ཁི བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའི་ཆོ་ག།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-03-28 16:12:11     རྩོམ་པ་པོ།   འཇིགས་མེད་འབྱུང་གནས་སྦས་པ།    ཀློག་ཐེངས།  

རྒྱ་གར་སྐད་དུ། བོ་དྷི་ས་ཏྭ་སམྦ་ར་གྲྀ་ཧྞ་བི་དྷི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའི་ཆོ་ག །སངས་རྒྱས་ལ་ཕྱག་འཚལ་ལོ། །བླ་མེད་བསམ་གྱིས་མི་ཁྱབ་འབྲས་བུ་སྐྱེ་བ་ཡི། །རྫོགས་པའི་སངས་རྒྱས་དཔག་བསམ་ཤིང་ལྗོན་ས་བོན་ནི། །སྡོམ་པ་དམ་པ་བསྐྱེད་ཅིང་སྤེལ་བར་བྱེད་པ་སྟེ། །འབྲས་བུ་མཆོག་དེས་སེམས་ཅན་ཚོགས་རྣམས་ཚིམ་པར་བྱེད། །འདིར་ངེས་པར་སྡོམ་པ་གཟུང་བ་ནི་སྡོམ་པ་འབོགས་པའི་ཆོ་ག་ལ་མཁས་ཤིང༌། ལེན་འདོད་ཀྱི་སྡོམ་པ་དང་ལྡན་པའི་བླ་མས་གསུངས་པའི་རྗེས་སུ་བརྗོད་པར་བྱ་སྟེ། དཀོན་མཆོག་གསུམ་དང་བླ་མའི་མཎྜལ་སྔོན་དུ་འགྲོ་བས་སམ་མཎྜལ་མེད་ཀྱང་རུང་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ལྟར་གསུམ་མོ། །སྐྱབས་གསུམ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་བདག་གཟུང་དུ་གསོལ། དེའི་རྗེས་སུ་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་ངོ༌། །སྲོག་གཅོད་པ་ལས་རབ་ཏུ་ལྡོག་པར་བགྱིའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་དང༌། འདོད་པ་ལས་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆད་དང༌། བཅོས་པའི་ཆང་མྱོས་པར་གྱུར་པ་བག་མེད་པའི་གནས་ལས་རབ་ཏུ་ལྡོག་པར་བགྱིའོ། །དེ་ལྟར་གསུམ་མོ། །དེང་ནས་བཟུང་ནས། བདག་མཆོག་གི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་པའོ། །དེ་ལྟར་འདིས་ཡན་ལག་གསུམ་ཡོངས་སུ་རྫོགས་པ་དང༌། ཡན་ལག་ལྔ་ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་འགྱུར་རོ། །བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་གཅིག་པ་ནི་རྟག་ཏུ་མི་འདོགས་པའི་རྒྱན་བཞག་སྟེ། ཉི་མ་ཤར་བ་ནས་སྔར་བཞིན་དུ་བཟུང་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་པ་དུས་འདི་ནས་བཟུང་ནས་ཇི་སྲིད་སང་གི་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤོང་ངོ༌། །སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་པ་བག་མེད་པའི་གནས་དང༌། ཁྲི་སྟན་མཐོན་པོ་དང༌། མ་ལ་སྟན་ཆེན་པོ་དང༌། དྲི་དང༌། ཕྲེད་པ་དང༌། བྱུག་པ་དང༌། ཁ་དོག་འཆང་བ་དང༌། གར་དང༌། གླུ་དང༌། རོལ་མོའི་སྒྲ་དང༌། ལྟད་མོ་བལྟ་བ་དང༌། དུས་མ་ཡིན་པའི་ཁ་ཟས་ལས་རབ་ཏུ་ལྡོག་པར་བགྱིའོ། །དགྲ་བཅོམ་པ་ཡོན་ཏན་བརྒྱད་ཀྱིས་བརྒྱན་ནས་བཞུགས་པ་བཞིན་དུ་བགྱིའོ། །བདག་གིས་གསོ་སྦྱོང་གི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ཡང་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། མ་ཐོབ་པའི་དོན་གྱི་མཆོག་སངས་རྒྱས་ཉིད་ཐོབ་པའི་རྒྱུར་གྱུར་ཅིག །དེ་ལྟར་གསུམ་མོ། །དེ་ལྟར་འདི་ནི་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་སྟེ་འཕགས་པ་རྣམས་དང་ཉེ་བར་གནས་པར་འགྱུར་རོ། །ཉིན་པར་ཙམ་ཡང་དག་པར་ལེན་པ་ལ་དུས་འདི་ནས་བཟུང་སྟེ་ཇི་སྲིད་ཉི་མ་ནུབ་ཀྱི་བར་དུ་ཞེས་བརྗོད་པར་བྱའོ། །མཚན་མ་ཙམ་ལ་ནི་དུས་འདི་ནས་བཟུང་ནས་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་ཞེས་བརྗོད་པར་བྱའོ། །གསོ་སྦྱོང་གི་སྡོམ་པ་ཁོ་ན་ཇི་སྲིད་འཚོའི་བར་དུ་ལེན་པ་ནི་གོ་མིའི་སྡོམ་པ་སྟེ། དེ་བླང་བ་ནི་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་ཞེས་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་དོན་དུ་གཉེར་བས་དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བྱས་ནས་མཆོད་པ་བྱས་ཏེ།དེའི་མདུན་དུ་དཀོན་མཆོག་གསུམ་དང་བླ་མའི་མཎྜལ་བྱས་ནས་ཉེ་བར་སྤྱོད་པ་ལྔས་ཡང་དག་པར་མཆོད་དེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རབ་ཏུ་དང་བ་ཡང་དག་པར་བསྐྱེད་ནས་ཕྱག་བྱས་ཏེ། པུས་མོ་གཉིས་ས་ལ་བཙུགས་པའམ་ཙོག་ཙོག་པོར་ཡང་རུང་བས་ཐལ་མོ་སྦྱར་ཏེ་མདུན་དུ་འདུག་ནས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། རིགས་ཀྱི་བུ་བདག་ཁྱོད་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་དེ་ལ་སྤྲོ་ཡིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཐུགས་བརྩེ་བའི་སླད་དུ་སྩལ་དུ་གསོལ་ཞེས་དེ་ལྟར་གསུམ་མོ། །བླ་མ་དེས་འདི་ལྟར་བརྗོད་དེ། ཁྱོད་ཀྱིས་བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བདག་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ་འཛིན་པར་འདོད་དམ་ཞེས་པ་ཡང་གསུམ་མོ། །དེས་ཀྱང་འཛིན་པར་འཚལ་ལོ་ཞེས་དམ་བཅའ་བར་བྱའོ། །བླ་མ་ལས་འདི་སྐད་དུ་བརྗོད་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་པས་ལུས་དང་ངག་དང་ཡིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། མ་དང་ཕ་དང་སེམས་ཅན་གཞན་ལ་བརྟེན་ནས་སྐྱེ་བ་འདི་དང་གཞན་རྣམས་སུ་སྡིག་པའི་ལས་གང་ཅུང་ཞིག་བགྱིས་པར་གྱུར་པ་དང་བགྱིད་དུ་སྩལ་བ་དང་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་བཤགས་པར་བགྱིའོ། །ཤེས་ཤིང་དྲན་པས་མི་འཆབ་བོ་ཞེས་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཁྱེན་པ་ཐམས་ཅད་སྟོན་པ་འཇིགས་པ་ཐམས་ཅད་ལས་འདས་པ་སྐྱེས་བུ་ཆེན་པོ་མི་ཕྱེད་པའི་སྐུ་བླ་ན་མེད་པའི་སྐུ་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་པས་མཐའ་ཡས་པའི་སེམས་ཅན་གྱི་ཁམས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བྱ་བའི་ཕྱིར་དང༌། གདོན་པར་བྱ་བའི་ཕྱིར་དང༌། ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་ལ་རབ་ཏུ་དགོད་པར་བྱ་བའི་ཕྱིར། ཇི་ལྟར་འདས་པ་དང་ད་ལྟར་དང་མ་བྱོན་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སངས་རྒྱས་པ་དང་འཚང་རྒྱ་བ་དང་འཚང་རྒྱ་བར་འགྱུར་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་ཅིང་གཟིགས་པ་དང༌། ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་མཁྱེན་ཅིང་རྗེས་སུ་མཁྱེན་པའི་ཆོ་ག་དེས། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་མིང་འདི་ཞེས་བགྱི་བ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མདུན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ་ཞེས་ལན་གསུམ་མོ། །བདག་གིས་སྡིག་པ་བཤགས་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་བྱུང་བའི་དགེ་བའི་རྩ་བ་འདི་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །འཇིག་རྟེན་ན་སྐྱོབ་པ་མེད་པ་དང༌། སྐྱབས་མེད་པ་དང༌། གནས་མེད་པ་དང༌། དཔུང་གཉེན་མེད་པ་དང༌། གླིང་མེད་པ་རྣམས་ཀྱི་སྐྱོབ་པ་དང༌། སྐྱབས་དང་གནས་དང༌། དཔུང་གཉེན་དང༌། གླིང་དུ་འགྱུར་བར་བགྱི་ཞིང༌། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་མ་བརྒལ་བ་རྣམས་བསྒྲལ་བ་དང༌། ཡོངས་སུ་མི་ལྡོག་པའི་སྒྲིབ་པ་མེད་པའི་ཆོས་ཀྱི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བགྱི་བ་དང༌། དབུགས་མ་ཕྱུང་བ་དབུགས་དབྱུང་བར་བགྱིའོ་ཞེས་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བས་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཐའ་ཡས་པའི་སེམས་ཅན་གྱི་ཁམས་ལ་ཇི་ལྟར་མ་དང་ཕ་དང་སྲིད་མོ་དང་སྤུན་ཟླ་དང་བུ་དང་བུ་མོ་དང༌། གཞན་ཡང་ཉེ་དུ་དང་སྣག་གི་གཉེན་མཚམས་སུ་གནས་པ་དེ་ལྟར་རབ་ཏུ་གཟུང་ངོ༌། །རབ་ཏུ་བཟུང་ནས་ཀྱང་ནུས་པ་ཇི་ལྟ་བ་དང༌། སྟོབས་ཇི་ལྟ་བ་དང༌། སྣོད་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པར་བགྱིའོ། །འདི་ནས་བཟུང་ནས་གང་ཅུང་ཞིག་སྦྱིན་པ་གཏོང་བར་འགྱུར་བ་དང༌། ཚུལ་ཁྲིམས་སྲུང་བར་འགྱུར་བ་དང༌། བཟོད་པ་སྒོམ་པར་འགྱུར་པ་དང༌། བརྩོན་འགྲུས་རྩོམ་པར་འགྱུར་བ་དང༌། བསམ་གཏན་ལ་སེམས་མཉམ་པར་འཇོག་པར་འགྱུར་བ་དང༌། ཤེས་རབ་རྣམ་པར་དཔྱོད་པར་འགྱུར་བ་དང༌། ཐབས་མཁས་པ་ལ་སློབ་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་འཇུག་པར་བྱེད་པ་དེས་བྱང་ཆུབ་སེམས་དཔའ་བདག་སློབ་པས་འདི་ནས་བཟུང་ནས་བྱང་ཆུབ་སེམས་དཔར་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་ལན་གསུམ་མོ། །འདི་དག་ཐམས་ཅད་བྱས་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ནས་བདག་མིང་འདི་ཞེས་བགྱི་བ་ལས་མིང་འདི་སྐད་ཅེས་བགྱི་བ་འདིས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་སོ་ཞེས་བྱའོ། །དེ་འདྲ་བའི་བླ་མ་ཡང་མེད་ན་རང་གིས་ཡང་དག་པར་བླང་བར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ་ཞེས་བྱ་བ་དང༌། སློབ་དཔོན་མིང་འདི་ཞེས་བགྱི་བ་བཞག་ནས། འདི་ནས་བཟུང་ནས་བདག་བྱང་ཆུབ་སེམས་དཔར་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔས་གཟུང་དུ་གསོལ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ལྟར་མཁྱེན་པར་གསོལ་བའི་མཐར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྔགས་པ་དང༌། རྟག་ཏུ་འདིའི་དགེ་བ་མངོན་པར་འཕེལ་བར་བྱ་བའི་ཕྱིར་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་ཆོ་ག་བསྡུས་པའོ། །གཞུང་འདིའི་བསོད་ནམས་བདུད་རྩི་ཡིས། །སེམས་ཅན་ཡོངས་སུ་ཚིམ་བྱས་ཏེ། །མཁས་པ་འཇིགས་པ་མེད་པ་ནི། །ཀུན་རིག་དཔག་བསམ་གོ་འཕང་ཤོག །སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་བསྡུས་པའི་སྡོམ་པ་བཟུང་པའི་ཆོ་ག་རྫོགས་སྟོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱ་ཀྱ་ཤྲཱི་བྷ་དྲ་དང༌། ཆག་ལོ་ཙཱ་བ་དགེ་སློང་དགྲ་བཅོམ་གྱིས་བསྒྱུར་པའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།