སློབ་དཔོན་ཉི་མ་སྦས་པའི་ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-02-04 18:03:22     རྩོམ་པ་པོ།   ཉི་མ་སྦས་པ།    ཀློག་ཐེངས།  

༄༅༅།།རྒྱ་གར་སྐད་དུ།དེ་བཱི་ཏཱ་རེ་ཨེ་ཀ་བིངྴ་ཏི་སྟོ་ཏྲ་བི་ཤུདྡྷེ་ཙུཎྜ་མ་ཎི་ནཱ་མ།བོད་སྐད་དུ།ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ།རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ།མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།།ཕྱག་འཚལ་རབ་ཏུ་དཔའ་བའི་སྒྲོལ་མ།།སྤྲོས་མེད་རྣམ་དག་ནམ་མཁའི་དཀྱིལ་ན།།པདྨ་གསེར་མདོག་གདན་ལ་བཞུགས་པའི།།སྐུ་མདོག་དམར་མོ་མེ་ཡི་འོད་ཅན།།ཕྱག་འཚལ་ཞལ་གཅིག་ཕྱག་བརྒྱད་སྤྱན་རྒྱས།།དགའ་བའི་ཕྱག་རྒྱ་དང་པོ་གཉིས་ནི།།རྡོ་རྗེ་དྲིལ་བུ་སྤྱི་བོར་བསྣོལ་ནས།།གཡས་འོག་མདའ་གཞུ་ཐུགས་ཀར་འཛིན་མ།།ཕྱག་འཚལ་གསུམ་པས་འཁོར་ལོ་བསྣམས་ཏེ།།བཞི་པ་ཤེས་རབ་རལ་གྲི་འདེབས་ཚུལ།།གཡོན་གྱི་གསུམ་པས་ཐུགས་ཀར་དུང་འཛིན།།བཞི་པ་ན་ནི་ཞགས་པས་བརྒྱན་མ།།ཕྱག་འཚལ་དཀར་མོ་ཟླ་མདངས་སྒྲོལ་མ།།སྐུ་གསུམ་རྫོགས་པའི་ཞལ་གསུམ་གཡས་སྔོ།།གཡོན་ཞལ་འཛམ་བུ་ཆུ་བོའི་གསེར་མདོག།རྟེན་འབྲེལ་དག་པའི་ཕྱག་ནི་བཅུ་གཉིས།།ཕྱག་འཚལ་དང་པོ་མཉམ་པའི་ཕྱག་རྒྱ།།གཉིས་པ་ན་ནི་ཁཊྭཱཾ་ག་བསྣམས།།འབར་བའི་འཁོར་ལོ་གསུམ་པས་ལེགས་འཛིན།།བཞི་པ་ཡིད་བཞིན་ནོར་བུ་བསྣམས་མ།།ཕྱག་འཚལ་ལྔ་པ་རྡོ་རྗེ་རབ་འཆང་།།དྲུག་པ་ན་ནི་མེ་ཏོག་ཕྲེང་འཛིན།།གཡོན་གྱི་གཉིས་པ་རིལ་བ་སྤྱི་བླུགས།།ཉོན་མོངས་དྲི་མ་མ་ལུས་འཁྲུད་མ།།ཕྱག་འཚལ་གསུམ་པས་ཨུཏྤལ་ལེགས་འཛིན།།སྟོང་པའི་སྒྲ་སྒྲོགས་བཞི་པ་དྲིལ་བུ།།ལྔ་པ་གཏེར་གྱི་བུམ་པ་ཐོགས་མ།།དྲུག་པ་པོ་ཏིས་འགྲོ་ལ་ཆོས་སྟོན།།ཕྱག་འཚལ་གསེར་མདོག་ཅན་གྱི་སྒྲོལ་མ།།སྣ་ཚོགས་པདྨ་ཟླ་བའི་གདན་ལ།།རྡོ་རྗེ་སྐྱིལ་ཀྲུང་ཤིན་ཏུ་མཛེས་བརྗིད།།ཕྱག་བཅུ་ཕ་རོལ་ཕྱིན་བཅུ་དག་མ།།ཕྱག་འཚལ་དང་པོ་ཐུགས་ཀར་ཕྲེང་འཛིན།།གཉིས་པ་ན་ནི་ཤེས་རབ་རལ་གྲི།།གསུམ་པ་མདའ་འཕེན་ཉོན་མོངས་འབིགས་མ།།བཞི་པ་རྡོ་རྗེ་ལྔ་པ་དབྱུག།ཕྱག་འཚལ་གཡོན་གྱིས་དར་དཔྱངས་རབ་བསྣམས།།གཉིས་པ་ཞགས་པ་གསུམ་པ་པདྨ།།བཞི་པའི་ཕྱག་གིས་དྲིལ་བུ་དཀྲོལ་མ།།ལྔ་པ་ན་ནི་སྙིང་རྗེའི་གཞུ་ཐོགས།།ཕྱག་འཚལ་གཙུག་ཏོར་རྒྱལ་བའི་སྒྲོལ་མ།།ཆུ་སྐྱེས་པདྨ་སེར་པོའི་སྟེང་དུ།།ཟག་མེད་བདེ་རྒྱས་ཟླ་བའི་གདན་སྟེང་།།སེམས་དཔའི་སྐྱིལ་ཀྲུང་བརྟན་པར་བཞུགས་མ།།ཕྱག་འཚལ་དགེ་མ་གསེར་གྱི་མདོག་ཅན།།ཐུགས་རྗེའི་རང་བཞིན་འགྲོ་ལ་རབ་བརྩེ།།ཞལ་གཅིག་ཕྱག་བཞི་བདུད་བཞི་འཇོམས་མ།།གཡས་ཀྱི་དང་པོས་དངོས་གྲུབ་མཆོག་སྩོལ།།ཕྱག་འཚལ་རྒྱུན་མི་འཆད་པའི་བསམ་གཏན།།གཉིས་པ་ན་ནི་ཕྲེང་བ་འཛིན་མ།།གཡོན་གྱི་དང་པོ་ཕྱག་མཚན་གུནྡྷེ།།གཉིས་པ་རིན་ཆེན་དབྱུ་གུབསྣམས་མ།།ཕྱག་འཚལ་ཧཱུཾ་སྒྲ་སྒྲོགས་པའི་སྒྲོལ་མ།།དྲི་མེད་ཟླ་བའི་གདན་གྱི་སྟེང་ན།།ཉོན་མོངས་སྐྱོན་བྲལ་དག་པའི་སྐུ་མདོག།བཙོ་མ་གཡའ་བྲལ་གསེར་གྱི་མདངས་ལྡན།།ཕྱག་འཚལ་དཔའ་མོ་ཤེས་རབ་བདག་ཉིད།།ཐུགས་རྗེས་འཁོར་བ་ཞེ་ལ་མནན་ནས།།མ་རུངས་འདུལ་ཕྱིར་ཧཱུཾ་གི་སྒྲ་སྒྲོགས།།དུག་གསུམ་སྲིད་པའི་གཡུལ་ལས་རྒྱལ་མ།།ཕྱག་འཚལ་བདེན་གཉིས་དག་པའི་ཕྱག་རྒྱ།།འགྲོ་རྣམས་ཐུགས་རྗེས་རབ་ཏུ་བཟུང་ཕྱིར།།གཡས་པའི་ཕྱག་གིས་མཆོག་སྦྱིན་མཛད་ཅིང་།།གཡོན་པས་པདྨ་སེར་པོ་འཛིན་མ།།ཕྱག་འཚལ་རྣམ་པར་རྒྱལ་བའི་སྒྲོལ་མ།།ཆུ་སྐྱེས་པདྨ་དམར་པོའི་སྟེང་དུ།།གཏི་མུག་དག་ཕྱིར་ཉི་མའི་གདན་སྟེང་།།སེམས་དཔའི་སྐྱིལ་ཀྲུང་འགྲོ་ལ་གཟིགས་མ།།ཕྱག་འཚལ་ལྷ་དང་དྲང་སྲོང་རྣམས་ཀྱིས།།ཁྱོད་ཞབས་པདྨོ་སྤྱི་བོར་བླངས་ནས།།ཐུགས་རྗེ་ཆེ་མངའ་ཁྱོད་ལ་རབ་བསྟོད།།འགྲོ་བ་ཀུན་གྱི་རེ་གནས་གྱུར་མ།།ཕྱག་འཚལ་པདྨ་རཱ་གའི་མདངས་ལྡན།།ཕྱག་བཞི་གཡས་ཀྱི་དང་པོ་ཉིད་ན།།རྡོ་རྗེ་འཕྱར་ཞིང་དེ་འོག་རལ་གྲི།།གཡོན་གྱིས་སྡིགས་མཛུབ་ཞགས་པ་བསྣམས་མ།།ཕྱག་འཚལ་རྒོལ་བ་འཇོམས་པའི་སྒྲོལ་མ།།པདྨ་སེར་དང་ཉི་མའི་གདན་ལ།།དཔའ་བའི་སྟང་སྟབས་འགྱིང་བག་གཡོན་བརྐྱང་།།ཚམ་རྔམ་ནག་མོ་ཁྲོས་པའི་བཞིན་འཕྱར།།ཕྱག་འཚལ་ན་བཟའ་གསེར་མདོག་གོས་གྱོན།།དབུ་སྐྲ་གྱེན་བརྫེས་ལྟོས་འགྲོས་བརྒྱན་མ།།རིན་ཆེན་ཅོད་པན་མཁའ་ལ་རབ་འཕྱར།།ཕྱག་ཞབས་རིན་ཆེན་གདུ་བུས་བརྒྱན་མ།།ཕྱག་འཚལ་ཕྱག་བཞི་གཡས་ཀྱི་དང་པོ།།འཁོར་ལོ་འཛིན་ཅིང་གཉིས་པ་རལ་གྲི།།སྐྱེ་གནས་སྟེང་དུ་ཞགས་པ་བསྣམས་ནས།།གཡོན་གྱི་ཐ་མས་སྡིགས་མཛུབ་རབ་གདེངས།།ཕྱག་འཚལ་དབང་མཆོག་སྟེར་བའི་སྒྲོལ་མ།།ཉི་མ་པདྨ་དཀར་པོའི་སྟེང་དུ།།གདུགས་པ་འདུལ་ཕྱིར་ཆུ་སྲིན་གདན་སྟེང་།།སྐྱིལ་ཀྲུང་ཕྱེད་མ་གསེར་གྱི་མདོག་ཅན།།ཕྱག་འཚལ་འཁྲོས་པའི་གཉེར་མ་དང་ལྡན།།བརྗིད་པའི་སྐུ་མདོག་ཞལ་གཅིག་ཕྱག་བཞི།།གཡས་ན་མྱ་ངན་མེད་པའི་ཡལ་ག།གཉིས་པ་རིན་ཆེན་བསྣམས་ཤིང་མཆོག་སྩོལ།།ཕྱག་འཚལ་གཡོན་གྱི་དང་པོ་པདྨ།།ཉོན་མོངས་སྐྱོན་གྱིས་མ་གོས་ཕྱིར་བསྣམས།།གཡོན་གྱི་ཐ་མས་བུམ་པ་ལེགས་ཐོགས།།འགྲོ་བ་ཀུན་ལ་དབང་མཆོག་སྟེར་མ།།ཕྱག་འཚལ་སེང་ལྡེང་ནགས་ཀྱི་སྒྲོལ་མ།།ཡི་གེ་ཏཱཾ་ལས་འཁྲུངས་པའི་ལྷ་མོ།།ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཚོན་པའི།།སྐྲ་འཁྱིལ་མེ་ཏོག་གིས་བརྒྱན་མཛེས་མ།།ཕྱག་འཚལ་གཡས་བརྐྱང་ཞབས་ལ་གཡོན་པས།།ཐབས་དང་ཤེས་རབ་མི་འབྲལ་འཁྲིལ་བས།།པདྨ་ཟླ་བའི་སྟེང་ན་བཞུགས་མ།།ཞལ་གཅིག་ཕྱག་གཉིས་ཞི་བའི་གཟུགས་ཅན།།ཕྱག་འཚལ་གཡས་པས་འགྲོ་ལ་མཆོག་སྩོལ།།གཡོན་ན་ཨུཏྤལ་རྒྱན་རྣམས་ཡོངས་རྗོགས།།སྔོ་ལྗང་འགྱིང་བག་རས་མའི་མདོག་ཅན།།གཞོན་ནུ་སྤྱན་ཡངས་ནུ་མ་རྒྱས་མ།།ཕྱག་འཚལ་མྱ་ངན་སེལ་བའི་སྒྲོལ་མ།།མ་ཆགས་པདྨ་དམར་པོའི་སྟེང་དུ།།ཟླ་བའི་དཀྱིལ་འཁོར་ཞབས་ཀྱིས་མནན་ཏེ།།རོལ་པའི་འདུག་སྟངས་འགྱིང་བག་མཛེས་མ།།ཕྱག་འཚལ་འཇིག་རྟེན་དབང་དུ་མཛད་མ།།སྐུ་མདོག་པདྨ་རཱ་ག་ལྟར་དམར།།བཞད་པའི་གད་རྒྱངས་ཏུཏྟཱ་ར་ཡིས།།འགྲོ་བའི་ཉོན་མོངས་མ་ལུས་སེལ་མ།།ཕྱག་འཚལ་ཞལ་གཅིག་ཕྱག་བཞིས་བདུད་འདུལ།།དང་པོ་གཉིས་ནི་སྤྱི་བོར་ཐལ་སྦྱར།།གཡས་འོག་རལ་གྲི་ཕྱག་རྒྱ་དང་ལྡན།།གཡོན་ན་མྱ་ངན་མེད་པའི་ཡལ་ག།ཕྱག་འཚལ་འགྲོ་བ་འགུགས་པའི་སྒྲོལ་མ།།གཟི་བརྗིད་ཕུང་པོ་ཉི་མའི་སྟེང་ན།།པདྨའི་གདན་ལ་རོལ་པས་གཡས་བརྐྱང་།།འགྱིང་བག་ནག་མོ་དབང་གི་ལས་མཛད།།ཕྱག་འཚལ་དཔའ་མོ་གྱད་ཀྱི་ཆ་བྱད།།མཚན་མོ་སྤྲིན་རུམ་མུན་པའི་མདོག་ཅན།།ཤིན་ཏུ་འཇིགས་རུང་བདུད་དཔུང་ཟིལ་གནོན།།ནོར་གྱི་ཆར་འབེབས་ཕོངས་པ་སེལ་མ།།ཕྱག་འཚལ་ཡི་གེ་ཧཱུཾ་གི་སྦྱོར་བས།།ཕྱོགས་མཚམས་རྣམས་ནས་གཟའ་ཆེན་བརྒྱད་འགུགས།།ཞལ་གཅིག་ཕྱག་གཉིས་གཡས་པ་ལྕགས་ཀྱུ།།གཡོན་པས་རོལ་པའི་ཞགས་པ་བསྣམས་མ།།ཕྱག་འཚལ་བཀྲ་ཤིས་སྟེར་བའི་སྒྲོལ་མ།།སྣ་ཚོགས་པདྨ་ཟླ་བའི་གདན་ལ།།རྡོ་རྗེ་སྐྱིལ་ཀྲུང་གསེར་གྱི་མདངས་ལྡན།།ཞལ་གཅིག་ཕྱག་བརྒྱད་ཟླ་ཚེས་བརྒྱན་མ།།ཕྱག་འཚལ་གཡས་ཀྱི་དང་པོ་རྩེ་གསུམ།།གཉིས་པ་ན་ནི་ཐུགས་རྗེའི་ལྕགས་ཀྱུ།།གསུམ་པ་རྡོ་རྗེས་བདུད་ཀྱི་དཔུང་འཇོམས།།བཞི་པ་ཤེས་རབ་རལ་གྲི་བསྣམས་མ།།ཕྱག་འཚལ་གཡོན་གྱི་དང་པོ་ནོར་བུ།།ལོངས་སྤྱོད་སྤེལ་ཕྱིར་ཐུགས་ཀར་བསྣམས་ནས།།འགྲོ་བ་ཀུན་ལ་བཀྲ་ཤིས་སྟེར་མ།།གཉིས་པ་ལྕགས་ཀྱུ་གསུམ་པ་དབྱུ་གུ།།བཞི་པ་ནོར་གྱི་བུམ་པ་བསྣམ་སམ།།ཕྱག་འཚལ་སྨིན་པར་བྱེད་པའི་སྒྲོལ་མ།།བསྐལ་པའི་མེ་ལྟར་འབར་བའི་དབུས་སུ།།ཉི་མ་པདྨ་དམར་པོའིགདན་ལ།།བཞེངས་པའི་འདོར་སྟབས་གཡས་བརྐྱང་གཡོན་བསྐུམ།།ཕྱག་འཚལ་སྐུ་མཆོག་ཤིན་ཏུ་མི་བཟད།།པདྨ་རཱ་ག་ལྟ་བུར་དམར་ཞིང་།།དཔའ་བའི་ཆ་བྱད་ཞལ་གཅིག་ཕྱག་བཞི།།དྲག་མོ་ཆེན་པོ་དགྲ་དཔུང་འཇོམས་མ།།ཕྱག་འཚལ་གཡས་ཀྱི་དང་པོ་རལ་གྲི།།གཉིས་པ་མདའ་ཡིས་ཉོན་མོངས་འབིགས་མ།།གཡོན་པ་འཁོར་ལོ་གཉིས་པ་གཞུ་ཐོགས།།མཆུ་དང་སྨིན་མ་ཁྲོ་གཉེར་གྱེན་བཟློག།ཕྱག་འཚལ་ཁྲོ་གཉེར་གཡོ་བའི་སྒྲོལ་མ།།ཉི་མ་པདྨ་དམར་པོའི་གདན་ལ།།གཡས་བརྐྱང་གར་གྱིས་མི་རོ་མནན་ནས།།སྐུ་མདོག་ནག་མོ་འཇིགས་གཟུགས་ལྡན་མ།།ཕྱག་འཚལ་ཞལ་དང་སྨིན་མ་རབ་བསྡུས།།གཡས་དཀར་གཡོན་དམར་ཁྲོ་གཉེར་དང་ལྡན།།དམར་བའི་སྤྱན་གསུམ་སྡང་མིག་རབ་བགྲད།།མི་ཡི་རྒྱུ་མ་ཞལ་དུ་གསོལ་མ།།ཕྱག་འཚལ་སྦྲུལ་དང་སྟག་གི་གོས་གསོལ།།ཐོད་པའི་ཅོད་པན་མགོ་བོའི་དོ་ཤལ།།རལ་གྲི་དབྱུ་གུ་ལྕགས་ཀྱུ་བསྣམས་ནས།།གཡོན་པ་མགོ་ཐོད་ཞགས་པ་འཛིན་མ།།ཕྱག་འཚལ་དགེ་ལེགས་ཞི་བའི་སྒྲོལ་མ།།པདྨ་དཀར་པོ་ཟླ་བའི་གདན་ལ།།རྡོ་རྗེའི་སྐྱིལ་ཀྲུང་ཟླ་བའི་མདོག་ཅན།།ཞལ་གཅིག་ཕྱག་དྲུག་སྡིག་པ་འཇོམས་མ།།ཕྱག་འཚལ་དོན་རྟོགས་གཡས་ཀྱི་དང་པོ།།རྒྱལ་བའི་སྤྱོད་ཡུལ་ཐུགས་ཀར་ཕྲེང་འཛིན།།གཉིས་པ་ན་ནི་ལེགས་པའི་ཕྱག་རྒྱ།།གསུམ་པའི་ཕྱག་གིས་དབྱུ་གུ་འཛིན་མ།།ཕྱག་འཚལ་གཡོན་གྱི་དང་པོ་པདྨ།།གཉིས་པ་ན་ནི་རིལ་བ་སྤྱི་བླུགས།།གསུམ་པ་འདབ་རྒྱས་ཨུཏྤལ་སྟེང་དུ།།འགྲོ་བའི་ལམ་སྟོན་པོ་ཏི་བསྣམས་མ།།ཕྱག་འཚལ་ཆགས་པ་འཇོམས་པའི་སྒྲོལ་མ།།པདྨ་དམར་པོ་ཉི་མའི་གདན་ལ།།སྤྲོས་མེད་སེམས་དཔའི་སྐྱིལ་ཀྲུང་མཛེས་བརྗིད།།ཞལ་གཅིག་སྤྱན་གསུམ་བྱི་རུའི་མདོག་ཅན།།ཕྱག་འཚལ་ཧཱུཾ་གི་རིག་པ་དང་ལྡན།།ཐབས་དང་ཤེས་རབ་འབྲེལ་པའི་ཕྱག་གཉིས།།གཡས་པས་རྩེ་གསུམ་ཐུགས་ཀར་བསྣམས་ནས།།དགྲ་ཡི་ལུས་ལ་རབ་ཏུ་བསྣུན་མ།།ཕྱག་འཚལ་གཡོན་པས་སྡིགས་མཛུབ་རབ་འཕྱར།།སྙིང་པོ་འབྲས་བུར་བཅས་པའི་ཤིང་འཛིན།།ཐུགས་ཀྱི་སྙིང་པོ་ཡི་གེ་བཅུ་པས།།དགོས་པའི་དངོས་གྲུབ་མ་ལུས་འབྱུང་མ།།ཕྱག་འཚལ་བདེ་བ་སྒྲུབ་པའི་སྒྲོལ་མ།།པདྨ་དཀར་པོ་འབར་བའི་སྟེང་དུ།།ཟླ་བའི་དཀྱིལ་འཁོར་ཉི་མའི་གདན་ལ།།སེམས་དཔའི་སྐྱིལ་ཀྲུང་དཔའ་བར་བཞུགས་མ།།ཕྱག་འཚལ་བདེ་བའི་སྐུ་མདོག་དམར་སེར།།ཞལ་གཅིག་ཕྱག་གཉིས་ཧཱུཾ་གི་ཕྲིན་ལས།།འཇིག་རྟེན་གསུམ་པོ་དབང་དུ་བསྡུས་ནས།།བདེ་བ་ཐམས་ཅད་གྲུབ་པར་མཛད་མ།།ཕྱག་འཚལ་ཐོགས་མེད་ནམ་མཁའི་ལུས་ཅན།།ཕྱག་གཉིས་ཐུགས་ཀར་འཛིན་པའི་ཕྱག་རྒྱ།།ཟླ་བའི་དཀྱིལ་འཁོར་རབ་ཏུ་བསྣམས་ནས།།རིན་ཆེན་དུ་མའི་རྒྱན་གྱིས་མཛེས་མ།།ཕྱག་འཚལ་རྣམ་པར་རྒྱལ་བའི་སྒྲོལ་མ།།པདྨ་དཀར་པོའི་སྟེང་གི་ཟླ་བའི།།དཀྱིལ་འཁོར་དབུས་ན་འདབ་བཟངས་ངང་པའི།།སྟེང་དུ་སེམས་དཔའི་སྐྱིལ་ཀྲུང་བཞུགས་མ།།ཕྱག་འཚལ་ཟག་མེད་བདེ་ཆེན་རབ་རྒྱས།།སྐུ་མདོག་དཀར་མོ་དུང་གི་མདངས་ལྡན།།ཞལ་གཅིག་ཕྱག་བཞི་ཏཱ་ར་གཉིས་བརྗོད།།ཡི་གེ་ཕཊ་ཀྱིས་དུག་རྣམས་སེལ་མ།།ཕྱག་འཚལ་དགའ་བའི་ཕྱག་རྒྱ་དང་ལྡན།།ཕྱག་གཉིས་སྤྱི་བོར་ལྕགས་ཀྱུ་རབ་འཛིན།།གཡས་འོག་མཆོག་སྦྱིན་གཡོན་གྱི་གཉིས་པ།།ཨུཏྤལ་སྟེང་དུ་པོ་ཏི་བསྣམས་མ།།ཕྱག་འཚལ་སྡུག་བསྔལ་སྲེག་བྱེད་སྒྲོལ་མ།།པད་དཀར་ཟླ་བའི་དཀྱིལ་འཁོར་དབུས་ན།།བདེ་བའི་སྟན་ལ་སེམས་དཔའི་སྐྱིལ་ཀྲུང་།།ཅུང་ཟད་གཡས་བརྐྱང་བར་ནི་བཞུགས་མ།།ཕྱག་འཚལ་དཀར་མོ་དུང་གི་མདངས་ལྡན།།སྣ་ཚོགས་དཀར་དམར་འོད་ཟེར་ཕྲེང་བས།།འགྱིང་བག་སྐུ་ལ་རབ་ཏུ་བརྒྱན་ནས།།འགྲོ་བའི་ཉོན་མོངས་མ་ལུས་སེལ་མ།།ཕྱག་འཚལ་བདེན་གཉིས་དག་པའི་ཕྱག་རྒྱ།།ཕྱག་གཉིས་ཐུགས་ཀར་མེ་ཐབ་བསྣམས་ནས།།སྡུག་བསྔལ་མ་ལུས་བསྲེག་པར་མཛད་ཅིང་།།འགྲོ་རྣམས་ཐར་པའི་ལམ་ལ་འགོད་མ།།ཕྱག་འཚལ་དངོས་གྲུབ་འབྱུང་བའི་སྒྲོལ་མ།།སྐུ་མདོག་དམར་སེར་ལས་ཀྱི་རིགས་མཚོན།།པདྨ་དཀར་པོ་སྟེང་གི་ཟླ་བའི།།དཀྱིལ་ན་སེམས་དཔའི་སྐྱིལ་ཀྲུང་བཞུགས་མ།།ཕྱག་འཚལ་དཔལ་མོ་ཞལ་གཅིག་ཕྱག་གཉིས།།ཐབས་དང་ཤེས་རབ་འབྲེལཔའི་ཕྱག་རྒྱ།།ཐུགས་ཀར་གསེར་གྱི་བུམ་པ་བསྣམས་མ།།དངོས་གྲུབ་མ་ལུས་པར་ནི་སྟེར་མ།།ཕྱག་འཚལ་བུམ་པ་བཟང་དང་ནོར་བུ།།འདོད་འཇོའི་བ་དང་དཔག་བསམ་ཤིང་ཆེན།།ཁྱོད་ཞབས་དྲན་པས་འདོད་དགུ་འབྱུང་འགྱུར།།གང་ལ་ཅི་འདོད་རེ་བ་སྐོང་མ།།ཕྱག་འཚལ་ཡོངས་སུ་རྫོགས་བྱེད་སྒྲོལ་མ།།ཧ་ལས་སྐྱེས་པའི་ཁྱུ་མཆོག་སྟེང་དུ།།པདྨ་ཟླ་བའི་དཀྱིལ་འཁོར་གདན་ལ།།ཕྱེད་སྐྱིལ་རོལ་པའི་འདུག་སྟངས་མཛེས་བརྗིད།།ཕྱག་འཚལ་དཀར་མོ་ཞལ་གཅིག་སྤྱན་གསུམ།།རྣམ་པར་ཐར་པའི་སྒོ་གསུམ་གཟིགས་མ།།ཞེ་སྡང་མ་སྤངས་གནས་སུ་དག་ཕྱིར།།དུར་ཁྲོད་སྟག་གི་ཤམ་ཐབས་བཅིངས་མ།།ཕྱག་འཚལ་གཡས་པས་མུ་ཏིག་ཕྲེང་འཛིན།།ཐུགས་རྗེ་མི་བཟད་རབ་ཏུ་ཁྲོས་པས།།གཡོན་པའི་ཕྱག་ན་རྩེ་གསུམ་མདུང་ཐོགས།།དུག་གསུམ་འཁོར་བའི་རྒྱུ་ལ་བསྣུན་མ།།ཟླ་བ་ཡར་ངོའི་ཚེས་བརྒྱད་དག་ལ།།གང་གིས་རྣམ་དག་གཙུག་གི་ནོར་བུ།།བསྟོད་པའི་རྒྱལ་པོ་གུས་པའི་བློ་ཡིས།།ལན་གྲངས་ཉི་ཤུ་རྩ་གཅིག་བརྗོད་ན།།རྒྱལ་པོ་སྦྲུལ་དང་སྲིན་པོ་མི་རྒོད།།མེ་དང་ཆུ་དང་སྟག་དང་སེང་གེ།འཇིགས་པ་ཆེན་པོ་བརྒྱད་ལས་གྲོལ་འགྱུར།།མུ་གེ་ནད་དང་འབྱུང་པོས་འཚེ་བ།།སྡུག་བསྔལ་ཡིད་མི་བདེ་ལས་གྲོལ་འགྱུར།།སྡིག་པ་ཆེན་པོ་རྣམས་དང་སྐལ་ངན།།འཁྲུག་དང་འཐབ་རྩོད་ཉེས་པ་མི་འབྱུང་།།ཉོན་མོངས་མྱ་ངན་གདུང་བ་རྣམས་སེལ།།ས་འོག་གཏེར་དང་མིག་སྨན་རི་ལུ།།རྐང་མགྱོགས་ལ་སོགས་དངོས་གྲུབ་བརྒྱད་ཐོབ།།སྐུ་དང་གསུང་དང་ཐུགས་ཀྱི་དབང་ཕྱུག།རྫུ་འཕྲུལ་ཀུན་འགྲོ་གནས་ལ་སོགས་པའི།།དབང་ཕྱུག་ལས་ལ་དཀའ་བ་མ་ཡིན།།བདག་པོར་བྱེད་དང་དགའ་མགུར་བསྒྲུབ་པའི།།འདོད་དགུ་འབྱུང་བའི་དངོས་གྲུབ་འགྲུབ་པ།།དེ་བཞིན་ཡོན་ཏན་བརྒྱད་ཀྱང་ཐོབ་འགྱུར།།ཡིད་བཞིན་ནོར་བུ་དཔག་བསམ་ཤིང་དང་།།དཔལ་ལྡན་འདོད་འཇོའི་བ་དང་བུམ་མཆོག།བདེ་བ་དང་བཅས་ནོར་རྣམས་འགྲུབ་འགྱུར།།མཚན་མོ་རྒྱུ་དང་ལྟོ་འཕྱེ་འབྱུང་པོ།།ཤ་ཟའི་ཚོགས་ཀྱིས་གླགས་རྙེད་མི་འགྱུར།།ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེན་པོ།།འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཀྱིས།།དགོསཔའི་དོན་རྣམས་འགྲུབ་པར་མཛད་ཅིང་།།བར་དུ་གཅོད་པ་རྣམས་ནི་སེལ་འགྱུར།།གང་དུ་ཚེ་ཡི་འདུ་བྱེད་བཏང་དུས།།བདེ་བ་ཅན་གྱི་ཞིང་དུ་སྐྱེ་འགྱུར།།དངོས་གྲུབ་འབྱུང་གནས་རྗེ་བཙུན་སྒྲོལ་མའི།།ལྷ་མཆོག་རྣམས་ལ་བདག་གིས་བསྟོད་པས།།དགེ་བ་དྲི་མེད་ཟླ་བ་རྒྱས་འདྲའི།།འོད་ལྟར་དཀར་བ་ཐོབ་པ་དེས་ནི།།འཇིག་རྟེན་རྩོད་པའི་སྐྱོན་བྲལ་རྫོགས་པའི།།སངས་རྒྱས་ཐོབ་ནས་སེམས་ཅན་རྣམས་ལ།།བདེ་ཆེན་ཆར་པ་འབེབས་པར་ཤོག་ཅིག།སྒྲོལ་མ་མངོན་པར་འབྱུང་བའི་ལེའུ་བདུན་ཅུ་རྩ་གཉིས་པ།རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་ནས།ལྷའི་རྣམ་གྲངས་བསྟན་པའི་ལེའུ་བཅུ་གསུམ་པ།བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་དང་མཐུན་པར།ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ།སློབ་དཔོན་ཆེན་པོ་སཱུརྱ་གུཔྟའི་ཞབས་ཀྱིས་མཛད་པ་རྫོགས་སོ།།།།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་།བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།