྲ་བཤད་འཇུག་གཉིས་གཅིག་ཟེར་ན། དེ་མི་འཐད་པར་ཐལ། སྒྲ་བཤད་པའི་ཚེ་དབང་པོའི་སྒོ་ནས་བཤད་དགོས། འཇུག་པའི་ཚེ་དོན་དེ་མངོན་དུ་གྱུར་པ་ཞེས་བཤད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། བྱིས་པ་འཇུག་པའི་རྟོག་གེ་ལས། དབང་པོ་ལ་བརྟེན་པ་ནི་མངོན་སུམ་གྱི་སྒྲས་བཤད་པའི་རྒྱུ་མཚན་ཙམ་མོ། །ཞེས་གསུངས་པའི་ཕྱིར། ཚད་མ་མདོ་ལས་ཀྱང་། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་དང་། ཟླ་བ་གྲགས་པས་ཀྱང་གྲུབ་མཐའ་འོག་མའི་མངོན་སུམ་གྱི་སྒྲ་བཤད་བཀོད་པའི་ཚེ་བཞི་བརྒྱ་པའི་འགྲེལ་བར། དབང་པོ་དང་དབང་པོ་ལ་བརྟེན་ནས་འཇུག་པ་མངོན་སུམ་མོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྟོག་གེའི་སྐད་ལས། མངོན་སུམ་གྱི་སྒྲ་འཇུག་པའི་རྒྱུ་མཚན་ནི་དོན་མངོན་དུ་བྱེད་པ་ཁོ་ན་ལ་གྲགས་པའི་དབང་ལས་རྟོགས་པར་བྱ་སྟེ། དཔེར་ན་འདམ་སྐྱེས་བཞིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། མངོན་སུམ་གྱི་སྒྲ་བཤད་པའི་ཚེ་དབང་པོ་ལ་བརྟེན་དགོས་པར་ཐལ། མངོན་སུམ་གྱི་སྐད་དོད་པྲཏྱ་ཀྵ་སོ་སོར་ཕྲལ་ན། པྲ་ཏི་ཞེས་པ་སོ་སོ་དང་དོན་དེ་དང་དེ་ཞེས་ཟློས་པ་སོགས་ལ་འཇུག །ཨཀྵ་དབང་པོ་ལྔ་ལ་འཇུག་པའི་ཕྱིར། ཛེ་ཏཱ་རིས། དེས་ནི་རྣམ་པ་གང་ཅི་ཡང་རུང་སྟེ་དོན་ནི་བདག་ཉིད་ཀྱང་རུང་མངོན་དུ་བྱེད་པའི་དོན་མངོན་སུམ་གྱི་སྒྲའི་བརྗོད་བྱར་གྲགས་སོ། །ཞེས་གསུངས་པའི་ཕྱིར།

རང་ལུགས་ལ། མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན། སྒྲ་དོན། གྲངས་ངེས་ཀྱི་དོན་དང་ལྔ། དང་པོ་ལ། མདོ་སྡེ་པའི་ལུགས། སེམས་ཙམ་པའི་ལུགས། གྲུབ་མཐའ་གོང་མའི་ལུགས་ཅུང་ཟད་བཤད་པ་གསུམ། དང་པོ་ནི། རྟོག་བྲལ་མ་འཁྲུལ་པའི་རིག་པ། མངོན་སུམ་གྱི་མཚན་ཉིད། དེ་ལ་དབྱེ་ན། དབང་མངོན། ཡིད་མངོན། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་དང་བཞི་ཡོད།

གཉིས་པ་དབྱེ་བ་སོ་སོའི་དོན་བཤད་པ་ལ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་བྱུང་ཞིང་རྟོག་བྲལ་མ་འཁྲུལ་པའི་གཞན་རིག་དེ། དབང་མངོན་གྱི་མཚན་ཉིད། དེ་ལ་དབྱེ་ན། གཟུགས་འཛིན་པའི་དེ། ནས། རེག་བྱ་འཛིན་པའི་དབང་མངོན་གྱི་བར་ལྔ་ཡོད། དེ་རེ་རེ་ལ་རང་ཡིན་པར་གྱུར་པའི་ཚད་མ་དང་། བཅད་ཤེས་དང་། སྣང་ལ་མ་ངེས་ཀྱི་བློ་གསུམ་རེ་ཡོད། དང་པོ་གསུམ་སོ་སོའི་མཚན་གཞི་ཡོད་དེ། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་ལྟ་བུ་དང་པོའི་མཚན་གཞི། དེ་སྐད་ཅིག་གཉིས་པ་གཉིས་པའི་མཚན་གཞི། ངས་གཟུགས་མཐོང་ངམ་མ་མཐོང་སྙམ་པའི་ཐེ་ཚོམ་འདྲེན་པའི་དབང་མངོན་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། ཡང་དེ་ལྔ་པོ་རེ་རེ་ལ་རྐྱེན་གསུམ་རེ་ཡོད་དེ། རང་རང་གི་དམིགས་རྐྱེན།བདག་རྐྱེན། དེ་མ་ཐག་རྐྱེན་གསུམ་རེ་ཡོད་པའི་ཕྱིར། གཟུགས་འཛིན་དབང་མངོན་ལ་རང་གི་རྣམ་པ་གཏོད་བྱེད་ཀྱི་རྐྱེན་དེ། དེའི་དམིགས་རྐྱེན་གྱི་མཚན་ཉིད། གཟུགས་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པའི་མི་རྟག་པ་རགས་པ་རྣམས་དེ་ཡིན་པའི་ཕྱིར། ཕྲ་མོ་མི་འཇོག་པའི་རྒྱུ་མཚན་ཡོད་དེ། དུས་མཐའི་སྐད་ཅིག་མ་དང་། རྡུལ་ཕྲ་རབ་རྣམས་་ཡིན་པ་གཅོད་པའི་ཕྱིར།དེའི་དམིགས་རྐྱེན་དང་དེའི་གཟུང་དོན་གཉིས་སྐབས་འདིར་ཡིན་ཁྱབ་མཉམ་ཡིན་ནོ། །གཟུགས་འཛིན་དབང་མངོན་རང་དབང་དུ་སྐྱེད་པར་བྱེད་པའི་རྐྱེན་དེ་དེའི་བདག་རྐྱེན་གྱི་མཚན་ཉིད། དེ་ལ་དབྱེ་ན། ཐུན་མོང་མ་ཡིན་པའི་བདག་རྐྱེན་དང་། ཐུན་མོང་པའི་བདག་རྐྱེན་གཉིས་ཡོད། གཟུགས་འཛིན་དབང་མངོན་གཟུགས་འཛིན་ནུས་སུ་ཐུན་མོང་མ་ཡིན་པར་དངོས་སུ་སྐྱེད་པར་བྱེད་པའི་རྐྱེན་དེ་དང་པོའི་མཚན་ཉིད། མཚན་གཞི་མིག་དབང་ལྟ་བུ། དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ལས་གཞན་པའི་དེ་རང་དབང་དུ་གཙོ་བོར་སྐྱེད་པའི་རྐྱེན་དེ། གཉིས་པའི་མཚན་ཉིད། མཚན་གཞི། དེའི་བདག་རྐྱེན་གྱི་ཡིད་ལྟ་བུ། དེ་གསལ་རིག་ཏུ་བྱེད་པའི་རྐྱེན་གསུམ་པའི་མཚན་ཉིད། མཚན་གཞི་ནི། དེའི་སྔ་ལོགས་དེ་མ་ཐག་པའི་ཡིད་ཤེས་ལྟ་བུ་ཡིན།ལྷག་མ་རྣམས་རིགས་འདྲ།

གཉིས་པ་ཡིད་མངོན་ལ་མཚན་ཉིད། དབྱེ་བ། སྐྱེ་ཚུལ་གསུམ། དང་པོ་ནི། རང་འདྲེན་བྱེད་ཀྱི་དབང་མངོན་ལས་བྱུང་ཞིང་དེའི་བཟུང་དོན་སྐད་ཅིག་གཉིས་པ་འཛིན་པའི་རང་ཉིད་རྟོག་བྲལ་མ་འཁྲུལ་པའི་ཆ་ནས་བཞག་པའི་གཞན་རིག་མངོན་སུམ་དེ་དེའི་མཚད་ཉིད། སྔོར་སྣང་དབང་མངོན་གྱིས་དྲངས་བའི་སྔོན་འཛིན་ཡིད་མངོན་ལྟ་བུ་དེའི་མཚན་གཞི། དེའི་མཚན་ཉིད་ཀྱི་ཟུར་དུ་རང་འདྲེན་བྱེད་ཀྱི་དབང་མངོན་གྱི་བཟུང་ཡུལ་སྐད་ཅིག་གཉིས་པ་འཛིན་ཞེས་སྨོས་པས་རང་ཡུལ་ད་ལྟར་བ་འཛིན་ནམ་སྙམ་པ་དང་། དེ་བཅད་ཤེས་ཡིན་ནམ་སྙམ་པའི་ལོག་རྟོག་སེལ་ཏེ། རྟོག་གེའི་སྐད་ལས། སྐད་ཅིག་གཉིས་པ་འཛིན་པའི་ཕྱིར། བཟུང་ཟིན་པ་འཛིན་པ་ཉིད་བསལ་ལོ། །ཞེས་གསུངས་པའི་ཕྱིར། མཚུངས་པ་དེ་མ་ཐག་སྨོས་པས་རྣལ་འབྱོར་མངོན་སུམ་བསལ་ཞིང་། དབང་པོའི་མངོན་སུམ་ལས་བྱུང་ཞེས་པས་ཕྱི་རོལ་པས་ལོང་པ་དང་འོན་པ་སོགས་མེད་པར་ཐལ་བའི་ལོག་རྟོག་བསལ་ཏེ། རྟོག་གེའི་སྐད་ལས། དབང་པོའི་ཤེས་པ་ལས་སྐྱེས་པའི་ཡིད་ཡིན་པས། ཞེས་པ་ནས། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ཁྱད་པར་གྱིས་ཀྱང་རྣལ་འབྱོར་པའི་ཤེས་པ་ཡིད་ཀྱི་མངོན་སུམ་ཉིད་དུ་ཐལ་བ་བསལ་ཏེ། ཞེས་པའི་བར་གསུངས་པའི་ཕྱིར། དེས་ན་ཡིད་མངོན་ཡིན་ན་དབང་མངོན་གྱི་རྗེས་སུ་བྱུང་བས་ཁྱབ་སྟེ། རྟོག་གེའི་སྐད་ལས། དབང་མངོན་འདས་མ་ཐག་ཏུ་ཡིད་མངོན་སྐྱེ་བའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་དེ་ལ་དབྱེ་ན། གཟུགས་འཛིན་ཡིད་མངོན་ནས་རེག་བྱ་འཛིན་པའི་ཡིད་མངོན་པར་ལྔ་ཡོད། གསུམ་པ་སྐྱེ་ཚུལ་ལ་རིགས་གཏེར་རྗེས་འབྲངས་དང་བཅས་པ་ན་རེ། དང་པོར་དབང་མངོན་སྐད་ཅིག་མ་གཅིག་སྐྱེ། དེ་རྗེས་སུ་ཡིད་མངོན་སྐད་ཅིག་མ་གཅིག་སྐྱེ། དེ་རྗེས་དབང་མངོན་སྐད་ཅིག་མ་གཅིག་སྐྱེ་བ་སོགས་དབང་ཡིད་སྤེལ་མར་སྐྱེ་བ་རྒྱན་མཁན་པོའི་ལུགས་སུ་བྱས་པ་དང་། ཡང་དང་པོར་དབང་མངོན་སྐད་ཅིག་མ་གཅིག་སྐྱེ། དེའི་རྗེས་དེས་དེ་མ་ཐག་རྐྱེན་དང་དབང་པོས་བདག་རྐྱེན་བྱས་ནས་དབང་མངོན་སྐད་ཅིག་མ་གཉིས་པ་དང་། ཡིད་མངོན་སྐད་ཅིག་དང་པོ་གཉིས་རྐྱེན་མཚུངས་པས་སྐྱེད་ལ། དབང་མངོན་སྐད་ཅིག་གཉིས་པ་ནས་མཐར་འགག་པའི་བར་དུས་མཉམ་ཡིན་ལ། འདི་ལ་ཕྱིར་ལྟའི་མངོན་སུམ་གཉིས་དང་། ནང་ལྟའི་རང་རིག་གི་འགྲོས་གཅིག་དང་གསུམ་སྟེ། མངོན་སུམ་འགྲོས་གསུམ་པ་འདི་བྲམ་ཟེ་བདེ་བྱེད་དགའ་བའམ་ཤཾ་ཀ་ར་ནནྡའི་ལུགས་སུ་བྱས་པ། ཡང་དབང་མངོན་གྱི་རྒྱུན་མཐའ་ཁོ་ནར་སྐྱེ་བ་སློབ་དཔོན་ཆོས་མཆོག་གི་ལུགས་གསུམ་གྱི་སྔ་ཕྱི་གཉིས་མི་འཐད་ལ། བར་མ་དག་འཐད་ཟེར་ཏེ། རིགས་གཏེར་ལས། སྤེལ་མ་དང་ནི་རྒྱུན་གྱི་མཐའ། །གཉིས་ཀ་ལ་ཡང་གནོད་བྱེད་ཡོད། །ཅེས་སོ། །རྒྱན་གྱི་ལུགས་སྤེལ་མར་འདོད་པ་མི་འཐད་པར་ཐལ། དེ་རྒྱན་གྱི་འགྲེལ་བ་འགྲེལ་བཤད་བོད་དུ་འགྱུར་བ་གཅིག་ལས་ཀྱང་མི་འབྱུང་པའི་ཕྱིར། དེར་ཐལ། སྡེ་བདུན་ཡིད་གྱི་མུན་སེལ་ལས། དབང་ཡིད་སྤེལ་ནས་སྐྱེ་བར་རྒྱན་མཁན་པོས་བཞེད་དོ། །ཞེས་མཁས་པ་རྣམས་ལ་གྲགས་པ་ཙམ་དུ་ཟད་ཀྱི། བོད་དུ་འགྱུར་བའི་རྒྱན་རྗེས་འབྲངས་དང་བཅས་པའི་གཞུང་ལུགས་གང་ནའང་མི་གསལ་ལོ། །ཞེས་དང་། རིགས་གཏེར་དར་ཊཱིཀ་ལས་ཀྱང་། སྤེལ་མར་སྐྱེ་བ་ད་ལྟར་འགྱུར་བའི་རྒྱན་གྱི་འགྲེལ་བ་ན་མི་སྣང་ངོ་། །ཞེས་གསུངས་པའི་ཕྱིར། སྤེལ་མར་སྐྱེ་བ་ཐ་ཆད་ཡིན་པར་ཐལ།གནོད་བྱེད་མང་ལ་རྣམ་འགྲེལ་ལུགས་ལས་ཕྱིར་གྱུར་ཀྱང་དེ་ལུགས་སུ་སྨྲ་བའི་ཕྱིར། མ་གྲུབ་ན། དབང་མངོན་རིམ་གྱིས་སྐྱེ་ཚེ་བར་མ་ཆད་པར་ཡུལ་མི་འཛིན་པར་ཐལ། དབང་ཡིད་སྐད་ཅིག་མ་སྤེལ་མ་དེའི་ཕྱིར། འདོད་མི་ནུས་ཏེ། རྣམ་འགྲེལ་ལས། རིམ་གྱིས་འཛིན་ན་དེ་མྱོང་བ། །རྣམ་ཆད་མེད་པར་སྣང་མི་འགྱུར། ཞེས་གསུངས་པའི་ཕྱིར། དེས་ན་རྒྱན་གྱི་ལུགས་ལ་དབང་ཡིད་སྤེལ་མར་འདོད་པ་མི་འཐད་པར་ཐལ། རྒྱན་གྱི་ལུགས་ལ་དབང་མངོན་ཡིད་མངོན་དུས་མཉམ་པ་བཞེད་པའི་ཕྱིར། དེར་ཐལ། སློབ་དཔོན་དེས་ཡིད་མངོན་ལ་རྟོག་པ་གཅིག་འདོད་པས། དབང་མངོན་དུས་སུ་ཡང་རྟོག་པ་སྐྱེ་བ་མི་འགལ་པའི་ཕྱིར། དེར་ཐལ། རྒྱན་ལས། གོམས་ལས་མདུན་ན་གནས་པ་ལ། །འདི་འོ་ཞེས་ནི་ཤེས་པ་གང་། །མངོན་སུམ་བྱེད་ཕྱིར་དེ་ལ་ནི། །ཡིད་ཀྱི་མངོན་སུམ་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར་དང་། ཆོས་མཆོག་དང་བརྩད་ཚུལ་ཡང་ཡོད་མོད་ཀྱི་གཞན་དུ་སྤྲོའོ། །འདིས་འགྲོས་བརྩི་ན་འགྲོས་གསུམ་པར་བྱའོ། །རྒྱན་གྱི་ལུགས་དེ་རྣམ་འགྲེལ་གྱི་མངོན་སུམ་དུ་མི་རུང་བར་ཐལ་བ་དང་། དེ་ལ་སྒྲུབ་འཇུག་གི་རྟོག་པ་ཡོད་པར་ཐལ་བ་དང་། མངོན་སུམ་རྟོག་བྲལ་དུ་མདོ་དང་སྡེ་བདུན་གྱིས་བཤད་པ་མི་འཐད་པར་ཐལ་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར། ཐལ་འགྱུར་བའི་ཕྱོགས་ཡིན་ན་རུང་བར་འགྱུར་རོ། །ཡང་བྲམ་ཟེའི་བཞེད་པར་འདོད་ཚུལ་དེ་ཡང་མི་འཐད་པར་ཐལ། དེ་བྲམ་ཟེའི་གཞུང་འགྱུར་བ་དང་། འཕགས་ཡུལ་གྱི་མཁས་པས་དེའི་བཞེད་པར་སྟོན་བྱེད་མེད་པས་དམ་བཅའ་ཙམ་དུ་འགྱུར་བའི་ཕྱིར་། དེར་ཐལ། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། བྲམ་ཟེ་ཆེན་པོའི་བཞེད་པ་ཡིན་ཞེས་སྔ་མ་དག་ལ་གྲགས་པ་ཙམ་མ་གཏོགས་བྲམ་ཟེའི་བོད་དུ་འགྱུར་བའི་གཞུང་ལུགས་གང་ནའང་ཁུངས་མེད་ཅིང་། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཁྱོད་ཀྱིས་དེ་ལ་འགྲོས་གསུམ་ངེས་ཅན་བྱས་ནས་རྩི་དགོས་པར་འདོད་པ་མི་འཐད་པར་ཐལ། འགྲོས་བདུན་ཀྱང་རྩི་འདོད་ན་བརྩིས་ཆོག་པའི་ཕྱིར། དེར་ཐལ། ཡུལ་གྱི་སྒོ་ནས་འགྲོས་ལྔ་དང་དབང་བོ་དང་ཡིད་བྱེད་ཀྱི་འགྲོས་གཉིས་དང་བདུན་ཡོད་པའི་ཕྱིར་ཏེ། རིགས་གཏེར་དར་ཊཱིཀ་ལས། ཡུལ་གྱི་འགྲོས་སྦྱར་ན་ལྔར་འགྱུར་ལ། དབང་བོ་དང་ཡིད་ཀྱི་འགྲོས་བསྣན་ན་བདུན་དུ་འགྱུར་རོ། །ཞེས་དང་། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། སྐྱེ་ཚུལ་འདི་ལ་འགྲོས་དུ་ཡོད་བརྩིས་པ་ལ་དགོས་པ་ཆེན་པོ་ཡོད་པར་མ་གོ་བས། འགྲོས་དུ་ཡོད་རྩི་དགོས་པའི་ངེས་པ་མེད་ལ། ཞེས་གསུངས་པའི་ཕྱིར། གཞན་ཡང་། མིག་གི་དབང་མངོན་ཡུལ་གཟུགས་ལ་འཇུག་བཞིན་པའི་དུས་སུ་སོ་སྐྱེ་དེའི་རྒྱུད་ལ་གཟུགས་གསལ་བར་མཐོང་བའི་ཡིད་མངོན་འདོད་པ་ཤིན་ཏུ་ཐ་ཆད་ཡིན་པར་ཐལ། དེ་ནི་སྡེ་བདུན་རྩ་འགྲེལ་སོགས་ཡིད་མངོན་གྱི་མཚན་ཉིད་སྟོན་པའི་གཞུང་ཐམས་ཅད་དང་འགལ་བ་གང་ཞིག །དེར་མ་ཟད། རྣམ་འགྲེལ་ལས། གཅིག་ཅར་རིགས་མི་མཐུན་སྐྱེ་ཡང་། །ཤིན་ཏུ་གསལ་བའི་སེམས་གཅིག་གིས། །ཞེས་སོགས་དང་། རྣམ་ཤེས་དོན་གཞན་ཞུགས་པ་ཡི། །ཞེས་སོགས་དུ་མ་དང་དངོས་སུ་འགལ་བའི་ཕྱིར། དང་པོ་གྲུབ་སྟེ། དབང་པོས་རྒྱུ་བྱས་པ་དང་། དབང་མངོན་གྱི་བཟུང་དོན་སྐད་ཅིག་གཉིས་པ་བཟུང་བར་བཤད་པའི་རྒྱུ་མཚན་ཐམས་ཅད་དང་འགལ་བའི་ཕྱིར་ཤིན་ཏུ་རྟོགས་སླ། གཞན་ཡང་། བྲམ་ཟེའི་ལུགས་ལ་ཁྱོད་དང་པོར་དབང་མངོན་སྐད་ཅིག་མ་གཅིག་ཁོ་ན་དང་། དེ་རྗེས་དབང་མངོན་དང་ཡིད་མངོན་གཉིས་སྐྱེ་བར་འདོད་པ་དང་། དེའི་ལུགས་ལ་མངོན་སུམ་འགྲོས་གསུམ་པ་ཁོ་ནར་བྱེད་པ་མི་འཐད་པར་ཐལ། དེ་ལྟར་ན་མངོན་སུམ་འགྲོས་གཉིས་པ་དང་འགྲོས་གསུམ་པ་གཉིས་ཀར་འདོད་དགོས་པའི་ཕྱིར། དེར་ཐལ། མངོན་སུམ་འགྲོས་གཉིས་པ་གཅིག་དགོས་པ་གང་ཞིག །འགྲོས་གསུམ་པ་ཁྱོད་ཀྱིས་ཁས་བླངས་ཟིན་པའི་ཕྱིར། དང་པོ་གྲུབ་སྟེ། དང་པོར་དབང་མངོན་སྐད་ཅིག་མ་གཅིག་ཁོ་ན་སྐྱེ་དུས་མངོན་སུམ་འགྲོས་གཉིས་པ་ཡིན་པའི་ཕྱིར། དེར་ཐལ། དེ་དུས་དབང་མངོན་དང་རང་རིག་གཉིས་ལས་མངོན་སུམ་གཞན་མེད་པའི་ཕྱིར། མ་གྲུབ་ན། མངོན་སུམ་འགྲོས་གཉིས་པར་དེའི་ཚེ་འགྱུར་རོ་སོགས་སྐྱོན་དུ་མ་འཕེན་ཤེས་པར་བྱ། དེས་ན་རང་ལུགས་ལ། སྡེ་བདུན་གྱི་ཡིད་མངོན་སྐྱེ་ཚུལ་པཎ་ཆེན་ཆོས་མཆོག་ལྟར་དབང་མངོན་གྱི་རྒྱུན་མཐར་སྐྱེ་བ་ཡིན་ཏེ། དེ་སྐྱེ་བ་གང་ཞིག །དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་ཡིད་མངོན་ཡིན་པ་དང་། སྤེལ་མར་སྐྱེ་བ་དང་། རྟོག་བྲལ་གྱི་མངོན་སུམ་འགྲོས་གསུམ་དུ་སྐྱེ་བ་དང་། མངོན་སུམ་རྟོག་བཅས་རྒྱན་ལྟ་བུ་རྣམས་མི་འཐད་པར་སྒྲུབ་ཟིན་པའི་ཕྱིར། རྟགས་ཕྱི་མ་རྣམས་སླ། དང་པོ་གྲུབ་སྟེ། ཡིད་དབང་གིས་བདག་རྐྱེན་བྱས་པའི་གཞན་རིག་མངོན་སུམ་མི་བཞེད་པའི་ཕྱིར་ཏེ། མདོ་ལས། གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། །མིག་དང་ཡིད་ལ་བརྟེན་པའོ། །ཞེས་དང་། ཚད་མ་ཀུན་བཏུས་ལས་ཀྱང་། ཡིད་ཀྱང་དོན་དང་། ཞེས་གསུངས་པའི་ཕྱིར། དབང་མངོན་དུས་སུ་ཡིད་མངོན་མི་སྐྱེ་ལ་དེ་རྫོགས་རྗེས་དེ་མ་ཐག་ཏུ་སྐྱེ་སྟེ། དེ་དག་གི་དུས་སུ་དབང་མངོན་སྐྱེ་བའི་རྒྱུ་ཚོགས་ཚང་མ་ཚང་མཚུངས་ཀྱང་འགལ་རྐྱེན་ཡོད་མེད་དབང་གིས་ཡིན་པའི་ཕྱིར། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། འདི་རྒྱུན་དང་རྒྱུན་མ་རྫོགས་གོང་ལ་རྒྱུ་ཚོགས་ཚང་མ་ཚང་མཚུངས་ཀྱང་འགལ་རྐྱེན་ཡོད་མེད་མི་མཚུངས་ཏེ། རྒྱུན་མ་རྫོགས་གོང་དུ་དབང་ཤེས་བར་མ་ཆད་བར་འབྱུང་བས་ཡིད་མངོན་སྐྱེ་བའི་གོ་བཀག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡིད་མངོན་སྐད་ཅིག་མ་གཅིག་ལས་མི་སྐྱེ་སྟེ། རྒྱུན་སྐྱེ་ན་མྱོང་སྟོབས་ཀྱིས་ངེས་པར་འགྱུར་བས་མི་འཐད་དོ། །ཞེས་སྒྲོ་འདོགས་མི་བྱེད་པའི་ཕྱིར། ཁྱབ་སྟེ། དེས་ན་ཤིན་ཏུ་ལྐོག་གྱུར་ཡིན་པས་ལུང་གི་ཚད་མས་གྲུབ་པའི་ཕྱིར། དེར་ཐལ། འཐད་ལྡན་ཆུང་ངུ་ལས། ཡིད་ཀྱི་མངོན་སུམ་བཤད་པ་ནི་གྲུབ་པའི་མཐའ་ལ་གྲགས་པ་ཙམ་ཡིན་གྱི། འདི་གྲུབ་པར་བྱེད་པའི་ཚད་མ་ནི་ཡོད་པ་མ་ཡིན་ནོ། །ཞེས་དང་།རིགས་ཐིག་དར་ཊཱིཀ་ལེགས་བཤད་རིན་པོ་ཆེའི་གཏེར་ལས། ཡིད་ཀྱི་མངོན་སུམ་དེ་ཡང་བདག་ཅག་རྣམས་ཀྱིས་དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་རྟོགས་པར་བྱ་བ་ཡིན་གྱི། ཚད་མ་གཞན་གྱིས་རྟོགས་པར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སོ་སྐྱེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཆོས་ཅན། ཁྱོད་སོ་སྐྱེ་ལ་ཤིན་ཏུ་ལྐོག་གྱུར་མ་ཡིན་པར་ཐལ།ཁྱོད་དེའི་རྒྱུད་ཀྱི་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་དེ་འཛིན་པའི་རང་རིག་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། ཤེས་པ་ཡིན་ན་རང་འཛིན་པའི་རང་རིག་ཡོད་པས་ཁྱབ་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། རྒྱུན་ལྡན་གྱི་ཤེས་པ་དང་། ཚད་མ་ལ་རང་རིག་མངོན་སུམ་གྱིས་གྲུབ་པས་ཁྱབ་ཀྱང་ཤེས་པ་ཙམ་ལ་རང་རིག་གིས་གཞལ་པས་མ་ཁྱབ་པའི་ཕྱིར། འདི་ཡང་གོ་ཐོབ་བྱས་སོ། །ཁོ་རང་ལ་འོ་ན། ཚུར་མཐོང་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་ཤེས་པ་ཆོས་ཅན། ཁྱོད་ཚུར་མཐོང་གི་རྒྱུད་ཀྱི་མངོན་སུམ་གྱིས་རྟོགས་པར་ཐལ། དེའི་རྒྱུད་ཀྱི་རང་རིག་མངོན་སུམ་གྱིས་རྟོགས་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་གཞན་རིག་གི་ཤེས་པ་ཡིན་པའི་ཕྱིར།ཁྱབ་པ་ཁས། འདོད་ན། འཕགས་པར་ཐལ། འདོད་པའི་ཕྱིར། དེས་ལྷག་མ་རྣམས་རྟོགས་སླའོ། །

གསུམ་པ་རང་རིག་ནི། ཚད་མ་མདོ་ལས། ཆགས་ལ་སོགས། །རང་རིག་རྟོག་པ་མེད་པ་ཡིན། །ཞེས་དང་། རང་འགྲེལ་ལས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པ་ནི་རང་རིག་པ་དང་དབང་བོ་ལ་མི་ལྟོས་པའི་ཕྱིར་རང་རིག་པའི་མངོན་སུམ་མོ། །ཞེས་པའི་དོན་འཆད་པར། བདེ་སོགས་བདག་ཉིད་གཞན་མི་བསྟེན། ཞེས་པ་ནས། ཐ་དད་རྣམ་གཞག་གྲུབ་པ་མིན། ཞེས་བྱུང་། འདིར་རང་རིག་གི་མཚན་ཉིད། དབྱེ་བ། སྒྲུབ་བྱེད་དང་གསུམ། དང་པོ་ནི། འཛིན་རྣམ། རང་རིག་གི་མཚན་ཉིད། རྟོག་བྲལ་མ་འཁྲུལ་བའི་འཛིན་རྣམ། རང་རིག་མངོན་སུམ་གྱི་མཚན་ཉིད། འཛིན་རྣམ་དུ་གྱུར་པའི་རྟོག་བྲལ་མ་འཁྲུལ་པའི་གསར་དུ་མི་བསླུ་བའི་ཤེས་པ་དེ། རང་རིག་མངོན་སུམ་གྱི་ཚད་མའི་མཚན་ཉིད།གཉིས་པ་ནི་དེ་ལ་དབྱེ་ན། རང་ཡིན་པར་གྱུར་པའི་ཚད་མ། བཅད་ཤེས། སྣང་ལ་མ་ངེས་ཀྱི་བློ་གསུམ་ཡོད་དེ། མཚན་གཞི་རིམ་པ་བཞིན་དུ། མིག་ཤེས་ཉམས་སུ་མྱོང་བའི་རང་རིག་སྐད་ཅིག་དང་པོ་ལྟ་བུ་ཚད་མ་དང་། དེ་འདྲ་བའི་རང་རིག་སྐད་ཅིག་གཉིས་པ་ལྟ་བུ་བཅད་ཤེས་དང་། སོ་སྐྱེའི་རྒྱུད་ཀྱི་དུས་མཐའི་སྐད་ཅིག་མའི་ངོ་བོར་གྱུར་བའི་ཡིད་མངོན་འཛིན་པའི་རང་རིག་དང་། བྱེ་བྲག་པའི་རྒྱུད་ཀྱི་བདེ་བ་འཛིན་པའི་རང་རིག་དང་། རྒྱང་ཕན་གྱི་རྒྱུད་ཀྱི་རྗེས་དཔག་ཚད་མ་འཛིན་པའི་རང་རིག་ལྟ་བུ་སྣང་ལ་མ་ངེས་པའི་བློ་ཡིན་པའི་ཕྱིར། གསུམ་པ་སྒྲུབ་བྱེད་ནི། སྔོན་འཛིན་མིག་ཤེས་ཆོས་ཅན། རང་མྱོང་ཅན་གྱི་ཤེས་པ་ཡིན་ཏེ། རང་དྲན་པའི་དྲན་ཤེས་ཡོད་པའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། རང་མྱོང་བྱེད་ཀྱི་རང་རིག་ཡོད་པར་ཐལ།རང་མྱོང་བྱེད་ལ་རང་རིག་གཞན་རིག་གང་རུང་དུ་ངེས། གཞན་རིག་གི་མྱོང་བྱེད་ཐུག་མེད་ཀྱིས་ཁེགས་པའི་ཕྱིར། རྣམ་ངེས་ལས། དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བ་ནི་མེད་ཕྱིར་ཡང་། །ཞེས་དང་། རྣམ་འགྲེལ་ལས། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་སོ། །ཁ་ཅིག །རང་རིག་ལྡན་མིན་འདུ་བྱེད་ཡིན་ཟེར་ན། དེ་ཆོས་ཅན།མངོན་སུམ་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། འདོད་ན། རང་རིག་མངོན་སུམ་བཞིར་ཕྱེ་བའི་ཡ་གྱལ་དུ་བགྲང་པ་དང་དངོས་སུ་འགལ་ལོ། །ཡང་ཁོ་ན་རེ། རང་རིག་ཏུ་གྱུར་པའི་བཅད་ཤེས་མེད་ཟེར་ན། སྔོན་འཛིན་དབང་མངོན་ཉམས་མྱོང་གི་རང་རིག་མངོན་སུམ་ཆོས་ཅན། ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པར་ཐལ། ཁྱོད་རྒྱུན་དང་ལྡན་པའི་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། འཐད་ལྡན་ཆུང་བ་ལས། མངོན་སུམ་དང་ རྗེས་སུ་དཔག་པ་དག་གི་དང་པོའི་སྐད་ཅིག་མ་ཉིད་ནི་ཚད་མ་ཡིན་ལ། དེ་དག་གི་རྒྱུན་ཏུ་གྱུར་བའི་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ནི་ཚད་མ་ཡིན་པ་སྤངས་པའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། རང་རིག་ཏུ་གྱུར་བའི་བཅད་ཤེས་མེད་པར་ཐལ།བཅད་ཤེས་ཉམས་མྱོང་གི་རང་རིག་དེ་བཅད་ཤེས་ལ་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དེ་ལ་ཚད་མ་ཡིན་ཀྱང་། དེའི་ཡང་སྐད་ཅིག་གཉིས་པ་བཅད་ཤེས་བྱས་ཆོག་པའི་ཕྱིར། དཔེར་ན་མངོན་སུམ་བཞིན་ནོ། །

བཞི་བ་རྣལ་འབྱོར་མངོན་སུམ་ནི། ཚད་མ་མདོ་ལས། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་པའི་དོན་རྣམ་འགྲེལ་འདིར་འཆད་པར། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་གོམས་བྱུང་ཡིན། །ཅེས་པ་ནས། ལྷག་མ་ཉེ་བར་བསླད་པ་ཡིན། །ཞེས་བྱུང་། འདིར་རྣལ་འབྱོར་མངོན་སུམ་ལ་མཚན་ཉིད། དབྱེ་བ། སྒྲུབ་བྱེད་གསུམ།དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གོམས་པའི་སྟོབས་ལས་བྱུང་ཞིང་། རང་ཡུལ་ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་པའི་མཁྱེན་པ་དེ་དེའི་མཚན་ཉིད། གཉིས་པ་ནི་དེ་ལ་དབྱེ་ན། རང་ཡིན་པར་གྱུར་པའི་ཚད་མ་དང་། བཅད་ཤེས་གཉིས་ཡོད། རང་ཡིན་གྱི་ཐེག་པ་གསུམ་གྱི་མཐོང་སྒོམ་མི་སློབ་ལམ་སོགས་ཀྱང་ཡོད། རྣལ་འབྱོར་མངོན་སུམ་ལ་སྣང་ལ་མ་ངེས་པ་མེད་དེ། དེ་ཡིན་ན་རང་ལ་སྣང་བ་ཐམས་ཅད་ངེས་པས་ཁྱབ་པའི་ཕྱིར། རྣམ་འགྲེལ་ལས། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། གསུམ་པ་སྒྲུབ་བྱེད་ནི། བརྩེ་བ་དང་། བདག་མེད་རྟོགས་པའི་ཤེས་རབ་གཉིས་རེ་རེ་ནས་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་བསྒོམས་པ་ལས་བསྒོམ་བྱའི་དོན་ལ་གསལ་སྣང་རབ་ཀྱི་མཐར་ཕྱིན་འབྱུང་རུང་ཡིན་ཏེ། རྟེན་བརྟན་པ་གོམས་པར་བྱས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པའི་སེམས་རྒྱུད་ཀྱི་ཆོས་ཡིན་པའི་ཕྱིར། དཔེར་ན་འདོད་ཆགས་བཞིན། ཇི་སྐད་དུ་རྣམ་འགྲེལ་ལས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པའི་ཕྱིར། དེས་ན་རྟེན་སེམས་གསལ་རིག་ཙམ་ཡིན་ལ། དེ་བརྟན་པར་རིག་པ་ཙམ་གྱི་ཡ་མཐའ་དང་མ་མཐའ་ཐུག་མེད་དུ་སྒྲུབ་པའི་རིགས་པས་གྲུབ་པའི་ཕྱིར་ཏེ། །རྒྱན་ལས། དབང་བོ་ཡིད་ཀྱི་ཤེས་པ་ལས། །ཡིད་ཀྱི་ཤེས་པའང་དེ་ལས་ཡིན། །དེ་ལས་ཀྱང་ཡང་དེར་འགྱུར་ཕྱིར། །སྲིད་པ་ཐོག་མཐའ་མེད་པར་གནས། །ཞེས་གསུངས་པའི་ཕྱིར།

གཉིས་པ་སེམས་ཙམ་པའི་ལུགས་ཀྱང་ཕལ་ཆེར་དེ་དང་འདྲ་ཡང་ཅུང་ཟད་བཤད་ན། མངོན་སུམ་རང་གི་ངོ་བོ་དང་། རྐྱེན་གསུམ་གྱི་ཁྱད་པར་དང་། མངོན་སུམ་ལྟར་སྣང་བཤད་པ་དང་། མཚོན་བྱ་རྗེས་བརྗོད་མཚན་ཉིད་སྒྲུབ་པའི་སྒྲ་དོན་བཤད་པ་དང་བཞི། དང་པོ་ལ་མཚན་ཉིད། དབྱེ་བ། སོ་སོའི་དོན་བཤད་པ་གསུམ། དང་པོ་ནི། རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་མི་བསླུ་བའི་ཤེས་པ་དེ། མངོན་སུམ་གྱི་མཚན་ཉིད་ཡིན་ཏེ། རྣམ་ངེས་ལས། གཞན་བག་ཆགས་བརྟན་པའི་ཕྱིར་འཁོར་བ་ཇི་སྲིད་བར་རྗེས་སུ་འབྲེལ་བ་དེ་ནི་ཐ་སྙད་དུ་མི་བསླུ་བ་ལ་ལྟོས་ཏེ་འདིར་ཚད་མ་ཡིན་ནོ། །ཞེས་དང་། དེའི་འཐད་ལྡན་ལས། རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་ནི་སློབ་དཔོན་གྱིས་བག་ཆགས་བརྟན་པ་དང་མི་བརྟན་པ་དག་གི་རྣམ་པར་བཞག་པ་མཐོང་ལ། ཞེས་སོགས་གསུངས་པའི་ཕྱིར། མདོ་སེམས་ཐུན་མོང་བ་སྔར་ལྟར་ཡིན་ལ། སེམས་ཙམ་པའི་ཐུན་མོང་མ་ཡིན་པར་བྱེད་ན་དེ་ལྟར་སྦྱར་དགོས། གཉིས་པ་དབྱེ་ན་དབང་མངོན། ཡིད་མངོན། རང་རིག །རྣལ་འབྱོར་མངོན་སུམ་བཞི་ཡོད། དང་པོ་ལ། གཟུགས་འཛིན་དབང་མངོན་ནས་རེག་འཛིན་དབང་མངོན་བར་ལྔ་ཡོད། དེ་རེ་རེ་ལ་རང་ཡིན་གྱི་ཚད་མ་དང་བཅད་ཤེས་གཉིས་གཉིས་ཡོད། སྣང་ལ་མ་ངེས་པ་ཡང་ཡོད། གཉིས་པ་ཡིད་མངོན་ཡང་སྡེ་བདུན་ལས་བཤད་པའི་ངོ་བོ་དབྱེ་བ་སྐྱེ་ཚུལ་སྔར་དང་འདྲ་ལ། ས་སྡེ་ན་ཅུང་ཟད་ཁྱད་པར་ཡོད་ཀྱང་མ་སྨོས་པས་དེར་ལྟོས། གསུམ་པ་རང་རིག་ཀྱང་སྔར་ལྟར་མདོ་སྡེ་བ་སེམས་ཙམ་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་འདོད་ལ། ཐལ་འགྱུར་བ་དང་མདོ་སྡེ་སྤྱོད་པའི་དབུ་མ་པ་དག་མི་འདོད་དོ། །བཞི་པ་རྣལ་འབྱོར་མངོན་སུམ་ལ་མདོ་སྡེ་བ་ལྟར་སྣང་ཡུལ་ལ་རང་མཚན་གྱིས་ཁྱབ་པ་དང་། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པར་འདོད་པའི་ལུགས་གཉིས་ཡོད་དེ། ཕྱི་མ་ནི་ཐེག་བསྡུས་སུ་བཤད་ཅིང་། ལང་གཤེགས་ཀྱི་དགོངས་པར་རྣལ་འབྱོར་སྤྱོད་པའི་དབུ་མ་བ་དང་གཉིས་ཀས་འདོད་པའི་ཕྱིར། །

གཉིས་པ་སེམས་ཙམ་པའི་རྐྱེན་གསུམ་ནི། དམིགས་བརྟགས་ལས། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་པ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་པ་འདིས་སྔོན་འཛིན་དབང་མངོན་གྱི་སྣང་བའི་དམིགས་རྐྱེན་དང་། དེའི་དམིགས་རྐྱེན་བཏགས་པ་བ་བསྟན་ཏེ། དེས་དབང་ཤེས་ལས་ཕྱི་རོལ་ལྟ་བུར་སྣང་བའི་སྔོན་པོ་སོགས་ནི།དབང་ཤེས་དེ་དང་དེའི་དོན་ཡིན་ཏེ། དམིགས་པ་ཡིན་ལ་དེ་དང་དེའི་རྐྱེན་ཡང་ཡིན་པས་དམིགས་རྐྱེན་ཡིན་ཞེས་བཤད་པའི་ཕྱིར། དེར་ཐལ། དེ་རྣམ་ཤེས་དེའི་རྣམ་པར་ཤེས་པར་བྱ་བའི་ངོ་བོ་ཡིན་པས་ན་དེའི་དམིགས་པ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། ནང་གི་རྣམ་པར་ཤེས་པ་ནི་དོན་དུ་སྣང་བ་དང་དེ་ལས་སྐྱེ་བའི་ཕྱིར་ཆོས་གཉིས་དང་ལྡན་པ་ནང་ན་ཡོད་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་སྣང་བའི་རྐྱེན་བཤད་དོ། །དེར་མ་ཟད་དབང་ཤེས་ལ་སྣང་བའི་སྔོན་པོ་དེ་དབང་ཤེས་གཅིག་པུ་དེའི་བདག་ཉིད་དུ་གྱུར་བའི་དུས་མཉམ་ཡིན་ཀྱང་འདིར་རྐྱེན་དུ་འདོད་དེ། དེ་ཡུལ་དུ་ཡོད་ན་དབང་ཤེས་དེ་སྐྱེ་ལ་མེད་ན་མི་སྐྱེ་བའི་ཕྱིར། ཇི་སྐད་དུ་དམིགས་བརྟགས་ལས། གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ཞེས་དང་།དེའི་རང་འགྲེལ་ལས། རེ་ཞིག་དེ་ལྟར་སྣང་བ་ཉིད་རྐྱེན་ཡིན་ལ་བཏགས་ན་དེའི་ཕྱོགས་ལྷན་ཅིག་སྐྱེ་པ་ཀོ་ཇི་ལྟར་རྐྱེན་ཡིན་ཞེ་ན། གཅིག་ཆའང་ཞེས་སོགས་ནས། རྐྱེན་ཉིད་ཡིན་པར་སྨྲའོ། ཞེས་གསུངས་པའི་ཕྱིར། འདི་ནི་ཆོས་མངོན་པའི་སློབ་དཔོན་དག་གིས་རྒྱུ་དྲུག་འདོད་པ་དང་བསྟུན་ཙམ་ཡིན་གྱི་རང་ལུགས་མིན་ཏེ། དེ་ནི་དམིགས་རྐྱེན་བཏགས་པ་བ་ཡིན་པའི་ཕྱིར། དེར་ཐལ། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དམིགས་རྐྱེན་གྱི་ཚུལ་འདི་ཡང་རྒྱུ་འབྲས་དུས་མཉམ་སྲིད་པ་དང་། རྒྱུ་འབྲས་ལ་རྫས་གཞན་གྱིས་མ་ཁྱབ་པར་འདོད་པའི་ཆོས་མངོན་པ་བའི་སློབ་དཔོན་དབྱིག་གཉེན་ལ་སོགས་པ་སྔ་མ་དག་གི་འདོད་པ་བརྗོད་པ་ཙམ་ཡིན་གྱི་ཞེས་སོགས་གསུངས་པའི་ཕྱིར། སློབ་དཔོན་རང་ལུགས་ཀྱི་དམིགས་རྐྱེན་གྱི་མཚན་ཉིད་པ་བཤད་པ་ལ་དུས་མཉམ་པ་མི་རུང་ཞིང་། དམིགས་རྐྱེན་ནི་ཤེས་པ་དེའི་སྔ་ལོགས་སུ་བྱུང་བའི་ཤེས་པ་དང་་དེ་གཉིས་རིམ་ཅན་དུ་གྲུབ་པ་དགོས་ཀྱི། གཅིག་ཅར་མི་རུང་བའི་ཕྱིར་ཏེ། དམིགས་བརྟགས་ལས། ཡང་ན་ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ཞེས་གསུངས་པའི་ཕྱིར། དེས་ན་དབང་ཤེས་སྔ་མ་སྔ་མའི་སྟེང་གི་རང་འབྲས་དབང་ཤེས་ཕྱི་མ་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པའི་ནུས་པ་དེ་དང་དེ་ཆོས་ཅན། རིམ་གྱིས་དབང་ཤེས་ཕྱི་མ་ཕྱི་མའི་དམིགས་རྐྱེན་ཡིན་ཏེ། རང་འབྲས་དབང་ཤེས་ཕྱི་མ་ཕྱི་མ་དེ་དག་ལ་ཡུལ་གྱི་རྣམ་པ་འཇོག་པའི་རྐྱེན་ཡིན་པའི་ཕྱིར། དེར་ཐལ། ཚིག་དེའི་ནུས་པ་རྩོད་གཞི་བྱས་འཇོག་ཕྱིར་སྒྲུབ་བྱེད་ལ་བྱེད་དགོས་པའི་ཕྱིར། དེ་ལྟར་མ་བྱས་པར་ཚིག་ཟིན་ལྟར་སྦྲེལ་ན་ཁྱབ་པ་མ་འབྲེལ་བའམ། དབང་ཤེས་ཀྱི་རྒྱུད་རྒྱུར་ཐལ་བའི་སྐྱོན་ཡོད་པའི་ཕྱིར།དེར་ཐལ། བག་ཆགས་བརྟན་འབྱུང་ཞེས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དེས་ནུས་པ་ཆོས་ཅན་དུ་བྱས་ནས་འཇོག་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་སྦྱར་བར་བྱ་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར། བཤད་ཚུལ་དེ་འཐད་པར་ཐལ། སྔོན་འཛིན་དབང་མངོན་གྱི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་སྔོན་པོ་དང་སྔོན་འཛིན་དབང་པོའི་མངོན་སུམ་གྱི་དེ་མ་ཐག་རྐྱེན་གྱི་སྟེང་གི་དབང་མངོན་ཕྱི་མ་སྔོན་པོའི་རྣམ་ལྡན་དུ་སྐྱེད་པའི་ནུས་པ་གཉིས་པོ་དེ་ཆོས་ཅན། སྔོན་འཛིན་དབང་མངོན་ཕྱི་མའི་དམིགས་རྐྱེན་ཡིན་ཏེ། དབང་མངོན་ཕྱི་མ་སྔོན་པོའི་རྣམ་ལྡན་དུ་སྐྱེད་བྱེད་ཀྱི་རྐྱེན་ཡིན་པའི་ཕྱིར་ཞེས་པའི་སྒྲུབ་བྱེད་བསྟན་པའི་ཕྱིར་ཏེ། རང་འགྲེལ་ལས། དོན་དུ་སྣང་བ་དེ་ནི་རང་སྣང་བ་དང་མཐུན་པའི་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པའི་ཕྱིར་ནུས་པ་རྣམ་པར་ཤེས་པའི་རྟེན་བྱེད་པ་མི་འགལ་ལོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོན་དུ་སྣང་བ་དེ་ནི་ཞེས་པས། སྔོན་པོ་དམིགས་རྐྱེན་ནུས་པ་སོགས་ཀྱིས་ནུས་པ་དམིགས་རྐྱེན་དུ་བསྟན་པའི་ཕྱིར། དེར་ཐལ། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དེ་ཡང་སེམས་ཙམ་པའི་ལུགས་ལ་དབང་ཤེས་ལ་ཡུལ་གྱི་རྣམ་པ་ཤར་བ་ཐམས་ཅད་བག་ཆགས་ཀྱི་དབང་གིས་ཤར་བའི་རྣམ་པ་ཡིན་གྱི། ཡུལ་རང་ངོས་ནས་གཏད་པའི་རྣམ་པ་མ་ཡིན་ལ། ཞེས་པ་ནས། དབང་ཤེས་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་བསྐྱེད་པའི་རྩ་བའི་རྐྱེན་ཡིན་པའི་རྒྱུ་མཚན་གྱིས་དེའི་དམིགས་རྐྱེན་དུ་བཞག་པའི་ཚུལ་འདི། ཞེས་གསུངས་པའི་ཕྱིར། སྔོན་འཛིན་དབང་མངོན་གྱི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་སྔོན་པོ་དང་། དབང་པོ་སྔ་མའི་སྟེང་གི་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པའི་ནུས་པ་གཉིས་ཆོས་ཅན། སྔོན་འཛིན་དབང་མངོན་ཕྱི་མའི་དམིགས་པ་ཡང་ཡིན་ལ་རྐྱེན་ཡང་ཡིན་པས་དབང་མངོན་ཕྱི་མའི་དམིགས་རྐྱེན་དུ་འཇོག་པ་མ་ཡིན་པར་ཐལ། མངོན་པ་བས་དེ་ལྟར་བཤད་ཀྱང་འདིར་མི་འཐད་པའི་ཕྱིར། དེར་ཐལ། དབང་ཤེས་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པའི་རྐྱེན་ཅིག་དགོས་པའི་ཕྱིར། དེར་ཐལ། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དེ་ཡང་དབང་ཤེས་ཕྱི་མ་དེའི་དམིགས་པ་ཡང་ཡིན་ལ་རྐྱེན་ཡང་ཡིན་པས། དེའི་དམིགས་རྐྱེན་དུ་འཇོག་པ་མ་ཡིན་གྱི། དབང་ཤེས་ཕྱི་མ་འདིར་རང་གི་དམིགས་པའི་རྣམ་ལྡན་དུ་སྐྱེད་པའི་རྐྱེན་ཡིན་པའི་ཕྱིར་དེའི་དམིགས་རྐྱེན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། རིགས་རྒྱན་ལས། ནུས་པ་འཇོག་པའི་དམིགས་རྐྱེན་ནི་སྔོ་སྣང་དབང་ཤེས་ཀྱི་སྔ་ལོགས་སུ་བྱུང་བའི་སྔོན་པོ་ལྟ་བུ་ཡིན། ཞེས་གསུངས་པའི་ཕྱིར། སྔོན་པོ་དང་དབང་མངོན་ལ་རྣམ་པ་ཤར་བའི་སྔོན་པོ་གཉིས་ཆོས་ཅན། དམིགས་རྐྱེན་ཆོས་གཉིས་དང་ལྡན་ཏེ། དབང་མངོན་དེའི་དམིགས་པ་ཡང་ཡིན་ལ། རྐྱེན་ཡང་ཡིན་པས་དམིགས་རྐྱེན་ཆོས་གཉིས་དང་ལྡན་ཞེས་བཤད་པའི་ཕྱིར། འདི་དམིགས་རྐྱེན་བཏགས་པ་བ་ཡིན་ནོ། །ཡང་དབང་མངོན་གྱི་སྔ་ལོགས་དེ་མ་ཐག་གི་སྔོན་པོ་དང་། དབང་མངོན་སྔ་མའི་སྟེང་གི་དབང་མངོན་ཕྱི་མ་ཡུལ་གྱི་རྣམ་ལྡན་ཏུ་སྐྱེད་པའི་ནུས་པ་གཉིས་ཆོས་ཅན། དམིགས་རྐྱེན་ཆོས་གཉིས་དང་ལྡན་ཏེ། དབང་ཤེས་ལ་དམིགས་པའི་རྣམ་པ་འཇོག་བྱེད་ཡིན་པ་དང་། དབང་ཤེས་ཀྱི་རྐྱེན་ཡིན་པ་གཉིས་དང་ལྡན་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། དེ་ལྟར་ནང་གི་དམིགས་པ་ནི་ཆོས་གཉིས་དང་ལྡན་པའི་ཕྱིར་དམིགས་རྐྱེན་དུ་འདོད། ཅེས་གསུངས་པའི་ཕྱིར། དབང་མངོན་གྱི་རྐྱེན་གསུམ་ཡོད་དེ། དེའི་དམིགས་རྐྱེན་དང་། བདག་རྐྱེན་དང་། དེ་མ་ཐག་རྐྱེན་གསུམ་ཡོད་པའི་ཕྱིར། དེས་ན་སྔོན་འཛིན་དབང་མངོན་དེའི་དམིགས་རྐྱེན་ལ་དེའི་དམིགས་པས་ཀྱང་མ་ཁྱབ་ཅིང། དེའི་དམིགས་པ་ལ་དེའི་དམིགས་རྐྱེན་གྱིས་ཀྱང་མ་ཁྱབ་ལ། དབང་མངོན་དེའི་དམིགས་རྐྱེན་ལ་དེ་ལ་སྣང་བས་ཀྱང་མ་ཁྱབ། མི་སྣང་བས་ཀྱང་མ་ཁྱབ།དེས་རྟོགས་པས་ཀྱང་མ་ཁྱབ། མ་རྟོགས་པས་ཀྱང་མ་ཁྱབ་ལ། དེའི་དམིགས་རྐྱེན་དབང་མངོན་དེ་དང་རྫས་ཐ་དད་ཡིན་ཀྱང་སྔོན་འཛིན་དབང་མངོན་གཟུང་འཛིན་རྫས་ཐ་དད་མ་ཡིན་པས་ཁྱབ་ཚུལ་སོགས་ཤེས་པར་གྱིས། དམིགས་རྐྱེན་གཉིས་བཤད་ཟིན་ཏོ། །

དེ་མ་ཐག་རྐྱེན་མདོ་སྡེ་བ་དང་འདྲ་སྟེ། རིགས་རྒྱན་ལས། གཟུགས་འཛིན་དབང་མངོན་མྱོང་ཙམ་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཡིན་པ། ཞེས་གསུངས་པའི་ཕྱིར། དེ་མ་ཐག་རྐྱེན་བྱེད་ཚུལ་དུ་མ་ཡོད་དེ། རིགས་རྒྱན་ལས། དེ་མ་ཐག་རྐྱེན་རིགས་མཐུན་ཁོ་ནས་བྱེད་པར་མ་ངེས་ཏེ། རྟོག་པས་དབང་ཤེས་དང་། དབང་ཤེས་གྱིས་རྟོག་པ་དང་། དཀར་འཛིན་དབང་ཤེས་ཀྱིས་སེར་འཛིན་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་བྱེད་པའང་ཡོད་པའི་ཕྱིར། ཞེས་གསུངས། གཟུགས་འཛིན་དབང་མངོན་ལ་གཟུགས་ཁོ་ན་འཛིན་ནུས་སུ་རང་དབང་དུ་སྐྱེད་པའི་རྐྱེན་དེ། གཟུགས་འཛིན་དབང་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱི་མཚན་ཉིད་དུ་འཇོག །མཚན་གཞི་དེའི་བདག་རྐྱེན་དབང་པོ་གཟུགས་ཅན་པར་མདོ་སེམས་གཉིས་ཀས་འདོད་ཀྱང་། མདོ་སྡེ་བས་དབང་པོ་དེ་བེམ་པོ་དང་། སེམས་ཙམ་པས་དབང་མངོན་སྔ་མའི་ནུས་པར་འདོད་པའི་ཕྱིར་ཏེ། དམིགས་བརྟགས་ལས། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་ནུས་པའང་ཡིན། །དེ་ཡང་རྣམ་རིག་ལ་མི་འགལ། །ཞེས་གསུངས་པའི་ཕྱིར། ས་བཅད་ལྷག་མ་རྣམས་སྔར་བཤད་པས་རྟོགས་སླ་ཞིང་། གྲུབ་མཐའ་གོང་མ་ཐལ་འགྱུར་པའི་ལུགས་ཡང་ཚིག་གསལ་གྱི་ཚད་མའི་རྣམ་བཤད་དུ་རྒྱས་པར་བཤད་ཟིན་པས་དེར་ཤེས་པར་བྱའོ། །

སྨྲས་པ།

འཁོར་འདས་སྐྱོན་ཡོན་དགེ་དང་མི་དགེ་དང་། །

བདེན་གཉིས་བདེན་བཞིའི་བླང་དོར་མ་ལུས་པ། །

སོ་སོར་འཁྲུལ་དང་མ་འཁྲུལ་བློ་རིག་ཚོགས། 

ལེགས་བཤད་དྭངས་ཤེལ་ནང་དུ་བཀྲ་འདི་ལྟོས། །

གྲུབ་མཐའ་གོང་འོག་རང་གཞན་ཚད་མ་དང་། །བློ་རིག་འདོད་ཚུལ་འདི་ལ་འཕགས་ཡུལ་གྱི། །པཎ་ཆེན་རྣམས་ཀྱང་བཞེད་སྲོལ་ཚོན་རིས་བཞིན། །ལེགས་པར་གསལ་འདི་སྒྱུ་མ་མིག་འཕྲུལ་བཞིན། །འདིར་འབད་དགེ་བས་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་སྲས་བཅས་བཞེད་གཞུང་མ་འཁྲུལ་པར། །མ་ལུས་འགྲོ་ལ་འདོམས་པར་འཇམ་པའི་དབྱངས། །ཇི་བཞིན་གནས་དང་འགྲོ་བ་ཀུན་སྒྲོལ་ཤོག །ཅེས་བློ་རིག་གི་རྣམ་གཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཕྲེང་མཛེས་ཞེས་བྱ་བ་འདི་ནི་འཛམ་གླིང་མཁས་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་བློ་རིག་པ་སྔ་ཕྱི་ལ་བློ་རིག་གི་ཁྱད་པར་རྒྱས་བསྡུས་དུ་མ་གསར་དུ་བཏང་བར་སོ་སོའི་ཟིན་བྲིས་བྱས་ཏེ། བློ་རིག་གི་འཛིན་གྲྭ་སྔ་ཕྱིས་ཡང་ཡང་བསྐུལ་ཞིང་། ཁྱད་པར་དམ་པའི་སྐྱེ་རབས་ཀྱི་ཕྲེང་བ་ཅན་བདེ་ཐང་སྤྲུལ་སྐུ་ཨེར་ཏེ་ནི་ཧུ་ཐོག་ཐུས་རྟགས་བརྒྱད་ཁ་བཏགས་གོས་འབྲུག་རྒྱན་བཞི་མ་དང་རིན་ཆེན་སེར་བོ་དང་བཅས་ཡང་ཡང་བསྐུལ་བས་མང་དུ་ཐོས་པའི་ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་ཟིན་བྲིས་དག་ལ་ཞུས་དག་བྱས་ཏེ་རང་ལུགས་འཐད་ལྡན་དུ་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་དུས་ཐམས་ཅད་དུ་རྒྱས་པར་གྱུར་ཅིག།།

སྭསྟི། རིགས་པའི་དབང་ཕྱུག་ཕྱོགས་གླང་ཆོས་གྲགས་ཀྱི། །ཚད་མའི་གཞུང་གི་གནད་འདུས་རིགས་པའི་འཕྲུལ། །ལེགས་བཤད་གཏེར་ཆེན་བློ་རིག་མཐའ་དཔྱོད་འདི། །ཐར་འདོད་བློ་མིག་ཕྱེ་བའི་ཐབས་གཅིག་པུ། །དེ་པྱིར་ཆོས་སྦྱིན་རྒྱ་ཆེར་སྤེལ་སླད་དུ། །བསྟན་པའི་སྦྱིན་བདག་མི་རྗེ་སེན་ནོ་ཡིན། །མཐུན་རྐྱེན་སྦྱར་ནས་ཆོས་སྡེ་སྐུ་འབུམ་དུ། །བཀོད་ལེགས་པར་དུ་བསྒྲུབས་པའི་དགེ་ཚོགས་ཀྱིས། །རྒྱལ་བསྟན་དར་ཞིང་བསྟན་འཛིན་ཞབས་པད་བརྟན། །སྐྱེ་དགུ་ཆོས་འབྱོར་བདེ་སྐྱིད་དཔལ་གྱིས་འཚོ། །ཁྱད་པར་མི་རྗེ་དཔོན་པོ་ཡུམ་སྲས་ཀྱི། །ཐུགས་ཀྱི་བཞེད་དོན་ལྷུན་གྲུབ་པར་ཤོག།།ཅེས་པ་འདི་ནི་སྙོམ་ལས་པ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་སུག་བྲིས་སུ་བགྱིས་པའོ། །

སརྦ་མངྒ་ལཾ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།