ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-13 10:40:00     རྩོམ་པ་པོ།   སློབ་དཔོན་མ་ཏི་ཙི་ཊ།    ཀློག་ཐེངས།  

img_0376.jpg


༄༅༅། །རྒྱ་གར་སྐད་དུ། སཾ་མྱག་སཾ་བུདྡྷཱ་ལཀྵ་ཎ་སྟོ་ཏྲཾ། བོད་སྐད་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་རྣམས་ཀྱིས་རྒྱ་ཆེར་མཆོད་གྱུར་ཅིང་། །བཅོམ་ལྡན་མཛེས་པ་ཡིད་འོང་མཐའ་ཡས་དང་ལྡན་པའི། །ཟས་གཙང་རིགས་རྣམས་ཀྱི་ནི་རྒྱན་གྱི་མཆོག་གྱུར་པ། །གངས་རི་ལྟ་བུར་རྒྱ་ཆེར་མཛེས་ལ་ཕྱག་འཚལ་ལོ། །གང་ཞིག་ཁུ་བྱུག་བུང་བ་སྔོན་པོ་ལྟ་བུར་འཇམ་གནག་འཁྱིལ་ཅིང་མཛེས་པའི་དབུ། །གསེར་གྱི་རི་ངོས་ཙམ་པ་ཀ་དང་ལྡོང་རོས་ལྟ་བུར་དཔྲལ་བ་དྲི་མ་མེད། །གངས་དངུལ་ཀུ་མུ་ད་དང་པད་རྩ་མུ་ཏིག་ཟླ་འོད་ལས་ལྷག་མཛོད་སྤུ་དཀར། །གཙོ་མའི་གསེར་གྱི་ཁ་དོག་ལྟ་བུར་འཕྱང་ཞིང་རབ་ཏུ་མཛེས་པའི་སྙན། །ཨིནྡྲ་ནཱི་ལ་བུང་བ་སྤྲིན་གནག་དང་འདྲ་སྨིན་མ་དྲི་མེད་འཇམ། །ཤངས་ཀྱི་གཟེངས་མཐོ་རབ་མཛེས་སྨིན་མ་རྒྱས་པ་ལྟ་བུར་མཁུར་ཚོས་དམར། །མཆུ་ནི་བིམ་པ་གཞོན་བཞིན་འགྲམ་པ་སེང་གེ་དང་འདྲ་ཀོས་ཀོའི་དཀྱིལ་འཁོར་མཛེས། །མཉམ་ལ་ཐགས་བཟངས་ཚེམས་མངའ་ཨུཏྤལ་རྒྱས་པའི་འདབ་ལྟར་དཀྱུས་རིང་མཉེན་པའི་ལྗགས། །ངང་པ་ཁུ་བྱུག་ཀ་ལ་པིངྐ་ལྟ་བུར༌ཟབ་ཅིང་ཡིད་དུ་འོང་བའི་ངག །ལྷ་རྔ་མཆོག་དང་འབྲུག་དང་ཚངས་དབྱངས་ལྟ་བུར་སྙན་ཅིང་དྲི་མ་མེད་པའི་གསུང་། །ཟླུམ་རྒྱས་མགུལ་ནི་དུང་འདྲ་ཡངས་ཤིང་རྒྱས་པའི་ཐལ་གང་མཐོ། །གསེར་སྦྱངས་དང་འདྲ༌དྲི་མེད་གསེར་གྱི་རི་ངོས་མཚུངས་ཤིང་ཕྲག་གོང་དྲི་མ་མེད། །སུམ་ཅུ༌རྩ་གསུམ་གླང་པོའི་སྣ་འདྲ་བཙོ་མའི་གསེར་གྱི་ཁ་དོག་ལྟ་བུའི་ཕྱག །མཛེས་པར་འཁྱིལ་ཞིང་བཀྲ་ཤིས་ལྕགས་ཀྱུ་ཉ་དང་འཁོར་ལོ་དག་གིས་ཕྱག་མཐིལ་མཚན། །བུང་བའི་ལུས་དང་ཁུ་བྱུག་མདོག་འདྲ་བ་སྤུ་རེ་རེ་ནས་གཡས་ལེགས་པར་འཁྱིལ། །གསེར་གྱི་རི༌རྩེ་པདྨ་རཱ་ག་མྱུ་གུ་འཐོན་པས་ཁྱབ་པ་དང་འདྲ་བ། །མཆོག་གི་རབ་མཆོག་པདྨ་རཱ་ག་ལྟ༌བུ་དབུས་ནས་ལྟེ་བ་གཡས་ཕྱོགས་འཁྱིལ། །མདོམས་ཀྱི་སྦ་བ་སྦུབས་ནུབ་པུས་མོའི་ལྷ་ངའི་དཀྱིལ་འཁོར་འབར་འབུར་མེད་ཅིང་མཉམ། །གསེར་གྱི་ཆུ་ཤིང་འཛམ་བུ་ན་ད་དང་ནི་གསེར་གྱི་ཏ་ལ་འདྲ་བའི་བརླ། །ལེགས་སྐྱེས་རིམ་གྱིས་ཕྲ་ཞིང༌རབ་མཛེས་སེང་གེ་རི་དྭགས་ལྟ་བུར་རྗེ་ངར་ཟླུམ། །ངང་པའི་རྒྱལ་པོ༌དང་འདྲ་མཉམ་ལ་དྲ་བས་འབྲེལ་ཞིང་རབ་ཏུ་མཛེས་པའི་ཞབས། །དལ་ཞིང་བརྟན་ལ་མི་གཡོ་སེང་གེ་དང་ནི་གླང་པོའི་སྟབས་འདྲ་མཛེས་པར་གཤེགས། །ངོས་དམར་མཚམས་ཀྱི་ཉི་མ་དམར་བས་ཁྱབ་པ་ལྟ་བུ ར་འོད་ཟེར་རྣམ་པར་འཕྲོ། །གསེར་དང་ནོར་བུ་ཆུ་ཤེལ་ལྟ་བུར་མཛེ ས་ཤིང་ཡིད་དུ་འོང་བའི་སྐུ། །དྲི་མེད་ཉི་མ་དབང་པོའི་གཞུ་འདྲ་བཅོམ་ལྡན་གཡས་ཕྱོགས་གཤེགས་པའི་སྐུ། །རྫུ་འཕྲུལ་རྐང་པའི་ཞབས་བརྟན་ཡང་དག་བརྩོན་འགྲུས་མཛེས་པའི་སྣམ་ལོགས་ཅན། །བཅོམ་ལྡན་སེང་གེ༌མཆོད་བྱས་ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་ཞབས། །བདུད་ཀྱི་བུ༌མོས་ཟུར་མིག་བལྟ་བས་གང་ཞིག་མི་གཡོ་ཏིང་འཛིན་རི་ལྟར་བརྟན། །དཔའ་བོའི་མཚོན་གྱིས་མི་བསྙིལ་ཅོད་པན་གྱིས་གཏུགས་དབང་ཆེན་རྣམས་ལ་མགོས་ཕྱག་འཚལ། །དེ་ལྟར་བཅོམ་ལྡན་འདས་ལ་བདག་གིས་མངོན་པར་བསྟོད་པ་བགྱིས་པ་ལས། །བདག་གིས་དགེ་བ་གང་བསགས༌དེས་ནི་འགྲོ་ཀུན་སངས་རྒྱས་མྱུར་འགྲུབ་ཤོག། །།

ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ་སྙན་དངགས་མཁན་ཆེན་པོ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ་རྫོགས་སོ།། །།

བསྡུར་མཆན།

མཚན་བྱང་འདི་《པེ་》《སྣར་》ལྟར་བཀོད། 《པེ་》སཾ་མྱཀྶཾམྦུདྡྷཱ་ཡ་ཀ་ཏ། 《སྣར་》སཾ་མྱཀྶཾ་བུདྡྷཱ་ཡ་ཀ་ཏ། 《པེ་》བཅོ་མ། 《སྣར་》བཙོ་མ། 《པེ་》《སྣར་》ནག 《པེ་》《སྣར་》ཞིང་། 《པེ་》གོ།《སྣར་》ཀོ། 《པེ་》《སྣར་》ཞིང་། 《པེ་》《སྣར་》བཟང་། 《པེ་》《སྣར་》གཉེན། 《པེ་》《སྣར་》བིང་ཀ 《པེ་》《སྣར་》-ཟབ་ཅིང་། 《པེ་》《སྣར་》གསུང་། 《པེ་》《སྣར་》དབྱངས། 《པེ་》《སྣར་》+དཀྱུས་རིང་། 《པེ་》《སྣར་》གོང་། 《པེ་》《སྣར་》-དྲི་མེད། 《པེ་》《སྣར་》གསུམ་དབང་། 《པེ་》《སྣར་》མ། 《པེ་》《སྣར་》ཀྱོ། 《པེ་》《སྣར་》གཡས་སུ། 《པེ་》《སྣར་》རྩེར་པདྨ་རཱ་གའི་མྱུ་གུ་མཐོན་པས་ཁྱབ་དང་འདྲ་བ་ཡི། 《པེ་》《སྣར་》བུའི་དབུས་ན། 《སྣར་》སྦུགས། 《པེ་》《སྣར་》སེང་གེ་དང་ནི། 《པེ་》《སྣར་》ལྟ་བུར། 《པེ་》《སྣར་》སུ། 《པེ་》《སྣར་》-མཆོད་བྱས།《པེ་》《སྣར་》མཆོད། 《པེ་》《སྣར་》མོ་ཟུར་མིག་ལྟ་བས་གང་གི་ཏིང་འཛིན་མི་གཡོ། 《པེ་》《སྣར་》བཏུད། 《པེ་》《སྣར་》དེ་ཡིས། 《པེ་》《སྣར་》གྲུབ། 《པེ་》《སྣར་》ཏྲས། 《པེ་》མངྒལཾ

                                        རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
       གསལ་འདེབས།
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་      དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།