བསྡུས་ཚན་གྱི་གྲངས་འདྲེན་གྱི་དྲིས་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།          སྤེལ་དུས།  2017-04-08 16:09:14     རྩོམ་པ་པོ།   རྗེ་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

timg.jpg

ན་མ་སྶྭར་སྭསྟྱཻ་ཙ་གུ་རུ་མཉྫུ་གྷོ་ཥ་བྷྱཿ 

གསུང་རབ་ཀུན་གྱི་བཅུད་བསྡུས་པ། ། 

ཚད་མའི་བསྟན་བཅོས་སྤྱི་ཡི་དོན། ། 

བསྡུས་པའི་གྲྭ་ལ་བསྡུས་གྲྭར་གྲགས།།  

རྟགས་གསལ་འགོད་ཚུལ་ཁ་དོག་དཀར་དམར་དང༌། ། 

ཡོད་རྟོགས་མེད་རྟོགས་ཡུལ་དང་ཡུལ་ཅན་དང༌། ། 

ལྡོག་པ་ངོས་འཛིན་གཅིག་དང་ཐ་དད་དང༌།། 

འགལ་འབྲེལ་ཆུང་བ་ཐལ་འགྱུར་ཆུང་བ་དང༌། ། 

ཁྱབ་མཐའི་འགོད་ཚུལ་ཡིན་ལོག་མིན་ལོག་དགུ། ། 

རང་མཚན་སྤྱི་མཚན་སྤྱི་དང་བྱེ་བྲག་དང༌།། 

མཚན་མཚོན་རྣམ་བཞག་རྒྱུ་འབྲས་སྔ་ལོག་ཆུང༌། ། 

དགག་གཞི་དྲུག་སྒྲའི་ནུས་པ་བརྩི་ཚུལ་དང༌།། 

ཁྱབ་པ་སྒོ་བརྒྱད་རྫས་ལྡོག་བཅས་བཅུ་དྲུག ། 

ཁས་ལེན་འཛིན་དང་རྒྱུ་རྐྱེན་རྒྱུ་འབྲས་ཆེ། ། 

དགག་སྒྲུབ་གཞན་སེལ་གཅིག་གམ་ལྡོག་པས་གཉིས། ། 

སེལ་འཇུག་སྒྲུབ་འཇུག་ཐལ་འགྱུར་ཆེ་བ་འཕེན། ། 

དུས་གསུམ་རྣམ་བཞག་ཆོས་བརྗོད་སོགས་རྗོད་བྱེད། ། 

ལྷན་ཅིག་ཕན་ཚུན་སྤངས་པའི་དངོས་བརྒྱུད་འགལ།། 

རྟགས་རིགས་བློ་རིག་བཅས་ནས་ཉེར་བདུན་འདོད། ། 

འགལ་བ་རྒྱུ་འབྲས་ཆེ་ཆུང་མ་ཕྱེ་ན། ། 

ཉེར་ལྔ་ཕྱེ་ན་ཉེར་བདུན་འདི་ལྟར་ཞེས།།  

གངས་ཅན་ཡོངས་ཀྱི་ངག་ན་ཉི་མ་བཞིན། ། 

སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཞུས་ངོར་ྋརྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའོ།།

                     རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས།  

 རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

   དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།