ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་འགྲེལ་པ

ཡོང་ཁུངས།   སློབ་དཔོན་ཤེས་རབ་གོ་ཆ།     སྤེལ་དུས།  2018-01-12 11:46:10     རྩོམ་པ་པོ།   ངེད་དགེ་ལུགས་པའི་དྲ་བ    ཀློག་ཐེངས།  

 

IMG_4381.JPG
༄༅༅། །རྒྱ་གར་སྐད་དུ། དེ༌ཝ་ཨ་ཏི་ཤ་ཡ་སྟོ་ཏྲ་ཊཱི་ཀཱ། བོད་སྐད་དུ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་འགྲེལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལྷ་ལས་ཕུལ་བྱུང་ཞི་བ་སྟོན་པ་པོ། །དད་ཅིང་གུས་པར་བཅས་པས་ཕྱག་འཚལ་ཏེ། །ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་ནི། །ཅི་ནུས་པར་ནི་རྣམ་པར་དབྱེ་བར་བྱ། །འདི་ལྟར་རྗེས་སུ་ཐོས་ཏེ། མཐོ་བཙུན་གྲུབ་རྗེ་ཞེས་བྱ་བ་དང་། བདེ་བྱེད་བདག་པོ་ཞེས་བྱ་བ་སྤུན་གཉིས་རང་གི་ལས་ལ་རྗེས་སུ་དགའ་ཞིང་དབང་ཕྱུག་ཆེན་པོ་ལ་མཆོག་ཏུ་དད་པའི་བྲམ་ཟེའི་རིགས་སུ་སྐྱེས་པར་གྱུར་པ་དང་། དེ་བཞིན་དུ་དེ་དག་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཇི་སྲིད་ལྷ་ཆེན་པོ་དེ་རང་ཉིད་ཀྱིས་མངོན་སུམ་དུ་མཐོང་ཞིང་དེའི་ལུང་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་ཡུ་བུ་ཅག་གིས་དགེ་བའི་རྩ་བ་ཅུང་ཟད་ཀྱང་མི་བྱའོ་ཞེས་དམ་བཅས་པར་གྱུར་ནས། རི་བོ་ཏི་སེར་སོང་སྟེ་དེར་ཕྱིན་པ་དང་། ལྷ་ཆེན་པོ་དགྲ་བཅོམ་པའི་དགེ་འདུན་རྣམས་ལ་བསོད་སྙོམས་སྟོབས་པ་ལ་བརྩོན་པར་གྱུར་པ་དང་ཕྲད་དེ། དེ་ལས་སངས་རྒྱས་བཅོམ་ལྡན་འདས་ཉིད་ནི་སྲིད་པ་གསུམ་གྱི་བླ་མའི་དམ་པ་ཡིན་ནོ་ཞེས་བསྟན་པ་དང་། ངེས་པ་རྙེད་དེ། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་དེ་ལ་བརྟེན་ཏེ། མཐོ་བཙུན་གྲུབ་རྗེས་ནི་ཁྱད་པར་དུ་འཕགས་པའི་བསྟོད་པས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ལ། བདེ་བྱེད་བདག་པོས་ནི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པས་ཐུབ་པའི་དབང་པོ་ལ་བསྟོད་པ་བརྩམས་པ་ཡིན་ནོ། །ད་ནི་ལྷ་ལས་ཕུལ་དུ་བྱུང་བ་ཞེས་བྱ་བའི་བསྟོད་པ་དེའི་རྒྱ་ཆེར་བཤད་པ་བརྩམ་པར་བྱ་བའི་ཕྱིར། དེའི་བཤད་པ་ཉེ་བར་བསྟན་པ་སྨྲས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། གལ་ཏེ་འདིར་ཤིན་ཏུ་ཕུལ་དུ་བྱུང་བའི་ཡོན་ཏན་འབའ་ཞིག་དང་ལྡན་པར་གྱུར་པས་རྒྱལ་བ་ལ་བསྟོད་པ་རྩོམ་པར་བྱེད་པ་དེའི་ཚེ། རྒོལ་བར་སྨྲ་བ་གཞན་དག་འདི་སྐད་དུ། འདི་ནི་དད་པ་ཙམ་གྱིས་རྗེས་སུ་འཇུག་པ་ཡིན་གྱི། ཡང་དག་པ་ནི་མ་ཡིན་ནོ་ཞེས་རྟོག་པར་བྱེད་པས་དེའི་ཕྱིར་རིགས་པ་ལ་བརྟེན་ནས་སྨྲས་པ་ཡིན་ཏེ། སེམས་ཅན་ལས་ཕུལ་དུ་བྱུང་བའི་སྟོན་པ་དེ་ནི་ད་ལྟར་མངོན་སུམ་དུ་ཡང་མ་མཐོང་ཞིང་། རྣལ་འབྱོར་པའི་ཤེས་པ་ཡང་མེད་པ་ཡིན་པའི་ཕྱིར ། མངོན་སུམ་དུ་མ་གྱུར་མོད་ཀྱི། འོན་ཀྱང་རྗེས་སུ་དཔག་པས་ས་གསུམ་ན་ཡང་དག་པར་སྟོན་པ་རྣམ་པ་གཉིས་གྲགས་ཏེ། ཐ་མལ་པའི་འཇིག་རྟེན་པ་ལ་ནི་ཚངས་པ་ལ་སོགས་པ་ལ་སྟོན་པར་གྲགས་ལ། རྟོགས་པ་དང་ལྡན་པའི་སྐྱེས་བུ་དམ་པ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་སྟོན་པར་གྲགས་སོ། །དེ་ལ་འདི་རྣམས་མངོན་སུམ་དུ་མཐོང་བ་མེད་པས་ན་མངོན་སུམ་མ་གྱུར་ཞེས་སྨོས་པ་ཡིན་ཏེ། ཐུབ་པའི་དབང་པོ་ཡང་མངོན་སུམ་དུ་མ་དམིགས་ལ། ཚངས་པ་ལ་སོགས་པ་ཡང་སྒྲིབ་གཡོགས་མེད་པར་མ་མཐོང་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དགྲ་བོ་བཅོམ་པའི་ཕྱིར་བཅོམ་ལྡན་ཏེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་སྨྲས་པ་ཡིན་ནོ། །བདེ་གཤེགས་ཞེས་བྱ་འདིས་ནི་དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར་ཐུགས་སུ་ཆུད་པའི་ཕྱིར་བདེ་བར་གཤེགས་པ་སྟེ། འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །ཁྱབ་འཇུག་ཅེས་བྱ་བ་ནི་རྣམ་པར་གནོན་པ་སྣ་ཚོགས་པས་ཁྱབ་པའི་ཕྱིར་ཁྱབ་འཇུག་སྟེ། འདིས་ས་གསུམ༌པར་གནོན་པའི་ཕྱིར་དེ་སྐད་ཅེས་བྱ་ལ། དེའི་ལྟེ་བའི་པདྨ་ལས་ཚངས་པ་སྐྱེས་ལ། དེ་ཉིད་ལས་ནི་འགྲོ་བ་གཞན་དག་ཀྱང་སྐྱེས་སོ་ཞེས་ཟེར་རོ། །ལྷ་ཆེན་པོ་ནི་འགྲོ་བ་རྣམས་སྡུད་པར་བྱེད་པ་ཡིན་པས་ན་འཕྲོགས་པ་ཞེས་ཀྱང་བྱ་སྟེ། འགྲོ་བ་འབྱིན་པ་དང་སྐྱེད་པ་པོ་ཡིན་པར་འདོད་དེ། དེ་ནི་འཇིག་རྟེན་འདི་འབྱིན་པར་བྱེད་ཅིང་སོ་སོར་སྡུད་པར་ཡང་བྱེད་དོ་ཞེས་གཏམ་དུ་གྲགས་པ་ཡིན་ནོ། །ཚངས་པ་ཞེས་བྱ་བ་ནི་གསེར་གྱི་སྐྱེ་གནས་ཏེ་སྐྱེ་དགུའི་བདག་པོའོ། །དེ་ཡང་། དང་པོ་ཆུ་ནི་སྤྲུལ་པར་གྱུར། །དེར་ནི་ས་བོན་བཅུག་གྱུར་ལ། །དེ་ནི་གསེར་གྱི་སྒོ་ངར་གྱུར། །དེ་ལས་ཚངས་པ་སྐྱེས་པ་ཡིན། །ཞེས་སྨྲ་བའོ། །དེ་ལ་གསེར་གྱི་རང་བཞིན་ཅན་གྱི་སྒོ་ང་ལས་མངལ་གྱི་ཚུལ་དུ་གྱུར་པ་ལས་སྐྱེས་པའི་ཕྱིར་གསེར་གྱི་སྙིང་པོ་ཞེའམ། གསེར་གྱི་སྐྱེ་གནས་ཞེས་བྱའོ། །དེ་ལྟར་ན་བཞི་པོ་དེ་དག་ནི་འཇིག་རྟེན་པ་མ་ལུས་པའི་མངོན་སུམ་དུ་མ་གྱུར་པའི་ཕྱིར་ལྐོག་ཏུ་གྱུར་པ་ཡིན་ལ། ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པར་བྱ་དགོས་པས། དེའི་ཕྱིར་དེ་དག་གི་ཞེས་བྱ་བ་སྨོས་པ་ཡིན་ཏེ། དེ་ལྟར་བཞི་པོ་དེ་རྣམས་ཀྱི་གཟུགས་དེ་ཁ་དོག་དང་། དབྱིབས་ཀྱི་བདག་ཉིད་ཅན་གྱི་ཆ་ལུགས་དང་། སྤྱོད་པ་ནི་བྱ་བའི་ལས་ཏེ། ཕུལ་དུ་བྱུང་བའི་མཐུའོ། །ཡོན་ཏན་ནི་ཏིང་ངེ་འཛིན་གྱིས་ཁྱད་པར་ཅན་དུ་འཕགས་པ་སྟེ། དེ་དག་བརྟགས་ཤིང་ཤེས་པར་གྱིས་ལ། ཀྱེ་མ་བདེ་བར་གཤེགས་པའི་བསྟན་པ་ལ་ཞུགས་པ་རྣམས་ནི་འདིར་གང་ཞིག་ནི་ཡོན་ཏན་དང་ལྡན་པ་ཡིན་ཞེས་རྣམ་པར་བརྟག་གི། ཕྱོགས་སུ་ལྷུང་བའི་སྡང་བ་གང་ཡིན་པ་དེ་བསལ་བར་བྱའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ད་ནི་གཟུགས་སྣ་ཚོགས་པ་ཉིད་ཀྱི་དབང་དུ་བྱས་ནས་སྨྲས་པ་ནི། ཁྱབ་འཇུག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཁྱབ་འཇུག་འཁོར་ལོ་ཐོགས་པ་ནི་བལྟ་ན་སྡུག་པ་ལ་སོགས་པའི་མཚོན་ཆ་ཐོགས་པ་སྟེ། དེས་འཇིགས་པ་ནི་འཇིགས་སུ་རུང་བར་ཁྱབ་འཇུག་སྣང་བའོ། །དེ་ནི་འདི་སྐད་ཐོས་ཏེ། བདུད་རྩི་ཕྲོགས་པ་ལས་ལྷ་དང་ལྷ་མ་ཡིན་འགྲས་པར་གྱུར་པས་རྡེག་པར་འདོད་པ་ན། དེ་དག་ལ་མཚོན་ཆ་མེད་པས་བསྣུན་པར་མ་ནུས་པ་དང་། ཕུར་བུས་ལྷ་རྣམས་ལ་སྨྲས་པ། པྲ་ཙ་ཞེས་བྱ་བའི་དྲང་སྲོང་ཆེན་པོའི་བུ་ཞོ་འཐུང་ཞེས་བྱ་བ་ལོ་བྱེ་བ་ཕྲག་བདུན་གྱི་བར་དུ་དཀའ་ཐུབ་ལ་གནས་པར་གྱུར་པས། དེའི་རུས་པ་རྡོ་རྗེར་གྱུར་པ་ཡོད་དེ། དེའི་རུས་པ་བླངས་ནས་མཚོན་ཆར་བྱས་ན་ས་གསུམ་ལས་རྒྱལ་བར་ནུས་པར་འགྱུར་བས། དེ་སློངས་ལ་མཚོན་ཆ་དེས་ལྷ་མ་ཡིན་གཞོམ་པའི་རིགས་སོ་ཞེས་སྨྲས་པ་དང་། ལྷ་རྣམས་ཀྱིས་དྲང་སྲོང་དེ་ལ་གསོལ་བ་བཏབ་སྟེ་བསླངས་སོ། །དེས་ཀྱང་དེ་རྣམས་ལ་ཕན་གདགས་པའི་ཕྱིར་ལུས་ལ་བལྡག་ཏུ་བཅུག་སྟེ། རུས་པ་འབའ་ཞིག་ལུས་པར་བྱས་ནས་དེ་དག་ལ་བྱིན་ནོ། །དེ་ནས་ལས་ཐམས་ཅད་པས་རྩིབ་ལོགས་ཀྱི་རུས་པ་ལ་རྡོ་རྗེ་བྱས་པ་ནི་བརྒྱ་བྱིན་གྱིས་ཁྱེར་རོ། །བྱིན་པའི་རུས་པ་ལས་དབྱིག་པར་བྱས་པ་ནི་ཁྱབ་འཇུག༌གིས་ཁྱེར་རོ། །ལས་ཐམས་ཅད་པའི་བུ་མོ་རེ་ནུ་ཀ་ཞེས་བྱ་བ་ཉི་མས་བསླངས་པ་ལས། དེ་གཟི་བྱིན་བསྡུས་པའི་གཟུགས་ཅན་དུ་གྱུར་པས་དེའི་གཟི་བྱིན་མ་བཟོད་པས་ཁྱོ་དང་ལྷན་ཅིག་རོལ་ཅིང་རྩེ་བར་མི་འདོད་པ་དང་། གྲུལ་བུམ་གྱི་བུ་མོ་དང་ལྷའི་བུ་མོ་གཞན་དག་གིས་ཀྱང་ཉི་མའི་གཟི་བྱིན་བསྟེན་པར་མི་ནུས་པས་དེ་དག་བྲོས་ཏེ་ཕའི་ཁྱིམ་དུ་ཞུགས་ནས་འདུག་པ་དང་། ཕས་སྤྱོས་པས་སྐྱོ་བ་སྐྱེས་ཏེ་རྒོད་མའི་གཟུགས་སུ་བྱས་ནས་རི་བོ་ཏི་སེའི་རི་སུལ་གྱི་ཁྲོད་ཀྱི་ནང་དུ་དཀའ་ཐུབ་སྤྱོད་ཅིང་འདུག་གོ། །ཉི་མ་ཡང་ཆུང་མ་ཚོལ་ཞིང་སོང་བ་ན། གཏམ་དེ་ཐོས་ནས་དེར་སོང་སྟེ། རྟའི་གཟུགས་སུ་བསྒྱུར་ནས་མནན་པར་གྱུར་པ་དང་། སྐྱེས་བུ་གཞན་གྱིས་མངལ་ཆགས་པར་མི་བྱའོ་ཞེས་བྱས་པ་དང་། ཉི་མས་བགད་དེ་རང་ཉིད་ཀྱི་གཟུགས་བསྟན་ནས། ང་ལས་བུ་ཆགས་པ་ཡིན་ནོ་ཞེས་སྨྲས་པ་དང་། ཆུང་མའི་སྣ་ལས་ཕྱུང་བས་ཐ་སྐར་གྱི་བུ་གཉིས་སུ་གྱུར་ཏོ། །གཏམ་དེ་ལས་ཐམས་ཅད་པས་ཐོས་པ་དང་། ཉི་མ་ལ་སྨྲས་པ། གལ་ཏེ་ཁྱོད་ཀྱིས་ཚོར་བ་བརྣག་ནུས་ན་ངས་ཁྱོད་གཟུགས་ཡིད་དུ་འོང་བར་བྱས་ལ། གང་གི་ཚེ་ལྷག་པར་མི་བཟོད༌ཕར་ན་བ་དེའི་ཚེ་ནི་གཏང་བར་བྱའོ་ཞེས་སྨྲས་པ་དང་། དེས་དེ་བཞིན་དུ་བྱའོ་ཞེས་པ་དང་། དེས་དེ་ས་ལ་བསྒྱེལ་ཏེ། འཁོར་ལོས་ཆ་བཅུ་གཉིས་སུ་བྱས་ནས་ལོང་མོའི་བར་དུ་བརྡར་ཏེ། དེ་ས་ལ་བོར་རོ། །དེ་ཕན་ཆད་ནི་ཉི་མ་རྐང་པ་མ་བརྡར་བ་ཞེས་བྱ་བར་གྲགས་སོ། །དེ་ནས་གཟི་བྱིན་གྱིས་དུམ་བུ་དེ་དག་བསྡུས་ནས་འཁོར་ལོར་བྱས་ལ། དེ་ནི་ཤིན་ཏུ་འབར་བས་བལྟ་ན་སྡུག་པ་ཞེས་བྱ་བར་བཏགས་སོ། །དེ་བརྒྱ་བྱིན་གྱིས་ཁྱབ་འཇུག་ལ་བྱིན་ལ། དེས་ཀྱང༌གང་གི་ཚེ་སྒྲ་གཅན་འཛིན་གྱིས་བདུད་རྩི་བརྐུས་ཏེ་འཐུངས་པ་དེའི་ཚེ། ཁྱབ་འཇུག་གིས་འཁོར་ལོ་དེས་དེའི་མགོ་བཅད་པར་གྱུར་ཏོ། །དེས་ཀྱང་དེའི་ཚེ་ལྷ་མ་ཡིན་གྱི་ལུས་ལ་རེག་པས་ཤིན་ཏུ་འབར་བར་སྣང་བས་ཀྱང་བལྟ་ན་སྡུག་པ་ཞེས་བྱ་བར་བཏགས་སོ། ། ལྷ་ཆེན་པོ་ཞེས་བྱ་བ་ནི་བདེ་བྱེད་དེ། འདི་ལས་བདེ་བར་གྱུར་པའི་ཕྱིར་བདེ་བྱེད་ཅེས་བྱ་སྟེ། ལྷ་ཆེན་པོ་ལས་འཇིག་རྟེན་ཐམས་ཅད་བདེ་བར་གྱུར་པ་ཡིན་པའི་ཕྱིར་རོ། །མི་ཡི་ཐོད་པའི་ཕྲེང་བ་རྣམས་ཀྱིས་བཞག །ཅེས་བྱ་བ་ནི། རོལ་ཅིང་རྩེ་བ་སྟེ། དེ་ཡང་བྲམ་ཟེ་ལ་གནོད་པ་བྱས་པའི་སྡིག་པ་དང་བྲལ་བས་དགའ་སྟེ། ཉིན་རེ་ཞིང་གྲོང་ཁྱེར་ཨུ་ཙ་ཡ་ན་ཞེས་བྱ་བ་ན། དུར་ཁྲོད་ཆེན་པོ་ཡོད་པར་ལྷའི་ཚོགས་མ་ལུས་པའི་མདུན་ན་གཅེར་བུས་ལག་པ་སྟོང་དང་ལྡན་པར་གར་བྱས་སོ་ཞེས་གཏམ་དུ་གྲགས་པ་ཡིན་ནོ། །སུན་དྷ་དང་ཨུ་པ༌སུན་དྷ་ཞེས་བྱ་བའི་ལྷ་མ་ཡིན་སྤུན་གཉིས་ནི་ལྷ་རྣམས་ཀྱི་དགྲ་བོ་སེར་བ་ལྟ་བུར་གྱུར་པ་ཡིན་ལ། དེ་གསོད་པར་བྱ་བའི་ཕྱིར་ཐིག་ལེའི་མཆོག་མ་ཞེས་བྱ་བ་ལྷའི་བུ་མོ་ལྷ་རྣམས་ཀྱི་རང་གི་གཟི་བྱིན་གྱི་ཆ་ཤས་བསྡུས་པ་ལས་སྤྲུལ་ལ། དེ་ཕྱག་འཚལ་བ་ན་ཚངས་པས་མཐོང་བས་དེས་དེའི་གཟུགས་ཀྱིས་སེམས་ཕྲོགས་པས་ཕྱོགས་བཞིར་གདོང་བཞི་སྤྲུལ་ཅིང་། སྟེང་དུ་ཡང་མགྲིན་པ་དང་བཅས་པའི་མགོ་སྤྲུལ་ལ། དེས་ཀྱང་ལྷ་ཆེན་པོ་གང་ལས་བྱུང་བའི་རིགས་ཤེས་པ་དང་། ལྷ་ཆེན་པོ་འདིས་ཁོ་བོ་གང་ལས་བྱུང་བའི་རིགས་ཀྱི་གཏམ་སྨྲས་ན། ལྷ་རྣམས་ཀྱི་མདུན་དུ་ངོ་ཚ་བར་འགྱུར་རོ་སྙམ་ནས། དེས་སེན་མོས་བཅད་པར་གྱུར་ཏོ་ཞེས་གྲག་གོ། །དེ་བྲམ་ཟེ་བཅོམ་ཞིང་གནོད་པ་བྱས་པས་གཙེས་པར་གྱུར་པ་དང་། ལྷ་རྣམས་ལས་མིའི་མགོ་བོའི་ཐོད་པ་འཆང་ཞིང་དུར་ཁྲོད་ན་གནས་པ་དང་། རོ་བསྲེགས་པའི་ཐལ་བས་བསྐུས་པ་དང་། གླང་པོའི་པགས་པ་རློན་པ་གྱོན་པ་དང་། ཉིན་རེ་ཞིང་ཐུན་མཚམས་སུ་མཆོད་པ་བྱེད་པ་དང་། ཉིན་རེ་ཞིང་ཡང་ལྷ་དང་འབྱུང་པོའི་མདུན་དུ་གར་བྱེད་པ་ལ་སོགས་པའི་བརྟུལ་ཞུགས་བླངས་པར་གྱུར་པ་ཡིན་ནོ། །དེས་ན་མིའི་ཐོད་པ་དང་འབྲེལ་བའི་རྒྱན་ཤིན་ཏུ་འཇིགས་སུ་རུང་བའི་ཕྲེང་བས་བརྒྱན་ཅིང་། བཞག་པར་གྱུར་པ་ཡིན་པས་ན་དེ་སྐད་ཅེས་བྱའོ ། །གཅིག་ཏུ་ཞི་བ་ནི་མཆོག་ཏུ་ཞི་བའོ། །སྤྱོད་པའི་ཕུལ་དུ་བྱུང་བ་ནི་སྐུ་ལ་སོགས་པའི་ཕྲིན་ལས་དྲི་མ་མེད་ཅིང་སྐྱོན་དང་བྲལ་བ་གང་ལ་མངའ་བ་སྟེ། འདི་ལྟར་མདོ་ལས། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཤིན་ཏུ་ཡོངས་སུ་དག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདི་ལྟར་ཉེ་བར་ཞི་བའི་སྤྱོད་པ་དང་ལྡན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་ཡང་ཇི་སྐད་དུ། བཅོམ་ལྡན་འདོད་ཆགས་བྲལ་ཉིད་དུ། །ཁྱེད་ཀྱི་སྐུ་ཉིད་སྟོན་པ་ཡིན། །ཁོང་སྟོང་ནང་ན་མེ་གནས་པའི། །ཤིང་ལས་མྱུ་གུ་སྔོ་མི་འབྱུང་། །ཞེས་བཤད་པ་ཡིན་ནོ། །དེ་ལ་མཆོད་པ་བྱའམ། འོན་ཏེ་ཁྱབ་འཇུག་དང་། ཚངས་པ་དང་། ལྷ་ཆེན་པོ་ལ་སོགས་པ་སྨྱོན་པའི་སྤྱོད་པ་ལྟ་བུ་དང་ལྡན་ཞིང་། མ་ཞི་བ་དེ་ལ་མཆོད་པར་བྱ་བ་དེ་ཁྱེད་ཉིད་ལ་དྲི་བར་བྱའོ། །ཅི་ལྷ་འདི་དག་ལ་སྨད་པར་བྱ་བ་དེ་མཚོན་ཆ་ཐོགས་པ་ཙམ་མམ། གར་ལ་སོགས་པ་བྱེད་པ་ཙམ་འབའ་ཞིག་ལ་སྨོད་པར་བྱེད་དམ་ཞེ་ན། དེའི་ཕྱིར། ཁྱབ་འཇུག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ཡང་ཁྱབ་འཇུག་གིས་ནི་འཐབ་དཀའ་ཞེས་བྱ་བ་ལ་སོགས་པའི་རིགས་རྒྱུད་བརླག་པར་གྱུར་པ་ཡིན་ཏེ། འདི་ལྟར་ཁྱབ་འཇུག་གིས་འཐབ་དཀའ་ལ་དྲིས་པ། དཔུང་གི་ཚོགས་བཅོ་བརྒྱད་ཁྱེར་རམ། འོན་ཏེ་ནོར་ལྷ་གཅིག་པུ་ཁྱེར་ཞེས་དྲིས་པ་དང་། དེས་དཔུང་གི་ཚོགས་རྣམས་ཁྱེར་རོ་ཞེས་སྨྲས་པ་དང་། དེས་ཞེ་འགྲས་པར་གྱུར་ནས། ཁྱབ་འཇུག་གིས་སྐྱ་བསེང་གི་ཕྱོགས་བྱས་ཏེ། གཡུལ་ངོར་ཆས་པ་ན། སྲིད་སྒྲུབ་ཀྱིས་ཀུན་དུ་བལྟས་ཏེ་སྨྲས་པ། ཁོ་བོས་ནི་ཉེ་དུའི་ཚོགས་གསོད་པར་མི་ནུས་ཏེ། གང་གི་དོན་དུ་རྒྱལ་སྲིད་ཐོབ་པར་འདོད་པའི་ཉེ་དུའི་ཚོགས་དེ་ཇི་ལྟར་གསད་པར་བྱ་ཞེས་སྨྲ་སྟེ། སྲིད་སྒྲུབ་འཐབ་པ་ལས་ལྡོག་པར་གྱུར་པ་དང་། ཁྱབ་འཇུག་གིས་སྨྲས་པ། ཁྱེད་ནི་བླུན་པ་ཡིན་ཏེ། གང་གིས་མི་ནི་བསད་པ་དང་། །གང་ཞིག་གསོད་པར་བྱེད་པ་དག །དེ་དག་གཉིས་ཀ་མི་དམིགས་ཏེ། །བསད་དང་གསོད་པ་པོ་ཡོད་མིན། །རིགས་དང་འདུལ་བ་ཕུན་སུམ་ཚོགས། །བྲམ་ཟེ་བ་ལང་གླང་པོ་དང་། །ཁྱི་དང་སྨེ་ཤ་ཅན་དག་དང་། །མཁས་པ་རྣམས་ནི་མཉམ་པར་བལྟ། །ཞེས་བྱ་བ་ལ་སོགས་པ་མེད་པར་ལྟ་བའི་ཚིགས་སུ་བཅད་པ་མང་པོ་བསྟན་ཅིང་། སྣ་ཚོགས་པའི་གཟུགས་བསྟན་པས་བསླུས་ནས། སྲིད་སྒྲུབ་ཀྱི་ཁ་ལོ་བ་རང་ཉིད་ཀྱིས་བྱས་ཏེ། གཡུལ་བཀྱེ་བས་འཐབ་དཀའི་རིགས་དཔུང་གི་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་གྱུར་ཏོ། །རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ། གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ། །དགའ་བྱེད་བེའུ་ཕྲོགས་ཏེ་ཁྲོས་པས་བརྩོན་པར་བྱེད་པ་ཞེས་བྱ་བའི་རྒྱལ་པོའི་ལག་པ་སྟོང་བཅད་དེ། ལན་ཉི་ཤུ་རྩ་གཅིག་གི་བར་དུ་སའི་སྟེང་གི་རྒྱལ་རིགས་མེད་པར་བྱས་ནས་ཀུ་རུ་ཀྵེ་ཏྲ་ཞེས་བྱ་བར་ཀུན་ནས་དཔག་ཚད་ལྔ་པའི་འོབས་ལྔ་བརྒྱ་རྒྱལ་རིགས་ཀྱི་ཁྲག་གིས་བཀང་སྟེ། ཕ་མེས་ཤི་བ་ལ་མཚུན་གཏོར་བྱས་སོ། །རམ་པ་ཞེས་བྱ་བའི་ལྷའི་བུ་མོ་རྒོད་མའི་གཟུགས་སུ་བྱས་ཏེ་ཉིན་མོ་རྒྱུ་ལ། མཚན་མོ་ནི་གཞུ་བརྒྱ་པ་ཞེས་བྱ་བའི་རྒྱལ་པོ་དང་ཉལ་བ་དང་། གཏམ་དེ་ཐོས་ནས་ཁྱབ་འཇུག་གིས་རྒྱལ་པོ་དེ་ལ་རྒོད་མ་བསླངས་སོ། །དེས་འཇིགས་ནས་སྲིད་སྒྲུབ་ལ་སྐྱབས་བྱས་པ་དང་། ཁྱབ་འཇུག་དང་སྲིད་སྒྲུབ་ཤས་ཆེར་གཡུལ་བཀྱེ་བར་གྱུར་པ་ན་སྲིད་སྒྲུབ་ཀྱི་མདས་ཁྱབ་འཇུག་གི་ལུས་ལ་ཤ་མེད་པར་བྱས་སོ། །ཁྱབ་འཇུག་གིས་ནི་སྲིད་སྒྲུབ་ཀྱི་མགོ་འཁོར་ལོས་བཅད་དེ༌རྒོད་མ་ཕྲོགས་སོ། །དེ་ཁྱབ་འཇུག་གི་ལུས་དང་རེག་པ་དང་། སྔར་རྒོད་མར་གྱུར་པའི་དྲང་སྲོང་གི་དམོད་པ་ལས་ཐར་ཏེ་ལྷ་ཡུལ་དུ་སོང་ངོ་། །བརྒྱ་བྱིན་འོངས་ནས་བདུད་རྩི་བླུགས་ཏེ་རང་གི་བུ་སྲིད་སྒྲུབ་གསོས་སོ། །སྟོབས་ལྡན་ནི་སྒྲ་སྒྲོགས་ཀྱི་ཞང་པོ་ཡིན་པ་ལས། འགའ་ཞིག་གིས་སྒྲ་སྒྲོགས་ལ་སྨྲས་པ། གང་གི་ཕྱིར་ཞང་པོ་སའི་འོག་ཏུ་བཅིངས་ཏེ་འདུག་ན་ཁྱེད་ཀྱི་རྒྱལ་སྲིད་ཀྱིས་ཅི་ཞིག་དགོས་ཞེས་སྨྲ ས་པ་དང་། སྒྲ་སྒྲོགས་པ་ནི་ས་གསུམ་ལས་རྒྱལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ང་རྒྱལ་གྱི་སྟོབས་དང་། དཔུང་ཆེན་པོས་སྟོབས་ལྡན་ཐར་པར་བྱ་བའི་ཕྱིར་ས་འོག་ཏུ་ཞུགས་སོ། །དེའི་ཚེ། ཁྱབ་འཇུག་འཇོག་པོའི་གདེངས་ཀའི་སྟེང་ན་ཉལ་བར་གྱུར་པ་ན། དཔལ་མོ་སྡུག་བསྔལ་བར་བྱས་པའི་སྨྲེ་སྔགས་ཀྱིས་དེ་སད་པར་བྱས་སོ། །དེ་སད་ནས་སྒྲ་སྒྲོགས་འཁོར་དང་བཅས་པ་དབུགས་ཀྱིས་སྦྲང་བུ་ལྟ་བུར་དཔག་ཚད་བརྒྱར་འཕངས་སོ། །དེ་དབུགས་ཀྱིས་སླར་བསྡུས་ནས་སྐུད་པ་ལྟ་བུར་ཉམ་ཆུང་བར་བྱས་ཏེ། འདི་ནི་ཚངས་པས་མཆོག་བྱིན་པ་ཡིན་པས་ཁོ༌བོས་གསད་པར་བྱ་བ་མ་ཡིན་ན་སྙམ་ནས་གཏང་བར་གྱུར་ལ། ཡང་སི་ཏ་ཕྲོགས་པའི་དོར་ཐབས་ཀྱིས་སྒྲ་སྒྲོགས་ཀྱི་རིགས་ཀྱང་རྩད་ནས་བརླག་པ་ལ་སོགས་པ་བརྗོད་པར་བྱའོ། །ལྷ་ཆེན་པོ་ནི་དབང་ཕྱུག་ཆེན་པོ་སྟེ། དེས་གྲོང་ཁྱེར་སུམ་བརྩེགས་བཅོམ་པར་གྱུར་པ་ནི། གྲོང་ཁྱེར་སུམ་བརྩེགས་ལ་གནས་པའི་ལྷ་མ་ཡིན་རྣམས་ཀྱིས་ས་གསུམ་པོ་ཤིན་ཏུ་དཀྲུགས་པར་གྱུར་ནས། ལྷ་རྣམས་ཀྱིས་གསོལ་བ་བཏབ་པ་དང་། དེས་བཟློག་པར་གྱུར་ཀྱང་བཟློག་ཏུ་མ་འདོད་པ་དང་། དེ་ཁྲོས་པར་གྱུར་ཏེ་གཞུ་ཆེན་པོ་བླངས་ནས་མདའ་རྩེ་གསུམ་པས་གྲོང་ཁྱེར་སུམ་བརྩེགས་བསྲེགས་པར་གྱུར་ཏོ། །དེ་ཡང་ལྷ་ཆེན་པོས་ནི་གྲོང་ཁྱེར་སུམ་བརྩེགས་བཅོམ་པར་གྱུར་ཅེས་གྲག་ཅེས་བཤད་པ་ཡིན་ནོ། །དེ་ལྟར་ན་གྲོང་ཁྱེར་སུམ་བརྩེགས་བཅོམ་ཞིང་བཤིག་པར་གྱུར་པས་ན་གྲོང་ཁྱེར་སུམ་བརྩེགས་བཅོམ་པར་གྱུར་པའོ། །གྲག་ཅེས་བྱ་བ་ནི་འཇིག་རྟེན་དུ་གཏམ་སྣ་ཚོགས་སུ་སྒྲོགས་པར་བྱེད་པ་དག་ལས་ཐོས་སོ་ཞེས་བྱ་བའི་དོན་ཏོ། །སྐེམ་བྱེད་ཅེས་བྱ་བ་ནི་གཞོན་ནུ་ཀརྟི་ཀ་སྟེ། དེས་མདུང་ཐུང་འཇེབས་ཤིང་སྲ་བ་ཐོགས་པ་མེད་པས། རི༌ཀྲུང་ཀྲུང་ཞེས་བྱ་བ་ལ་བསྣུན་པས་ན་ཞང་པོ་བསད་པར་གྱུར་པའོ། །དེ་ཡང་འདི་སྐ ད་ཐོས་ཏེ། ཀྲུང་ཀྲུང་ཞེས་བྱ་བ་དེ་སྐེམ་བྱེད་ཀྱི་ཞང་པོར་གྱུར་པ་དང་། གང་གི་ཚེ་ལྷ་མ་ཡིན་སྐར་མ་ཞེས་བྱ་བས་ལྷ་རྣམས་ལ་ཤིན་ཏུ་གཙེས་པར་གྱུར་པ་དང་། དེའི་ཚེ་ལྷ་རྣམས་ཀྱིས་བརྒྱ་བྱིན་ལ་གསོལ་བ་བཏབ་པ་དང་། དེས་ཀྱང་འདོད་པའི་ལྷ་ལ༌བསྒོ་བ། ལྷ་ཆེན་པོ་ཅི་ནས་དཀའ་ཐུབ་བོར་ཏེ། ལྷའི་ལོ་སྟོང་གི་བར་དུ་ཨུ་མ་དང་དགའ་མགུར་སྤྱོད་པས་ཉི་མ་གཅིག་འདས་པ་སྙམ་དུ་སེམས་པ་དེ་ལྟ་བུར་དེ་རྨོངས་པར་བྱས་ལ། དེའི་ཚེ་ལྷ་རྣམས་འདི་ལས་བུ་མཐུ་ཆེ་བ་དང་ལྡན་པ་ཅིག་སྐྱེས་ནས། གང་གིས་བདག་ཅག་བྲན་དུ་འགྱུར་དུ་འོང་ངོ་སྙམ་དུ་དོགས་ཤིང་འཇིགས་པར་གྱུར་ནས། འཁྲིག་པ་སྤྱོད་པ་དེའི་བར་ཆད་བྱ་བའི་ཕྱིར་མེ་ལྷ་བཏང་སྟེ། དེ་ཕུག་རོན་གྱི་གཟུགས་སུ་སྤྲུལ་ནས་དེར་ཕྱིན་པ་དང་། དེ་མཐོང་ནས་ལྷ་ཆེན་པོ་ཁྲོས་ཏེ་རང་གི་ཁུ་བ་མེ་ལྷ་ལ་བླུགས་པས་དེས་མེ་ལྷ་ཚིག་པར་གྱུར་ནས། རྒྱ་མཚོ་འདོད་ཅིང་འདམ་བུའི་ཚལ་དུ་ངོ་ཚ་བ་དང་བཅས་པས་གནས་པར་གྱུར་ཏོ། །སྨིན་དྲུག་ཀྱང་དགུན་སྨད་ཀྱི་ཁྲུས་ཀྱི་ཕྱིར་རྒྱ་མཚོར་ཞུགས་ཏེ་ནུབ་པས་གྲང་བར་གྱུར་པ་དང་། འབར་བར་གྱུར་པ་དེ་མཐོང་ནས་གན་དུ་སོང་བ་དང་། དྲོ་བའི་རག་པ་དེས་དེ་ལ་བུ་ཆགས་པར་གྱུར་ཏོ། །དེ་ལས་དུམ་བུ་དུམ་བུར་སྐྱེས་པ་དང་། སྣོད་དུ་བཅུག་པ་ལས་དེ་དག་གཞོན་ནུ་སྐེམ་བྱེད་དུ་གྱུར་ཏེ། སྨིན་དྲུག་དེ་དག་རེ་རེ་ནས་འདི་ནི་ངའི་བུ་ཡིན་ནོ། །འདི་ནི་ངའི་བུ་མོ་ཡིན་ནོ་ཞེས་སྨྲ་ཞིང་། ནུ་མ་སྟོབས་པ་དང་། དེས་མ་རྣམས་མགུ་བར་བྱ་བའི་ཕྱིར་གདོང་དྲུག་པར་བསྟན་པ་དང་། དེ་ལྷ་ཆེན་པོས་འབྱོར་པ་ཆེན་པོ་དང་ལྡན་པས་ཁྱིམ་དུ་ཁྱེར་ཏེ་སྐྱེས་པའི་ཆོ་ག་བྱས་ནས་ལྷ་རྣམས་ཀྱིས་ཁྱེར་ཏེ། དབང་བསྐུར་བའི་ཆུ་ངོགས་སུ་དམག་དཔོན་དུ་དབང་བསྐུར་རོ། །ལྷ་མ་ཡིན་སྐར་མ་དང་། ལྷའི་ལོ་སྟོང་གི་བར་དུ་གཡུལ་བཀྱེ་ཡང་དེ་བསད་པར་མ་ནུས་པ་དང་། དེས་ཨུ་མ་ལ་ང་ལ་ཤ་ཟའི་མདུང་བྱིན་ཅིག་ཅེས་གསོལ་བ་བཏབ་པས། དེས་ཀྱང་བྱིན་པ་དང་། སྐེམ་བྱེད་ཀྱི་མཚོན་ཆ་དེས་ལྷ་མ་ཡིན་སྐར་མ་བསད་དོ། །དེའི་དཔུང་གི་ཚོགས་བཅོམ་པར་གྱུར་པ་རྣམས་ཀྱིས་རང་དང་འཚམ་པའི་རྟེན་མ་རྙེད་ནས། འདི་ནི་ཞང་པོའི་ཚིག་ལས་འདའ་བར་མི་བྱེད་དོ་སྙམ་ནས ། དེའི་ཞང་པོ༌ཀྲུང་ཀྲུང་ལ་རྟེན་བཅས་སོ། །སྐེམ་བྱེད་ཀྱིས༌ཀྲུང་ཀྲུང་ལ་ཕོ་ཉ་བཏང་སྟེ། རྒྱལ་པོ་རྣམས་ཀྱི་གཞུང་ལུགས་ནི་དགྲ་བོའི་ལྷག་མ་ནི་བཟོད་དུ་མི་རུང་བ་ཡིན་པས། ཁོ་བོའི་དགྲ་བོ་ལྷ་མ་ཡིན་སྐར་མའི་དཔུང་གི་ཚོགས་ཐོང་ཤིག་ཅེས་སྨྲས་པ་དང་། དེས་སྐྱབས་སུ་འོངས་པ་ནི་ཡོངས་སུ་དོར་དུ་མི་རུང་ངོ་སྙམ་ནས་མ་བཏང་སྟེ། ཇི་སྐད་དུ། རྩྭ་ལ་འཕྲལ་དུ་འཇུས་པར་གྱུར་པ་དག །མ་ལུས་རྩྭ་ཡི་ཚོགས་ནི་ཆད་གྱུར་ནའང་། ། འཛིན་པའམ་ལྷན་ཅིག་ལྟུང་བ་ཉིད་འགྱུར་ན། །སེམས་དང་ལྡན་པ་རྣམས་ལྟ་སྨོས་ཅི་དགོས། །ཞེས་བྱས་པ་དང་། དེ་ལྟ་ནི་སྟོབས་ཀྱིས་བླང་བར་བྱའོ་སྙམ་ནས་གཡུལ་བཀྱེ་བ་དང་། རང་གི་ཞང་པོ༌ཀྲུང་ཀྲུང་མདུང་གིས་བསྣུན་ཏེ་བསད་ནས་དེའི་དཔུང་རྣམས་ཕྲོགས་པར་གྱུར་ཏོ་ཞེས་གྲག་གོ། །སངས་རྒྱས་བཅོམ་ལྡན་འདས་ལ་ནི་མཛད་སྤྱོད་འདི་ལྟ་བུ་མངའ་བ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སངས་རྒྱས་ཉག་གཅིག་གིས་འགྲོ་བ་རྣམས་ལ་སྨན་པ་སྟེ། སེམས་ཅན་གྱི་དགོས་པའི་དོན་མཛད་པ་ཡིན་ལ། གཞན་གྱི་དོན་ལ་དགྱེས་པའི་ཕྱིར་དེ་ཉིད་ནི་དམ་པ་རྣམས་ཀྱི་སྤྱོད་པ་ཡིན་པས་ན་མཛད་སྤྱོད་དེ་ཉིད་དེ་ལ་མངའ་བའི་ཕྱིར་དེ་སྐད་ཅེས་བྱའོ། །ཉེས་པར་སྤྱོད་པ་མ་ལུས་པ་ནི་ཕྱིན་ཅི་ལོག་གི་ཀུན་དུ་རྟོག་པ་ལས་བྱུང་བ་ཡིན་ནོ་ཞེ ས་བསྟན་པར་བྱ་བའི་ཕྱིར། ང་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གནོད་བྱ་ཞེས་བྱ་བ་ལ་འདི་ནི་དགྲ་བོ་ཡིན་པས་གནོད་པར་བྱ་བ་ཡིན་ཏེ། མི་སྲུན་ལ་ནི་མི་སྲུན་བྱས། །དེ་ལ་ཉེས་པ་མ་མཐོང་ངོ་། །ཞེས་བཤད་པ་ཡིན་ཏེ། ཇི་ལྟར་ཁྱབ་འཇུག་གིས་སྒྲ་ངན་ལ་སོགས་པ་ལ་བྱས་པ་ལྟ༌བུ་ནི་འདི་ཉིད་བསྲུང་བྱ་ཞེས་པ་ནི་ཇི་ལྟར་ཁྱབ་འཇུག་གིས་སྐྱ་བསེང་ལ་སོགས་པ༌བསྲུང་བ་ལྟ་བུའོ། །འདི་ནི་གསད་བྱ་ཞེས་བྱ་བ་ནི་གསད་པར་བྱའོ་ཞེས་བྱ་བ་སྟེ། ཇི་ལྟར་ལྷ་མ་ཡིན་གསེར་གྱི་སྟན་ཅན་ལ་སོགས་པ༌བསད་པ་ལྟ་བུའོ། །ལྷའི་མཆོག་གི་ཞེས་བྱ་བ་ནི་ཁྱབ་འཇུག་ལ་སོགས་པ་ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱིའོ། །གཞུང་ལུགས་ཡིན་ཞེས་བྱ་བ་ནི་བྱ་བའི་ལས་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ལ་ནི་དགྲ་བོ་གསད་པར་བྱ་བ་འགའ་ཡང་མི་མངའ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །བསླུ་བར་བྱ་བ་ཡང་མི་མངའ་སྟེ། དོར་ཐབས་ཀྱིས་བསླུ་བའི་འགྲན་ཟླ་མི་མངའ་བའི་ཕྱིར་ཏེ། ས་གསུམ་མ་ལུས་པ་ཕུན་སུམ་ཚོགས་པ་ཉིད་ལ་སྦྱོར་བར་མཛད་པའི་གཞན་གྱི་དོན་ལ་གཅིག་ཏུ་དགྱེས་པའི་ཕྱིར་རོ། །སངས་རྒྱས་ཀྱིས་ཅི་ཞིག་ཐོབ་པར་མཛད་ཅེ་ན། ངེས་པར་ལགས་པ་ནི་གདོན་མི་ཟ་བར་བདེ་ལེགས་སུ་གྱུར་པས་ན་ངེས་པར་ལེགས་པ་སྟེ། མྱ་ངན་ལས་འདས་པ་དང་། མངོན་པར་མཐོ་བ་ནི་མངོན་པར་འདོད་ཅིང་ཕུལ་དུ་བྱུང་བའི་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་སྟེ། དེ་དག་གི་བདག་ཉིད་ཅན་གྱི་བདེ་བ་ཐོབ་པར་མཛད་ཀྱི། བདེ་བ་ཅུང་ཟད་ནི་ཕན་པ་མ་ཡིན་ཏེ། དེ་གཉིས་ཀས་ཕན་འདོགས་པར་མཛད་ཅིང་དེ་དག་གཉིས་ཀ་ལ་འཇུག་པར་མཛད་པས་དེ་ནི་གཅིག་ཏུ་ཕན་འདོགས་པར་མཛད་པ་ཞེས་བྱའོ། །གཞན་དག་གི་འཇུག་པ་ནི་དེ་ལྟ་བུ་མ་ཡིན་པར་བསྟན་པའི་ཕྱིར་ཁྱབ་འཇུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱབ་འཇུག་གི་ཚིག་ནི་འདོད་ཆགས་ལ་སོགས་པའི་ཉེས་པའི་སྐྱོན་རྣམས་བསྐྱེད་པ་ཡིན་ཏེ། འཇིག་རྟེན་པ་དམོད་པའི་འཇིགས་པས་ཚངས་པ་ལ་སོགས་པ་དཔང་དུ་བཞག་སྟེ། སི་ཏ་མེ་ལ་རེག་པས་ཚངས་སུ་ཟིན་ཀྱང་སྣ་ཚོགས་བཤེས་གཉེན་གྱིས་སྤོངས་ཤིག་ཅེས་སྨྲས་པ་ཡིན་ཏེ། འཇིག་རྟེན་དམོད་པས་འཇིགས་པ་རྣམས། །གོམ་རེ་ཞིང་ཡང་དོགས་པ་སྐྱེ། །ཤིན་ཏུ་འཇིགས་བཅས་དུལ་བ་རྣམས། །འབྱོར་པ་ལས་ཀྱང༌སྐྱོ་བར་བྱེད། །ཅེས་སྨྲས་པ་ཡིན་ནོ། །གང་གི་ཚེ་སི་ཏ་མེ་ལ་རེག་པས་མནའ་སྐྱལ་དུ་ཟིན་ཀྱང་ཚངས་པར་མ་གྱུར་པ་དང་། དེའི་ཚེ་ས་ལ་གསོལ་བ་བཏབ་སྟེ་ཞུགས་སོ། །ར་མ་ན་ཁྲོས་ཏེ་རལ་གྲི་བླངས་ནས་ཕྲ་རབ་ཙམ་གྱི་ས་ཡང་བསད་པའི་ཕྱིར་ཞུགས་པ་དང་། ཚངས་པས་འཇིག་རྟེན་གྱི་མར་གྱུར་པ་འདི་ལ་མ་གཙེ་ཞིག་ཅེས་བཟློག་གོ། །ལ་ལར་འཐབ་པ་ན་ནམ་མཁའ་ལྡིང་དང་ཁྱབ་འཇུག་འཐབས་པའི་ཚེ། ནམ་མཁའ་ལྡིང་རྒྱལ་བར་གྱུར་པ་དང་། ཁྱབ་འཇུག་གིས་སྨྲས་པ། ཁྱོད་ཀྱིས་ཕ་རོལ་གནོན་པ་འདིས་ཁོ་བོ་མགུ་བར་གྱུར་གྱིས་ང་ལས་མཆོག་ལོང་ཤིག །དེས་སྨྲས་པ། ཁྱོད་ལས་ང་རྒྱལ་བར་གྱུར་པས། ཁོ་བོ་ལ་ཁྱོད་ཅིའི་ཕྱིར་མཆོག་སློང༌བར་མི་བྱེད། དེས་སྨྲས་པ། འོ་ན་ཁོ་བོ་ཁྱོད་ལ་མཆོག་སློང་གིས་བྱིན་ཅིག །དེས་ན་ཁྱེད་ཉིད་ངའི་བཞོན་པར་གྱུར་ཅིག་ཅེས་སྨྲས་པ་དང་། ནམ་མཁའ་ལྡིང་དེའི་བཞོན་པར་གྱུར་ཏོ། །ཁྱབ་འཇུག་གིས་ཡུལ་དུ་བབས་ནས་དེ་ཉིད་ན་རྩེ་དགའ་ཞིང་འདུག་པ་དང་། ལྷ་རྣམས་ཀྱི་བྱ་བ་ཉམས་པར་གྱུར་པ་ན་ལྷ་རྣམས་ཀྱིས་དེའི་དོན་དུ་ཚངས་པ་ལ་གསོལ་བ་བཏབ་བོ། །དེའི་ཚེ་གནས་ངན་གྱི་ཆ་ལུགས་སུ་ཞུགས་ཏེ། དེར་བཏང་ནས། ར་མ་ན་དང་ལྷན་ཅིག་དབེན་པར་གྲོས་བྱེད་ཅིང་། དེའི་ནུ་བོ༌ལག་སྨ་ན་སྒོར་བཞག་སྟེ། འདིར་འགའ་ཡང་འཇུག་པའི་གོ་སྐབས་མ་དབྱེ་ཤིག གང་འཇུག་པར་བྱེད་པ་དེ་ངས་གསད་པར་བྱའོ། །ཇི་ཙམ་ན་དྲང་སྲོང་ཆེན་པོ་གནས་ངན་དེར་འོངས་པ་དང་། དེས་བཟློག་པ་ན་གནས་ངན་གྱིས་སྨྲས་པ། གལ་ཏེ་ཁོ་བོ་འཇུག་ཏུ་མི་སྟེར་ན། ཁྱོད་ཀྱི་རིགས་མ་ལུས་པ་བརླག་པར་བྱའོ། །ལག་སྨ་ནས་བསམས་པ། ཁོ་བོ་འཆི་བ་ནི་བླའི་རིགས་མ་ལུས་པ་བརླག་པར་གྱུར་པ་ནི་མི་རུང་ངོ་སྙམ་ནས་ནང་དུ་ཞུགས་ཏེ། ར་མ་ན་ལ་སྨྲས་པ་དང་། ར་མ་ནས་དམ་བཅས་པ་བརྟན་པར་བྱ་བའི་ཕྱིར། རལ་གྲི་ཐོགས་ཏེ་དེ་བསད་པ་ལ་ཞུགས་པ་དང་། བྲམ་ཟེ་ཞིག་གིས་སྨྲས་པ། སྤྱུགས་པ་དག་ཀྱང་བསད་པ་དང་འདྲ་བས་འདི་མ་བསད་པར་རང་གི་ཡུལ་ནས་སྐྲོད་ཅིག དེས་ཀྱང་དེ་བཞིན་དུ་བསྐྲད་པར་གྱུར་ཏོ། །དེ་ར་མ་ན་མ་སླེབ་པའི་ཕྱོགས་གཞན་ཞིག་ཏུ་ཕྱིན་ཏེ་མེ་ལ་ལྕེབས་པར་གྱུར་ཏོ། ། གཏམ་དེ་ཐོས་པ་དང་། ར་མ་ན་སྐྱོ་བ་སྐྱེས་ཏེ ། ཆུ་བོ་གངྒཱར་འཐབ་པ་མེད་པ་ཞེས་བྱ་བའི་གྲོང་ཁྱེར་གྱི་སྐྱེ་བོ་དང་བཅས་པར་ཆུའི་ནང་དུ་ཤི་བའི་དུས་བྱས་སོ་ཞེས་གྲག་པ་དང་། ཉ་དང་རུས་སྦལ་ཕག་དང་ནི། །མི་ཡི་སེང་གེ་མི་ཐུང་དང་། །དགའ་བྱེད་ར་མ་ན་ནག་པོ། །སངས་རྒྱས་ཀལ་ཀི་ཙེ་དང་བཅུ། །ཞེས་བཤད་པའི་ཁྱབ་འཇུག་གི་འཇུག་པ་བཅུ་ཡང་སྐབས་འདིར་བཤད་པར་བྱ་སྟེ། ས་ཆེན་པོ་འདི་ཆུས་གང་བར་གྱུར་ལ། དེ་ལ་ཕན་པར་བྱ་བའི་ཕྱིར་ཁྱབ་འཇུག་གིས་རང་གི་ལུས་རུས་སྦལ་དུ་བྱས་ཏེ། ཆུ་ལ་ནུབ་པར་བྱས་ནས། རིག་བྱེད་རྣམ་པ་བཞི་ས་འོག་ཏུ་ཞུགས་པར་གྱུར་ཏོ། །དེ་ནས་ལྷ་རྣམས༌ཀྱིས་དེའི་དོན་དུ་ཁྱབ་འཇུག་ལ་གསོལ་བ་བཏབ་པ་དང་། ཉའི་གཟུགས་ཀྱིས་ཞུགས་ཏེ་དེ་བླངས་ནས་ལྷ་རྣམས་ལ་བྱིན་ནོ། །སའི་ལྷ་ས་ཆེན་པོའི་ཁུར་ཤིན་ཏུ་ལྕི་བས་མནན་ནས། ལྷ་རྣམས་ལ་བདག་གིས་ཁུར་འདི་གདེག་པར་མི་ནུས་སོ་ཞེས་གསོལ་བ་བཏབ་པ་དང་། ཁྱབ་འཇུག་རུས་སྦལ་དུ་གྱུར་ནས་ཁུར་དེ་བཏེག་གོ། །དེ་བཞིན་དུ་ཁྱབ་འཇུག་ཕག་གི་གཟུགས་སུ་གྱུར་ནས། ས་ཆེན་པོའི་འོག་ཏུ་ནུབ་པར་གྱུར་པ་མཆེ་བས་སྟེང་དུ་བཏེག་གོ། །འགྲོ་སྐྱོབ་གསེར་ཅན་ཞེས་བྱ་བ་ལོ་བདུན་འབུམ་གྱི་བར་དུ་དཀའ་ཐུབ་སྤྱད་ནས་མཆོག་ཐོབ་པ་ནི་ཁྱེད་ཉིན་མོའམ། མཚན་མོའམ། ནང་ངམ། ཕྱི་རོལ་ལམ། སའམ། ནམ་མཁའ་འམ། འོག་གམ། སྟེང་དུ་སོད་པར་མི་འགྱུར་བ་དང་། དེ་བཞིན་དུ་མཚོན་ཆ་དང་། དབྱུག་པ་དང་། མི་དང་། ལྷ་དང་། དུད་འགྲོ་རྣམས༌ཀྱིས་མི་སོད་པར་གྱུར་ཅིག་ཅེས་མཆོག་བྱིན་ནོ། །དེ་ལས་ལན་འགའ་ཞིག་ན་དཔག་ཚད་ལྔ་ཁྱབ་པའི་འཁོར་གྱི་འདུས་པ་འདུག་པ་དང་། དེར་ལ་ལ་ཞིག་ལུས་ཀྱི་ཕྱེད་ནི་མིའི་གཟུགས་ལ། ལུས་ཀྱི་ཕྱེད་ནི་སེང་གེའི་གཟུགས་སུ་རྒྱལ་པོའི་སྒོ་ན་འདུག་གོ་ཞེས་ཐོས་པ་དང་། དེ་འཁོར་དང་བཅས་པ་ངོ་མཚར་སྐྱེས་པར་གྱུར་ནས་སོང་སྟེ། འཐབ་པའི་ཕྱིར་སྦྲན་ཏོ། །དེ་ནས་འཐབས་པ་ན་ཉིན་མཚན་གྱི་མཚམས་སུ་སྒོའི་གཏན་པ་ལ་བླངས་ཏེ། པུས་མོ་ལ་བཞག་ནས་འགྲོ་སྐྱོབ་གསེར་ཅན་གྱི་བྲང་སྡེར་མོས་དྲལ་ཏེ་བསད་པར་གྱུར་ཏོ། །དེ་བཞིན་དུ་སྟོབས་ལྡན་རྟའི་མཆོད་སྦྱིན་བྱེད་པ་ན་ཁྱབ་འཇུག་མིའུ་ཐུང་གི་གཟུགས་སུ་བསྒྱུར་ཏེ། སློང་མོ་ལ་སོང་ནས་བསླངས་པ་ན་གོམ་པ་གསུམ་གྱི་ས་བྱིན་པ་དང་། དེས་སྒྱུ་རྩལ་གྱི་རྣམ་པར་གནོན་པས་ས་གསུམ་རྣམ་པར་མནན་ཏེ། གོམ་པ་གསུམ་པའི་གནས་མ་རྙེད་པས་སྟོབས་ལྡན་བཅིངས་ཏེ། དེང་སོང་ན་ཡང་ས་འོག་ན་གནས་སོ། །དེ་ནས་སྙན་དངགས་མཁན་དག་གིས། སྦྱིན་བདག་སྟོབས་ལྡན་ཁྱབ་འཇུག་སློང་བ་པོ། །རྟ་ཡི་མཆོད་སྦྱིན་དུས་སུ་ས་ཆེན་བྱིན། །འབྲས་བུ་བཅིངས་པ་ཉིད་ནི་ཐོབ་པར་གྱུར། །ཆོལ་པར་བྱེད་པའི་ལས་འདིར་སུ་ཞིག་སྨོན། །ཞེས་སྨྲས་པ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་ར་མ་ན་ནི་སྟོབས་ལྡན་སྒྲ་ངན་གྱི་ཕྱོགས་སུ་གནས་ནས་གཤོལ་གྱིས་ས་དྲུད་དེ་མཐོ་དམན་དུ་བྱས་པ་དང་། ཆུ་མིག་དང་། ཁྲོན་པ་ལ་སོགས་པ་བྱུང་བར་གྱུར་པ་ཡིན་ནོ། །དགའ་བྱེད་ནི་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་ར་མ་ན་སྟེ། འདིར་རྒྱལ་པོ་ར་མ་ནའི་གཏམ་བརྗོད་པར་བྱའོ། །དགའ་བྱེད་ནི་དགའ་བྱེད་དགྲ་སྟ་ཅན་ཞེས་བྱ་བ་དྲང་སྲོང་ཛ་མ༌ཨགྣིའི་བུ་སྟེ། དེའི་གཏམ་ཡང་འདིར་སྦྱར་བར་བྱའོ། །ར་མ་ནས་སྲིན་པོ་བྱེ་བ་དཔག་ཏུ་མེད་པ་བསད་པས་སྡིག་པ་དེ་སྦྱང་བར་བྱ་བའི་ཕྱིར། རྩོད་པའི་དུས་སུ་འཇིག་རྟེན་འདིར་ཁྱབ་འཇུག་སངས་རྒྱས་ཀྱི་གཟུགས་སུ་འབྱུང་བར་འགྱུར་རོ་ཞེས་འཇིག་རྟེན་པ་དག་སྒྲོགས་སོ། །ཀལ་ཀི་ཞེས་བྱ་བ་ནི་འདི་ལྟར་ཐོས་ཏེ། བྲམ་ཟེ་གྲགས་པ་ཞེས་བྱ་བའི་བུ༌ཀལ་ཀི་ཞེས་བྱ་བ་ཐ་མར་འབྱུང་བར་འགྱུར་ལ། དེ་ནས་ནི་དུས་ལྡོག་པར་འགྱུར་རོ་ཞེས་ཟེར་རོ། །ཡང་ཁྱབ་འཇུག་གིས་སྨྲས་པ། ཉི་མའི་ནང་ན་བདག་ཁྱབ་འཇུག །སྐར་ནང་འོད་ལྡན་ཟླ་བ་ཡིན། །རླུང་ནང་ན་ནི་འོད་ཟེར་ཅན། །སྣང་བ་ཅན་ནང་ཉི་མ་ཡིན། །རིག་བྱེད་ནང་ན་སྙན་ཚིག་ང་། །ལྷ་ནང་ང་ནི་བརྒྱ་བྱིན་ཏེ། །དབང་པོའི་ནང་ན་ཡིད་ཡིན་ལ། །འབྱུང་བའི་ནང་ན་སེམས་ཡིན་ཞིང་། །ང་ནི་བདེ་བྱེད་དྲག་པོའང་ཡིན། །སྲིན་པོ་གནོད་སྦྱིན་ནང་ནོར་བདག །ནོར་ལྷའི་ནང་ན་མེ་ལྷ་ང་། །རི་བོའི་ནང་ན་ང་རི་རབ། །ང་ནི་ཡི་གེའི་ནང་ན་ཨ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལྟར་ན་དེ་ནི་སྨྱོན་པའི་བྱེད་སྤྱོད་ལྟ་བུར་རྣམ་པར་སྤྱོད་དོ་ཞེས་བྱ་བར་གནས་ཏེ། སྨྱོ་བྱེད་ཀྱིས་ཉེ་བར་བཅོམ་པའི་སྤྱོད་པ་ཅི་ལྟ་བ་དེ་ལྟ་བུར་སྤྱོད་ཅིང་། ཚིག་ཀྱང་དེ་ལྟ་བུར་སྟོན་པ་ཡིན་ནོ། །དེ་བཞིན་དུ་ལྷ་ཆེན་པོའི་ཚིག་གང་ཡིན་པའང་བྱེད་སྤྱོད་སྨྱོན་པ་ལྟ་བུར་སྟོན་པ་ཡིན་ཏེ། དེ་ཡང་པི་ཝང་སྦྲེང་ཞིང་གླུ་ལེན་པ་དང་། དགའ་བར་བྱེད་པ་ཉན་ཅིང་གར་བྱེད་པ་དེ་ནི་བདེ་བ་ཐོབ་པར་འགྱུར་ལ། གཅེར་བུར་གནས་པས་ནི་འབྱོར་པ་ཐོབ་པར་འགྱུར་ཞིང་། བདག་ཉིད་བཞད་གད་ཀྱི་སྤྱོད་པ་ལྟ་བུར་བསྟན་པར་བྱའོ་ཞེས་ལྷ་ཆེན་པོ་ཇི་སྐད་དུ་སྨྲ་བ་ལྟ་བུ་དང་། དེ་བཞིན་དུ་ཐིག་ལེའི་མཆོག་མའི་རྒྱུ་ལས་ཚངས་པ་ཆེན་པོའི་མགོ་བཅད་པའི་སྡིག་པ་སྦྱང་བར་བྱ་བའི་ཕྱིར། མིའི་ཐོད་པ་ཐོགས་པའི་བརྟུལ་ཞུགས་བླངས་པ་དང་། དེ་བཞིན་དུ་དྲང་སྲོང་རྣམས་ཀྱི་ཆུང་མ་འདོད་པའི་དགའ་བ་བསྐྱེད་པའི་ཕྱིར། ཐང་ཤིང་གི་ནགས་ན་དྲང་སྲོང་རྣམས་གནས་པའི་ཚེ་དེ་དག་ཡམ་ཤིང་ལ་སོགས་པ་བཙལ་བའི་ཕྱིར་ཕྱི་རོལ་དུ་སོང་བ་དང་། ལྷ་ཆེན་པོས་རང་གི་མཚན་བསྒྲེང་སྟེ་གནས་དེར་ཞུགས་པ་དང་། དྲང་སྲོང་ཆེན་པོ་རྣམས་ཀྱི་ཆུང་མ་དང་བུ་མོ་རྣམས་ཀྱི་སེམས་གཡོས་པར་བྱས་ལ། དྲང་སྲོང་དེ་རྣམས་ཕྱི་དྲོའི་དུས་སུ་སླར་འོངས་པ་ན་གཏམ་དེ་ཐོས་ནས། ཁྲོས་ཏེ་དམོད་པ་བཏབ་པས་དེའི་མཚན་ས་ལ་ལྷུང་བར་བྱས་སོ། །ལྷ་ཆེན་པོ་ཡང་གླང་པོ་ཆེའི་གཟུགས་སུ་བྱས་ཏེ། སཱ་ལའི་ནགས་ཀྱི་ཚང་ཚིང་དུ་ཞུགས་སོ། །མེས་བྱིན་གྱིས་གཏམ་དེ་ཐོས་ནས་དྲང་སྲོང་ཆེན་པོ་རྣམས་ཀྱི་གན་དུ་སོང་སྟེ། མཚན་དེ་བསླངས་སོ། །དྲང་སྲོང་དག་གིས་ཕན་ཚུན་མཆོག་བྱིན་པས་ལྷ་ཆེན་པོ་སླར་མཚན་དང་ལྡན་པར་གྱུར་ཏོ། །དེ་ནས་ཨུ་མ་དང་ལྷན་ཅིག་དགའ་ཞིང་རྩེ་བ་ལས་བགེགས་ཀྱི་དབང་གིས་ཁུ་བ་ས་ལ་ལྷུང་བ་དང་། དེས་ཅ་ཅོ་བཏོན་པ་ན་ཨུ་མས་དེའི་སྟེང་དུ་གླང་པོ་ཆེའི་མགོ་བོ་བཞག་པ་དང་། དེ་ལས་བི་ནཱ་ཡ་ཀར་གྱུར་ཏོ། དེ་དུས་གཞན་ན་འོ་མ་ལ་སོགས་པས་གསོས་པ་ན། གླང་པོ་ཆེ་ནི་ཆང་ལ་དགའ་བའི་ཕྱིར་དང་། སྔོན་དྲི་ཟར་གྱུར་པའི་ཕྱིར་ཆང་འཐུང་བར་འདོད་པ་ན། ལྷ་ཆེན་པོས་དེ་གནང་སྟེ། སྐྱེ་དགུའི་བདག་པོ་ནི་གདུག་པ་འབྱིན་པར་མི་བྱེད་པས་ན། དེས་ན་འདི་སྤྲུལ་པ་ཡིན་ནོ་ཞེས་རྗེས་སུ་གནང་ངོ་། །དེ་བཞིན་དུ་ལྷ་མ་ཡིན་ལོང་བ་ལྷ་ཆེན་པོའི་གཟུགས་སུ་བྱས་ནས་ཨུ་མ་དང་ལྷན་ཅིག་འཁྲིག་པ་སྤྱོད་པར་འདོད་དེ། དེའི་གན་དུ་སོང་བ་དང་། དེས་དེའི་བྲང་གི་ཕྱོགས་ན་ཐིག་ལེ་གཅིག་ཡོད་པ་མཐོང་ནས་དེ་འདོད་པར་མ་གྱུར་ཏོ། །ལྷ་ཆེན་པོས་གཏམ་དེ་ཐོས་ནས་རྩེ་གསུམ་པ་ཐོགས་ཏེ་གཡུལ་བཀྱེ་ནས། རྩེ་གསུམ་པ་ལ་བསྐྱོན་པ་དང་། ལྷ་མ་ཡིན་ལོང་བའི་ལུས་ལས་ཁྲག་གི་ཐིགས་པ་ཇི་སྙེད་བྱུང་བ་དེ་སྙེད་ལྷ་མ་ཡིན་དུ་གྱུར་ནས་གཡུལ་འགྱེད་པར་ལྷགས་སོ། །དེའི་དོན་དུ་ལྷ་རྣམས༌ཀྱིས་ཙ་མུཎྜི་ལ་སོགས་པ་ལྷ་མོ་བརྒྱད་སྤྲུལ་པ་དང་། དེ་དག་གིས་བར་སྣང་ལ་འབབ་པ་ཉིད་ཀྱི་ཚེ་ན་ཁྲག་འཐུངས་ཏེ་ས་ལ་གཅིག་ཀྱང་ལྷུང་བར་མ་གྱུར་པ་དེ་ལྟར་བྱས་ནས་དེ་བསད་པར་གྱུར་ཏོ། །དེ་བཞིན་དུ་ལྷ་ཆེན་པོས་དགའ་བྱེད་དབང་ཕྱུག་ཡུན་རིང་ཞིག་ནས་མཐོང་སྟེ་སྨྲས་པ། ཁྱེད་གང་དུ་སོང་། དེས་སྨྲས་པ། བདག་གིས་རྒྱུ་མཚན་ཅན་གྱི་བསྟན་བཅོས་བྱས་སོ། ལྷ་ཆེན་པོས་སྨྲས་པ། དེ་ཁྱེར་ལ་ཤོག་ཅིག །དེས་ཁྱེར་ཏེ་འོངས་པ་ན། ལྷ་ཆེན་པོ་ཁྲོས་ཏེ་དུམ་བུ་གཉིས་སུ་བྱས་ནས། རྒྱ་མཚོའི་རྒོད་མའི་ཁའི་མེའི་ནང་དུ་དོར་རོ། །དགའ་བྱེད་དབང་ཕྱུག་གིས་སྨྲས་པ། ཁྱོད་ཀྱི་ལག་པའི་སེན་མོ་ལ་བྲམ་ཟེ་གསོད་པའི་མཚན་མ་མཐོང་ངོ་ཞེས་བྱ་བ་ནས། ཚངས་པའི་མགོ་བཅད་པས་ཐོད་པ་ཅན་གྱི་བརྟུལ་ཞུགས་བླངས་པ་ཡིན་ནོ་ཞེས༌བྱས་པ་དང་། ལྷ་ཆེན་པོ་མགུ་སྟེ། བསྟན་བཅོས་དེ་རྒྱ་མཚོའི་མེ་ལས་བླངས་ཏེ། སྐར་མའི་བསྟན་བཅོས་དང་། རྒྱ་མཚོ་ཅན་ཞེས་བྱ་བ་བུད་མེད་དང་། སྐྱེས་པ་དང་། ལག་རིས་ཀྱི་མཚན་ཉིད་ལ་སོགས་པ་སྟོན་པ་སྟེ། རྣམ་པ་གཉིས་སུ་བྱས་སོ། །དེ་ལྟར་དེ་དག་གི་མཚན་ཉིད་ནི་སྨྱོན་པ་ལྟར་འབྲེལ་པ་མེད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་གསུང་ནི་ཉེས་པ་མ་ལུས་པ་སེལ་ཅིང་ཞི་བར་མཛད་པ་ཡིན་ཏེ། དེ་ཡང་། མྱ་ངན་ནད་ལ་ཤིན་ཏུ་ཕན་པའི་སྨན། །ཀུན་རྨོངས་མུན་པ་སེལ་བ་སྒྲོན་མའི་མཆོག །དེ་ཉིད་ཡེ་ཤེས་སྐྱེད་པའི་མིག་འབྱེད་པས། །རྒྱ་ཆེན་སངས་རྒྱས་གསུང་ནི་མཉན་པར་གྱིས། །ལུས་སོགས་འདུལ་ཞིང་ཉེས་པ་གསུམ་སེལ་ལ། །སྲིད་གསུམ་སྒྲོལ་ཞིང་དུས་གསུམ་ཡེ་ཤེས་འཐོབ། །ངན་སོང་གསུམ་ཞི་བྱང་ཆུབ་གསུམ་ཐོབ་འགྱུར། །ཐོས་སོགས་ཐོག་མ་ལ་སོགས་མཆོག་གསུམ་ལྡན། །ཤིན་ཏུ་སྐལ་ལྡན་འདི་འདྲའི་ཚིག་གཞན་མེད། །དེ་བས་ཐུབ་གསུང་མཆོད་པ་བྱས་ནས་ནི། །ཤིན་ཏུ་གུས་པས་མཉན་པ་ཉིད་དུ་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེས་ན་གང་ཞིག་ཉེ་བར་ཞི་བ་སྟོན་པར་བྱེད་པའི་སྟོན་པ་པོའི་མཆོག་ཏུ་འོས་པ་དེ་ཤིན་ཏུ་ལེགས་པར་རྟོགས་ལ་དཔྱོད་པར་གྱིས་ཤིག་ཅེས་བྱ་བའམ། ཡང་ན་གང་ཞིག་ཆེན་པོ་ཡིན༌པར་སྨྲོས་ཤིག་ཅེས་པའམ། ཉོན་ཅིག་ཅེས་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཉིད་སྟོན་པ་ཆེན་པོར་འོས་པར་གཞན་གྱི་ཚིག་གིས་གསལ་བར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལྷ་ཆེན་པོ་ལ་སོགས་པ་གང་ཞིག་གཞན་ལ་གནོད་པར་བརྩོན་པ་དེ་ནི་བརྩེ་བ་མེད་ཅིང་སྙིང་རྗེ་སྤངས་པ་ཡིན་ཏེ། སྙིང་རྗེ་ཅན་ནི་གཞན་ལ་གནོད་པ་བྱེད་པར་མི་འགྱུར་རོ། །ཡང་སངས་རྒྱས་བཅོམ་ལྡན་འདས་གང་ལ་འགྲོ་བ་སྲོག་ཆགས་ཀྱི་ཚོགས་རྣམས་སྐྱབས་སུ་སོང་བར་གྱུར་ཅིང་། སྐྱབས་ཀྱི་གཞིར་གྱུར་ཏེ། ཁྱེད་རྣམས་ཀྱི་རྟེན་དང་། གནོད་པའི་སྐྱབས་ནི་ངས་བྱའོ་ཞེས་ཞལ་གྱིས་བཞེས་ཤིང་། འཇིགས་པར་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་ཚིམ་པར་མཛད་པ་ཡིན་ནོ། །གལ་ཏེ་གཞན་ལ་ཕན་པ་བྱ་བར་དམ་བཅས་སུ་ཟིན་ཀྱང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དབང་གིས་མི་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་འདོད་ཆགས་བཅས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟ་ན་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་དེ་གཉིས་ཀྱི་ནང་ནས་གང་ཞིག་ལ་འདི་ན་མཆོད་པར་བྱ་ཞིང་། བསྙེན་བཀུར་བྱ་བའི་འོས་ཡིན་པ་རྣམ་པར་དཔྱོད་ཅིང་སོམས་ལ་སྨྲོས་ཤིག་ཅེས་པ་སྟེ། དེས༌ན་གང་ཐུགས་རྗེ་དང་ལྡན་ཞིང་འདོད་ཆགས་དང་བྲལ་བ་དེ་ཉིད་མཆོད་པར་བྱ་བ་ཉིད་ཡིན་པར་གསལ་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་གཞན་ལ་གནོད་པ་བྱ་བའི་ཕྱིར་བརྩོན་པ་ཡིན་ཞེ་ན། བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྒྱ་བྱིན་ནི་ནུས་པ་ཞེས་བྱ་སྟེ། དགྲ་རྣམས་གསོད་པར་ནུས་པས་ན་བརྒྱ་བྱིན་ཏེ། དེ་ནི་གཞན་ལ་གནོད་པ་བྱེད་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་དེ་ནི་རྡོ་རྗེ་ཐོགས་པའི་ཕྱིར་ཏེ། སྙིང་རྗེ་ཅན་གཞན་དག་གསོད་པའི་ཕྱིར་མཚོན་ཆ་ཐོགས་པར་མི་བྱེད་དོ། །རྡོ་རྗེ་འབྱུང་བའི་རྒྱུ་གང་ཡིན་པ་དེ་ནི་སྔར་བཤད་པ་ཡིན་ནོ། །སྟོབས་ཅན་ཞེས་བྱ་བ་ནི་སྟོབས༌བཟངས་སོ། །གཤོལ་ཐོགས་ཞེས་བྱ་བ་ནི་མཚོན་ཆར་གཤོལ་ཐོགས་པའོ། །
དེ་ཡང་བདུད་རྩི་ཕྲོགས་པའི་རྒྱུ་ལས་ལྷ་དང་ལྷ་མ་ཡིན་གཡུལ་ཆེན་པོ་བཀྱེ་བར་གྱུར་ལ། དེའི་ཚེ་བརྒྱ་བྱིན་ནི་རྡོ་རྗེ། སྐེམ་བྱེད་ནི་མདུང་ཐུང་། སྟོབས་བཟངས་ནི་གཤོལ་ཐོགས་པ་ཡིན་ལ། དེ་ལ་སྟོབས་བཟངས་ནི་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་སྤྲུལ་པ་སྟེ། ས་ཆེན་པོ་འཛིན་པར་བྱེད་པ་ཡིན་ལ། གཤོལ་ནི་དེའི་དགོས་པ་རྒྱ་ཆེན་པོ་བྱེད་པ་ཡིན་ནོ་ཞེས་གྲག་གོ། །ཁྱབ་འཇུག་འཁོར་ལོའི་མཚོན་ཐོགས་ཞེས་བྱ་བ་ལ། འཁོར་ལོ་འབྱུང་བའི་ཚུལ་ནི་སྔར་བཤད་པ་ཡིན་ནོ། །སྐེམ་བྱེད་ནི་ཀརྟི་ཀ་དང་། གདོང་དྲུག་པ་ཞེས་བྱ་བ་མིང་གི་རྣམ་གྲངས་སུ་གྲགས་སོ། །དེ་མདུང་ཐུང་ཐོགས་ཤིང་ཞེས་བྱ་བ་ནི་འདི་སྐད་ཐོས་ཏེ། ལྷ་མ་ཡིན་མ་ཧེ་ཞེས་བྱ་བས་ལྷའི་ལོ་ལྔ་བརྒྱའི་བར་དུ་དཀའ་ཐུབ་བསྟེན་ནས་ལྷ་ཆེན་པོ་མགུ་བར་བྱས་ཏེ། དེ་ལ་སྐྱེས་བུ་གསོད་པའི་ཕྱིར་མདུང་ཐུང་བླངས་ལ། དེ་དེ་དང་ལྷ་རྣམས་ཤིན་ཏུ་ཞུམ་པར་བྱས་པ་དང་། ལྷ་རྣམས་ཀྱིས་ཨུ་མ་ལ་གསོལ་བ་བཏབ་པ། ཁྱེད་བུད་མེད་ཡིན་ན་ཡང་འདིས་སྐྱེས་བུ་གསད་པའི་ཕྱིར། མཚོན་ཆ་འདི་རྙེད་པས་ཁོ་བོ་ཅག་ཤིན་ཏུ་གཙེས་ཀྱིས། དེ་མེད་པར་བྱ་བའི་ཕྱིར་འབད་པར་གྱིས་ཤིག་ཅེས་སྨྲས་པ་དང་། དེས་དཀའ་ཐུབ་ཀྱིས་ལྷ་ཆེན་པོ་མགུ་བར་བྱས་ཏེ་མདུང་རྩེ་གསུམ་པ་ཐོབ་པར་གྱུར་པ་དང་། གཡུལ་བཀྱེ་སྟེ་རྩེ་གསུམ་པས་བསྣུན་པར་གྱུར་པ་ན་ལྷ་མ་ཡིན་མ་ཧེའི་ལུས་ལས་ཁྲག་གི་ཐིགས་པ༌ཇི་སྙེད་བྱུང་བར་གྱུར་པ་དེ་སྙེད་ཀྱི་ལྷ་མ་ཡིན་མ་ཧེར་གྱུར་ཏོ། །ཨུ་མའི་དཔྲལ་བ་ལས་ཆད་པའི་དབང་གིས་རྔུལ་གྱི་ཐིགས་པ་ས་ལ་ཇི་སྙེད་བྱུང་བ་དེ་དག་ཀྱང་ཤ་ཟ་ཤིན་ཏུ་འཇིགས་པའི་གཟུགས་ཅན་དུ་གྱུར་ནས། ཁྲག་གི་ཐིགས་པ་དེ་བར་སྣང་ཉིད་དུ༌ཟ་བར་བྱེད་ཅིང་། ལྷ་མ་ཡིན་དེ་བསད་པར་གྱུར་ནས། དེའི་མདུང་ཐུང་ཐོབ་པར་གྱུར་པ་དང་། སྐེམ་བྱེད་ཀྱིས་དེ་བསླངས་ནས་མདུང་ཐུང་དེ་སྐེམ་བྱེད་ལ་བྱིན་པར་གྱུར་པ་ཡིན་ནོ། །ལྷ་ཆེན་པོ་ནི་ལྷ་ཆེན་པོ་དྲག་པོ་སྟེ། དེ་ཡང་། གང་ཞིག་མེ་ནི་རྣོ་ལྟར་སྲེག ། གང་ཞིག་གཏུན་ཤིང་གཟི་ཅན་ཟ། །ཤ་དང་རྐང་དང་ཁྲག་སོགས་ཟ། །དེས་ན་དྲག་པོར་བཤད་པ་ཡིན། །ཞེས་འབྱུང་བ་ཡིན་ནོ། །རྩེ་གསུམ་མཚོན་ཐོགས་ཞེས་བྱ་བ་ནི་ལྷ་ཆེན་པོས་ད་དི་ཙེའི་རུས་པ་ལས་ལས་ཐམས་ཅད་པས་བྱས་པའི་རྩེ་གསུམ་གྱི་མཚོན་ཆ་ལྷ་རྣམས་ཀྱིས་བྱིན་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གཞན་དག་ན་རེ། གྲོང་ཁྱེར་སུམ་བརྩེགས་བསྲེགས་པའི་ཚེ། ལྷ་རྣམས་ཀྱིས་ལྷ་ཆེན་པོ་ལ་གསོལ་བ་བཏབ་པ་དང་། དེས་མཚོན་ཆ་བླངས་པ་ན་དེའི་ཚེ་ལྷ་རྣམས་ཀྱི་དྲང་སྲོང་ད་དི་ཙེའི་རུས་པ་ཁྱེར་ཏེ་འོངས་ལ། ཀླུ་རྣམས༌ཀྱིས་མནྡ་རའི་གཞིར་གྱུར་པའི་རུས་སྦལ་གྱི་ཐོད་པ་ཁྱེར་ཏེ་འོངས་ཤིང་མི་རྣམས་ཀྱིས་ནི་རྡོ་རྗེ་ཁྱེར་ཏེ་འོངས་པ་དང་། དེ་ནས་ལས་ཐམས་ཅད་པས་གསུམ་པོ་དེ་ལ་རྩེ་གསུམ་པ་བྱས་ཏེ། ལྷ་ཆེན་པོ་ལ་བྱིན་ནོ་ཞེས་ཟེར་རོ། །དུར་ཁྲོད་དུ་གནས་པ་ནི་ལྷ་ཆེན་པོ་དྲག་པོའི་གནས་དུར་ཁྲོད་དུ་བཅས་པ་ཡིན་ནོ། །ལྷ་མ་ལུས་པའི་དབང་དུ་བྱས་ནས་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་དག་ཅེས་བྱ་བ་ནི་བརྒྱ་བྱིན་ལ་སོགས་པའོ། །དེ་དག་ཀྱང་ཇི་ལྟ་བུ་ཞེ་ན། མི་ཤེས་པ་ལས་བྱུང་བ་ཡིན་པའི་ཕྱིར་བྱིས་པ་ཞེས་བྱ་སྟེ། དགེ་སློང་དག་ཉེ ས་པར་སེམས་པ་དང་། ཉེས་པར་སྨྲས་པ་དང་། ཉེས་པར་སྤྱོད་པའི་ལས་སྤྱོད་པས་བྱིས་པ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། སྙིང་བརྩེ་མེད་པ་སྟེ། སྙིང་རྗེ་མེད་ཅིང་གདུག་པ་ཞེས་བྱ་བའི་དོན་ཏོ། ། གདུག་ཅིང་མི་སྲུན་པ་མ་ཡིན་པ་དག་ནི་གཞན་དག་འཇོམས་པར་མི་བྱེད་དོ། །དེ་ལྟར་གདུག་པ་ཡིན་པས་ན་དེ་དག་མཚོན་ཆ་སྣ་ཚོགས་དང་བཅས་པའི་ཕྱིར་སྣ་ཚོགས་མཚོན་ཐོགས་ཏེ། སྣ་ཚོགས་ཤིང་རྣམ་པ་ཐ་དད་པའི་མཚོན་ཆ་དུ་མ་ཐོགས་པར་བྱེད་པ་ཡིན་ལ། དེ་དག་ཀྱང་སྡུག་བསྔལ་ལ་སོགས་པ་དང་ལྡན་པ་སྟེ། སྡུག་བསྔལ་ཞེས་བྱ་བ་ནི་འཕྲལ་དུ་འབྱུང་བའི་ལུས་དང་སེམས་ཉེ་བར་གདུང་བར་བྱེད་པའོ། །འཇིགས་པ་ནི་མ་འོངས་པའི་སྡུག་བསྔལ༌གྱིས་འཇིགས་པའི་ཕྱིར་སེམས་འཛག་ཅིང་། བདག་ཉིད་ཞུམ་པར་གྱུར་པ་སྟེ། དེ་གཉིས་ཀྱིས་དེ་ཉེན་ཅིང་ཉེ་བར་གདུངས་པར་གྱུར་པའོ། །དེ་ལྟར་སྡུག་བསྔལ་དང་། འཇིགས་པའི་འཚེ་བ་མེད་པ་རྣམས་ནི་གཞན་ལ་འཚེ་བའི་ཕྱིར་མཚོན་ཆ་ཐོགས་པའི་ད གོས་པ་མེད་དོ། །གལ་ཏེ་གཞན་ལ་བསྡིགས་པའི་ཕྱིར་མཚོན་ཆ་ཐོགས་ཀྱི་གསོད་པའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པར་རྒྱུན་དུ་ལུས་ཅན་དང་། སྲོག་ཆགས་རྣམས་འཇོམས་ཤིང་བསད་པར་བརྩོན་པས་མཚོན་ཆ་ཐོགས་པར་བྱེད་པ། དེ་ལྟ་བུ་དེ་ལ་ནི་མཁས་པ་ཤེས་རབ་དང་ལྡན་ཞིང་ཡོན་ཏན་དང་སྐྱོན་གྱི་བྱེ་བྲག་ཕྱེད་པ་སུ་ཞིག་འདུད་ཅིང་ཕྱག་འཚལ་བར་བྱེད་དེ། དེ་དག་ནི་ཕྱག་འཚལ་བའི་འོས་མ་ཡིན་པར་སྟོན་ཏོ། །ཇི་སྐད་བཤད་པའི་ཉེས་པ་རྣམས་མི་མངའ་བས་ན་བཅོམ་ལྡན་འདས་ཉིད་མཆོད་པར་བྱ་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྩེ་གསུམ་ནི་དགྲ་བོ་གཞོམ་པར་བྱ་བའི་ཕྱིར་ཐོགས་ལ། དེ་བཞིན་དུ་ཆགས་པ་དང་བཅས་པའི་ཕྱིར་མཆན་ན་ཆུང་མ་འཇོག་པ་སྟེ། དེ་པང་ན་གནས་པར་བྱེད་པའོ། །གལ་ཏེ་པང་ན་བུ་མོ་དག་ཐོགས་པ་ལ་ནི་ཉེས་པ་མེད་དོ་ཞེ་ན། འདོད་པའི་འདོད་ཆགས་དང་བཅས་ཤིང་ལྷ་ཆེན་པོ་ལྟར་ཆུང་མ་མཆན་ན་གནས་པ་ཡང་མི་མངའ་ལ། དེ་བཞིན་དུ་ཁྱབ་འཇུག་ལྟར་འཁོར་ལོ་བསྣམས་པར་ཡང་མི་མཛད་ཅིང་། སྐེམ་བྱེད་ལྟར་མདུང་ཐུང་བསྣམས་པར་ཡང་མི་མཛད་ལ། བརྒྱ་བྱིན་ལྟར་རྡོ་རྗེས་དགྲ་བོ་རྣམས་འཇོམས་ཤིང་དྲག་པ་ཡང་བསྣམས་པར་མི་མཛད་དེ། དེ་བཞིན་སྟོབས་བཟང་ལྟར་གཤོལ་ཡང་བསྣམས་པར་མི་མཛད་དོ། །ཅིའི་ཕྱིར་མཚོན་ཆ་འདི་དག་བསྣམས་པར་མི་མཛད་ཅེ་ན། ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་ལས་ངེས་པར་གྲོལ་ཞིང་ཡོངས་སུ་སྤངས་པ་ཞེས་བྱ་བའི་དོན་ཏོ། །མཁས་པ་གཞན་ལ་ཕན་འདོགས་རྣམ་པར་བརྩོན། །ཞེས་བྱ་བ་ནི། གཞན་གྱི་དགོས་པ་བསྒྲུབ་པ་ལ་བརྩོན་ཞིང་། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྐྱབས་གྱུར་ཞེས་བྱ་བ་ནི་སྐྱབས་སུ་འགྲོ་བར་འོས་པའོ། །སུ་ཞིག་གི་སྐྱབས་སུ་འོས་ཤེ་ན། འཇིག་རྟེན་པ་རྣམས་ཀྱིའོ། །ཅིའི་ཕྱིར་སྐྱབས་ཀྱི་འོས་ཡིན་ཞེ་ན། ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་སྲིད་པ་གསུམ་གྱི་སྟོན་པར་གྱུར་ཅིང་སྐྱབས་ཀྱི་འོས་ཡིན་པར་རྗེས་སུ་དཔག་པར་བྱའོ། །དེ་སུ་ཞིག་ཅེ་ན། དྲང་སྲོང༌སྟེ་དྲང་སྲོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ལ་འདིར་ནི་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བདག་འདིར་སྐྱབས་སུ་མཆི་བའོ། །དེ་ཡང་འདི་ལ་བརྟེན་ཅིང་སྐྱབས་སུ་འགྲོ་ན་སྡིག་པ་མི་དགེ་བའི་དངོས་པོ་འཇིག་ཅིང་དེངས་པར་བྱེད་པའི་དོན་གྱིས་ན་སྐྱབས་སོ། །གང་གི་ཕྱིར་གཞན་དག་ལ་ནི་ཉེས་པ་ཡོད་ཀྱི་ཁྱེད་ལ་ནི་ཉེས་པ་མི་མངའ་བས་དེའི་ཕྱིར་སྐྱབས་སུ་འོས་པ་ནི་ཁྱེད་ཉིད་ཡིན་ནོ་ཞེས་གསལ་བར་བྱ་བའི་ཕྱིར། ལྷ་ཆེན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལྷ་ཆེན་པོ་འདོད་པའི་འདོད་ཆགས་ཀྱི་དབང་དུ་གྱུར་པའི་ཆུང་མ་ཡོངས་སུ་འཛིན་ཅིང་ལེན་པར་བྱེད་དོ། །ཇི་ལྟ་བུའི་ལྷ་ཆེན་པོ་ཞེ་ན། ངོ་ཚ་སྤངས་པ་སྟེ། ཆགས་པས་ངོ་ཚ་དང་བྲལ་བའོ། །དེ་ཡང་། འདོད་པས་ངོ་ཚ་འཇོམས་བྱེད་དེ། །མྱ་ངན༌གྱིས་བརྟན་དགའ་བས་ལུས། །ང་རྒྱལ་གྱིས་ནི་ཡོན་ཏན་རྣམས། །རྩ་ནས་འཇོམས་པར་བྱེད་པ་ཡིན། །ཞེས་བཤད་པ་ཡིན་ནོ། །ཅོ་འདྲི་ཞེས་བྱ་བ་ནི། འཚེ་བར་བྱེད་པའི་བདག་ཉིད་ཅན་ཏེ། ཞེ་སྡང་གིས་ཉེ་བར་གསོད་པ་ལ་སོགས་པའི་ངང་ཚུལ་ཅན་ཞེས་བྱ་སྟེ། ལྷ་ཆེན་པོ་ནི་སྐྱོན་དེ་དག་དང་ལྡན་ཞིང་ཆུང་མ་འཆང་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱབ་འཇུག་ནི་ལྷག་པར་གཏུམ་པ་སྟེ། སྙིང་བརྩེ་བའི་ཡུལ་དུ་གྱུར་པའི་སྐྱེ་བོ་ལ་ཡང་དེ་ལ་ཞི་དེས་སུ་གྱུར་པ་མེད་དེ། ལག་སྨ་ན་གསད་པའི་ཕྱིར་ཞུགས་པ་ལ་སོགས་པ་ལྟ་བུའོ། །བྱས་པ་ཆུད་གསོན་པ་ནི་སྟོབས་ལྡན་གྱིས་ས་གསུམ་བྱིན་ཡང་བཅིངས་པ་ཐོབ་པར་བྱས་པ་སྟེ། ཕན་པ་ཆེན་པོ་བྱེད་པ་ལ་སའི་འོག་ཏུ་བཅིངས་ཏེ་གཞག་པ་ནི་མི་རིགས་པའི་ཕྱིར་རོ། །སྐེམ་བྱེད་ཀྱིས་རང༌གི་གཉེན་གསད་པ་ནི༌ཀྲུང་ཀྲུང་ཞེས་བྱ་བའི་རི་བོ་རང་གི་ཞང་པོ་ཡིན་པ་ལས་དེ་གསད་པའི་ཕྱིར་དང་། དེ་ཡང་གཞན་གྱི་ལག་གིས་བསད་པ་མ་ཡིན་གྱི་རང་གིས་བསད་དོ་ཞེས་གྲག་གོ། །དཀའ་བཟློག་ནི་དཀའ་ཐུབ་བཟློག་པ་སྟེ། ལྷ་མོ་ཨུ་མའོ། །དེ་ནི་ཁྲོ་ཞིང་གཏུམ་པ་ཡིན་ཏེ། བུད་མེད་ཀྱི་རིགས་ཕལ་ཆེར་བརྩེ་བ་དང་ལྡན་པ་ཡིན་མོད་ཀྱི། ཨུ་མ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྷ་མ་ཡིན་ཆེན་པོ་མ་ཧེ་ཞེས་བྱ་བ་གསོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །མ་མོ་རྣམས་ཀྱང་གདུག་ཅིང་གཏུམ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མིའི་ཤ་དང་ཚིལ་ཟ་ཞིང་ལོངས་སྤྱོད་པར་བྱེད་པ་ཡིན་ཏེ། མ་མོ་དེ་དག་ཀྱང་གང་ཞེ་ན། ཚངས་པ་མོ་དང་། དྲག་མོ་དང་། ཁྱབ་འཇུག་མ་དང་། གཞོན་ནུ་མ་དང་། དབང་མོ་དང་། ཀུ་བེ་རི་དང་། ཕག་མོ་དང་། ཙ་མུཎྜི་སྟེ་བརྒྱད་ལ་མ་མོ་ཞེས་བྱའོ། །ལོག་འདྲེན་ནི་བགེགས་ཀྱི་བདག་པོ་སྟེ། ཚོགས་བདག་གོ། །དེ་ནི་ཆང་དད་ཆེ་སྟེ། ཆང་ལ་སྲེད་པའོ ། །འདིའི་གཏམ་ནི་སྔར་སྨྲས་པ་ཡིན་ནོ། །སྟོབས་བཅུ་ལྡན་པ་ཞེས་བྱ་བ་ནི་སངས་རྒྱས་ཏེ། དེ་ལ་ནི་ལྷ་ཆེན་པོ་ལ་སོགས་པའི་ཉེས་པ་རྒྱ་ཆེན་པོ་དག་གི་ཆ་ཅུང་ཟད་ཙམ་མམ། འགའ་ཡང་མི་མངའ་སྟེ། དེས་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཉེས་པ་འགའ་ཙམ་ཡང་མི་མངའོ་ཞེས་བྱ་བའི་དོན་ཏོ། །ཁྱེད་ནི་ཕྱོགས་སུ་ལྷུང་བས་དེ་སྐད་སྨྲ་བ་ཡིན་ནོ་ཞེ་ན། དེའི་ཕྱིར་བཅོམ་ལྡན་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ནི་བདག་གི་གཉེན་དང་། ཉེ་དུར་གྱུར་པ་མ་ཡིན་ལ། ལྷ་ཆེན་པོ་ལ་སོགས་པ་གཞན་དག་ནི་བདག་གི་དགྲ་བོར་གྱུར་པ་མ་ཡིན་ནོ། །དེ་བཞིན་དུ་ལྷ་ཆེན་པོ་ནས་སྟོབས་བཅུ་དང་ལྡན་པའི་བར་དེ་དག་གི་སྤྱོད་པ་དག་ཀྱང་མངོན་སུམ་དུ་མཐོང་བ་མ་ཡིན་མོད་ཀྱི། འོན་ཀྱང་དེ་དག་གི་ཚིག་གི་ཁྱད་པར་དང་སྤྱོད་པའི་ཁྱད་པར་གང་དག་ཡོད་པའི་གཞུང་སོ་སོར་ཐོས་པ་ལས། སངས་རྒྱས་བཅོམ་ལྡན་འདས་ལ་བདག་བརྟེན་ཅིང་སྐྱབས་སུ་སོང་ལ་གཞན་དག་སྤངས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ནི་ཡོན་ཏན་ཕུལ་དུ་ཕྱིན་པ་དང་ལྡན་པ་ཡིན་པས་དེ་ལ་དད་ཅིང་དགའ་བའི་ཕྱིར་རྒྱུ་དེས་ན་དེའི་བསྟན་པ་ལ་བདག་བརྟེན་ཅིང་གནས་པ་ཡིན་ནོ། །དེ་ལྟར་བརྩམས་པའི་དངོས་པོ་དེ་ཉིད་གསལ་བར་བྱ་བའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་བདེ་བར་གཤེགས་པ་ནི་བདག་གི་ཕར་གྱུར་པ་མ་ཡིན་ལ། ལམ་གཞན་ལ་ཞུགས་པའི་མུ་སྟེགས་ཅན་གཟེགས་ཟན་ལ་སོགས་པ་གཞན་དག་ནི་དགྲ་བོ་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དེས་བདག་ལ་ནོར་སྩལ་ཅིང་གསུང་གིས་བསྒྲུབ་པ་མ་ཡིན་ལ། གཟེགས་ཟན་དང་རྐང་མིག་ལ་སོགས་པས་ནོར་གྱི་དངོས་པོ་ཅི་ཡང་མ་ཕྲོགས་སོ། །དེ་ལ་གཟེགས་ཟན་ཞེས་བྱ་བ་ནི་གཟེགས་མ་ཟ་ཞིང་དཀའ་ཐུབ་བསྟེན་པས་གང་གིས་བརྟུལ་ཞུགས་ཀྱི་དངོས་གྲུབ་ཐོབ་པ་སྟེ། དེས་ན་གཟེགས་ཟན་གྱིས་ནི་མུ་སྟེགས་བྱེ་བྲག་པའི་གཞུང་བརྩམས་པ་ཡིན་ལ། དྲང་སྲོང་རྐང་མིག་གིས་ནི་དཔྱོད་པ་པའི་གཞུང་བརྩམས་པ་ཡིན་ཏེ། དེ་ཡང་རྐང་མིག་ཅེས་བྱ་བ་ནི་དྲང་སྲོང་འདི་ལྷ་ཆེན་པོས་ཨུ་མ་བསྲུང་བའི་ཕྱིར་བཞག་པ་དང་། དེ་ཤིན་ཏུ་གཟུགས་བཟང་བས་ཨུ་མ་ཆགས་པར་གྱུར་ཏེ། མདུན་དྲང་པོར་འདུག་ནས་ཆགས་པའི་མཚན་མ་བསྟན་པ་དང་། དེས་མིག་གཞན་དུ་བསྒྱུར་ཏོ། །དེ་ཡང་དེར་གནས་པར་གྱུར་པ་དང་། དེས་ཀྱང་མིག་དེ་ལས་གཞན་དུ་བསྒྱུར་བ་ནས། མིག་རྐང་པ་གཉིས་སུ་བཞག་པའི་བར་དུ་བྱས་སོ། །གཏམ་དེ་ཐོས་པ་དང་། ལྷ་ཆེན་པོ་མགུ་བར་གྱུར་ནས་དཔྱོད་པ་པའི་གཞུང་རྩོམ་པའི་སྟོན་པར་གྱུར་ཅིག་ཅེས་མཆོག་བྱིན་ནོ། །སོགས་པའི་སྒྲས་ནི་དྲང་སྲོང་སེར་སྐྱ་ལ་སོགས་པ་གཟུང་ངོ་། །དེ་ལྟར་ཡིན་ན་ཅིའི་ཕྱིར་ཁྱེད་ཕྱོགས་འཛིན་པ་ལ་གནས་ཞེས་རྟོག་པ་ལ། དེའི་ཕྱིར་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་དགྲ་དང་མཛའ་བཤེས་ལ་སོགས་པ་མ་ཡིན་ནའང་། སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པས་སངས་རྒྱས་ཡིན་པ་དང་། བག་ཆགས་དང་བཅས་པའི་ཉོན་མོངས་པའི་ཕྲ་རྒྱས་སྤངས་པས་བཅོམ་ལྡན་འདས་ཡིན་ཞིང་། སེམས་ཅན་གྱི་དོན་དགོས་པ་མཛད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས། འགྲོ་བ་ལ་གཅིག་ཏུ་ཕན་པ་མཛད་པ་ཡིན་ནོ། །དེ་ལྟར་ཡོན་ཏན་གསུམ་དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་དེའི་གསུང་ནི་དྲི་མ་མེད་པ་སྟེ། ཉེས་པ་ཐམས་ཅད་དང་བྲལ་བའི་གྲུབ་པའི་མཐའ་ཡིན་ལ། དེ་བཞིན་དུ་དྲི་མ་ཐམས་ཅད་སེལ་བ་ཡང་ཡིན་ཏེ། ཉོན་མོངས་པའི་དྲི་མ་ཐམས་ཅད་སེལ་ཞིང་འཇོམས་པའི་ངང་ཚུལ་ཅན་ཡང་གསུང་འདི་ཉིད་ཡིན་ཏེ། དེ་ཐོས་པ་ཙམ་གྱིས་ཉོན་མོངས་པའི་བག་ལ་ཉལ་མཐའ་དག་སེལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལ་བདག་དད་པ་ནི་ཐུབ་པའི་དབང་པོའི་གསུང་ལ་བདག་དད་ཅིང་མོས་པ་དང་ལྡན་པ་ཡིན་ནོ། །བདག་ཉིད་བདེ་བར་གཤེགས་པ་ལ་མོས་ཤིང་དད་པ་ཡོད་པ་ཉིད་དུ་གསལ་བར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའོ། །ཕན་པ་ནི་གཞན་གྱི་དོན་ཏེ། དེ་ལ་དགྱེས་ཤིང་བཞེད་པའི་ངང་ཚུལ་འདི་ལ་མངའ་བས་འཇིག་རྟེན་ལས་འདས་པའི་ཁྱད་པར་ཐོབ་པར་བཞེད་པའི་ཕྱིར་རོ། །དེ་བཞིན་དུ་རྟག་པར་རྒྱུན་དུ་འགྲོ་བ་རྣམས་ལ་འཇིག་རྟེན་པའི་བདེ་བའི་ཁྱད་པར་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཕན་འདོགས་པར་མཛད་དེ། ཉོན་མོངས་པས་བསྐྱོད་པའི་སྡུག་བསྔལ་གང་དག་ལ་གང་ཞིག་བྱས་ན་ཞི་བར་འགྱུར་བ་དེ་བཅོམ་ལྡན་འདས་མཛད་ལ། དེ་ཡང་སུ་ཞིག་ལ་མཛད་ཅེ་ན། འགྲོ་བ་གང་ཞིག་སྡུག་བསྔལ་རྣམ་པ་མང་པོ་དག་གིས་གདུངས་ཤིང་གཟིར་ལ་བཅོམ་པར་གྱུར་པ་དེ་བདེ་བར་མཛད་པ་དང་། དེ་བཞིན་དུ་སྟོན་པ་གང་ཞིག་འདུས་བྱས་དང་། འདུས་མ་བྱས་སམ། དུས་གསུམ་གྱི་ཤེས་བྱའི་དངོས་པོ་མཐའ་དག་ལག་མཐིལ་དུ་བཞག་པའི་དངོས་པོ་བཞིན་དུ་གསལ་བར་མཁྱེན་པ། དེ་ལ་དད་པར་བྱ་བ་འོས་པ་ཡིན་ཞིང་། རྟག་ཏུ་ཕན་པར་དགྱེས་པ་ལ་སོགས་པའི་ངང་ཚུལ་ཅན་གྱི་དྲང་སྲོང་མཉམ་པ་མེད་པ་སྟེ། ས་གསུམ་ན་དེ་དང་མཚུངས་པ་གཞན་མེད་པའི་རྒྱུ་མངའ་བ་དེ་ལ་ཁོ་བོ་ཡང་དད་པར་གྱུར་པ་ཡིན་ཏེ། དད་པ་དང་ལྡན་པའི་མཁས་པ་དག་ནི་ལམ་ལོག་པ་ལ་བརྟེན་པར་འོས་པ་མ་ཡིན་ནོ། །གང་གི་ཕྱིར་ཕན་པར་དགྱེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས། བཅོམ་ལྡན་འདས་དེ་ནི་བསོད་ནམས་ཀྱི་ཞིང་ཆེན་པོ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྙིང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དད་པ་དང་གུས་པ་ལ་སོགས་པའི་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་ཡང་སྦྱོར་བ་མེད་པའི་ཕྱིར་སྙིང་ནས་དད་དམ་ཞེས་སྨོས་པ་ཡིན་ལ། རྒྱུན་དུ་སྦྱོར་བ་མེད་དུ་ཟིན་ཀྱང་དེ་ལ་མཆོད་པར་བྱེད་པ་ནི་ཇི་ལྟར་དགའ་བ་ཞེས་སྨོས་པ་ཡིན་ཏེ། ལོ་བཅུ་ཙམ་འདས་པའམ། ལོ་ཉི་ཤུ་ཙམ་འདས་ནས་འཇུག་པར་བྱེད་པའམ། རྒྱུ་མེད་པར་འཇུག་པར་བྱེད་པ་ནི་ཇི་ལྟར་དགའ་བ་ཞེས་བྱ་བའམ། ཡང་ན་ཚོགས་པ་དང་ལྡན་ན་ནི་བྱེད་ལ། ཚོགས་པ་དང་མི་ལྡན་ན་ནི་མི་སྤྱོད་པའོ། །ཐེ་ཚོམ་གྱིས་སམ་ཞེས་བྱ་བ་ནི་གལ་ཏེ་བསོད་ནམས་ཡོད་ན་ནི་ལེགས་ཀྱི། མེད་དུ་ཟིན་ཀྱང་ངའི་དོན་ཆེན་པོ་ཉམས་པར་གྱུར་པ་མེད་དེ། དེ་ཡང་། འཇིག་རྟེན་གཞན་ལ་སོམ་ཉིར་གྱུར། །མཁས་པས་མི་དགེ་སྤང་བྱ་སྟེ། །གལ་ཏེ་མེད་ན་སྐྱོན་ཅི་ཡོད། །ཡོད་ན་མེད་པར་སྨྲ་བ་བཅོམ། །ཞེས་སྨོས་པ་ལྟ་བུའོ། །གཞན་གྱི་ངོར་ཡང་རུང་ཞེས་བྱ་བ་ནི་གལ་ཏེ་འདི་ནི་བྱེད་ལ། ཁོ་བོ་མི་བྱེད་ན་ཆད་པ་དང་སྨད་པ་ཆེན་པོ་འཐོབ་པར་འགྱུར་རོ་སྙམ་དུ་སེམས་ནས་འཇུག་པའོ། །དེ་ལྟར་བསམ་པ་བཞི་པོ་གང་ཡང་རུང་བས་མི་གང་ཞིག་ཐུབ་པའི་དབང་པོ་ཁྱེད་ལ་ཕྱག་བགྱིད་ན། སྐྱེས་བུ་དེས་ཀྱང་ལྷའི་འབྱོར་པའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ན། དད་པ་ལ་སོགས་པ་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པས་སྤྱོད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཐུབ་དབང་ཟླ་བ་ཞེས་བྱ་བ་ནི་ཤིན་ཏུ་ཞི་བའི་ཕྱིར་དང་། ཡིད་ཚིམ་པར་བྱེད་པ་ཡིན་པའི་ཕྱིར་ཟླ་བ་དང་འདྲ་བས་ན། ཐུབ་དབང་ཟླ་བ་ཞེས་སྨོས་པ་ཡིན་ཏེ། ཇི་ལྟར་བཀྲེས་པ་རྣམས་ལ་ཁ་ཟས་སམ། སྐོམ་པ་རྣམས་ལ་བཏུང་བ་དང་ཕྲད་ན་བཀྲེས་པ་དང་སྐོམ་པ་སེལ་བ་དང་འདྲ་བར་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པ་ཡིན་ནོ། །ཁྱབ་འཇུག་ལ་དད་པ་རྣམས་འདི་ལ་དད་པ་ཡིན་པར་སྨྲ་སྟེ། དེ་ཡང་སྔོན་གྱི་གཏམ་རྒྱུད་ཀྱི་ནང་ནས། རླུང་གི་གཏམ་རྙིང་པ་ལས་ཚུལ་འདི་ལྟར་ཐོས་སོ་ཞེས་སྨྲ་བ་དག་དགག་པའི་ཕྱིར། གནའ་སྔོན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཇིག་རྟེན་གསུམ་གྱིས་མཆོད་པའི་སངས་རྒྱས་གང་ཡིན་པ་དེ་ཉིད་ནི་ཁྱབ་འཇུག་ཡིན་ཏེ་སྔར། ཉ་དང་རུས་སྦལ་ཕག་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་པའི་ཕྱིར་རོ། །དེ་ཡང་ཁྱབ་འཇུག་འདིས་འཇིག་རྟེན་པ་སྐྱེ་བ་དང་རྒ་བ་ལ་སོགས་པའི་དབང་དུ་གྱུར་ཅིང་། གཞན་དབང་དུ་གྱུར་པ་ཐོས་ནས་དེའི་ཕྱིར་སྙིང་རྗེས་མི་འདི་རྣམས་བསྐྱབ་ཅིང་གདོན་པར་བྱའོ་སྙམ་ནས། རྨད་དུ་བྱུང་ཞིང་ཐམས་ཅད་མཁྱེན་པར་གྱུར་པ། ངོ་མཚར་དུ་གྱུར་པའི་བློས་སྙིང་བརྩེ་བས་འདི་དག་འདི་ལས་གདོན་པར་བྱའོ་སྙམ་ནས། ཤཱཀྱའི་རིགས་རྒྱས་པ་གཽ་ཏ་མ་ཞེས་བྱ་བའི་རིགས་དག་པར་སྐྱེས་ཤིང་། ཚིག་གཟུང་བར་འོས་པར་བྱས་ནས་འཇིག་རྟེན་འདིར་ཡང་སངས་རྒྱས་ཞེས་བྱ་བར་གྱུར་ཅིང་། དེ་ཁོ་ན་ཉིད་སྟོན་པ་ཡིན་ལ་ཕན་པར་བྱེད་པ་ཡང་ཡིན་ནོ་ཞེས་གཏམ་དུ་གྲག ས་པར་ཐོས་སོ་ཞེས་ཟེར་བ་དེ་ནི་དེ་ལྟ་མ་ཡིན་ཏེ། སྐྱེ་བོ་རྨོངས་ཤིང་བླུན་པར་གྱུར་པ་དེས་ས་གསུམ་གྱི་སྟོན་པ་དེ་ཁོ་ན་ཉིད་སྟོན་པར་མཛད་པ་དང་། འགྲོ་བ་ཐམས་ཅད་ལ་ཕན་འདོགས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་པར་ཤེས་ཤིང་། མ་རྟོགས་པ་ཡིན་ནོ། །དེ་ཡང་སངས་རྒྱས་ནི་བརྒྱ་ལམ་ན། ལན་འགའ་ཞིག་འབྱུང་བ་ཡིན་པའི་ཕྱིར། ཤེས་པ་མ་ཡིན་ཏེ། ཇི་སྐད་དུ། བསྐལ་པ་བྱེ་བ་ཕྲག་སྟོང་དང་། །བརྒྱ་ཕྲག་བྱེ་བ་དག་ཏུ་ཡང་། །སངས་རྒྱས་སྒྲ་ཡང་མི་ཐོས་ན། །སངས་རྒྱས་མཐོང་བ་སྨོས་ཅི་དགོས། །ཞེས་གསུངས་པ་ཡིན་ནོ། །ཁྱབ་འཇུག་འདི་ནི་རྩོད་པའི་དུས་སུ་འབྱུང་བ་ཡིན་པས་ཁོ་བོ་ཅག་དེ་ལ་མཆོད་པར་མི་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདོད་ཆགས་ནི་རིན་པོ་ཆེ་ལ་སོགས་པ་ལ་ཆགས་ཤིང་ཞེན་པའོ། །ཞེ་སྡང་ནི་གཞན་ལ་གནོད་པ་བྱ་བའི་སེམས་ཏེ། དེ་འཆང་བར་བྱེད་པ་ནི་དགྲ་བོ་རྣམས་ལ་སྡང་བར་བྱེད་པའོ། །དེ་བས་ན་འདོད་ཆགས་དང་། ཞེ་སྡང་དེ་དག་གིས་ལྷ་དང་ལྷ་མ་ཡིན་ཞེས་བྱ་བ་ནི། བདུད་རྩི་བསྟེན་པ་དང་མི་བསྟེན་པའི་བྱེ་བྲག་གི་ཁྱད་པར་གྱིས་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་ཚུན་ཆད་མིང་འདི་གཉིས་བྱུང་བར་གྱུར་པ་ཡིན་ནོ། །དེ་ཡང་འདི་ལྟར་ཐོས་ཏེ། ཚངས་པས་བསྒོ་བས་ཕྱོགས་གཅིག་ནས་ནི་ལྷ་རྣམས། ཕྱོགས་གཅིག་ནས་ནི་ལྷ་མ་ཡིན་རྣམས་འདུས་ནས་རི་བོ་མནྡ་རའི་སྟེང་ནས་ནི་ཁྱབ་འཇུག་གིས་གཟུང་། ཀླུའི་རྒྱལ་པོ་ནོར་རྒྱས༌ཀྱིས་སྲུབ་ཐག་བྱས་པ་ལས། འོག་ནས་ནི་རུས་སྦལ་གྱི་རྒྱབ་ཀྱིས་བསྟེན་ཏེ། འོ་མ་ཅན་གྱི་རྒྱ་མཚོ་ཆེན་པོ་བསྲུབས་པར་གྱུར་ཏོ། །དེ་ནས་ཤིན་ཏུ་འཇིགས་སུ་རུང་བའི་དུག་གི་སྐྱེས་བུ་ནག་པོ་བརྩེགས་པ་ཞེས་བྱ་བ་ཞིག་བྱུང་བར་གྱུར་པ་དང་། དེ་ཁྱབ་འཇུག་གིས་མིད་པར་གྱུར་པ་ན་དྲན་པ་སྟོར་ཏེ། ས་ལ་འགྱེལ་བར་གྱུར་ནས་ཅང་མི་སྨྲ་བར་གནས་པ་དང་། ལྷ་ཆེན་པོས་དེ་ལས་དྲངས་ཏེ་མགྲིན་པར་བཞག་པར་གྱུར་ཏོ། །དེས་དེའི་མགྲིན་པ་སྔོན་པོར་གྱུར་ཏོ། །དེ་ནས་ཟླ་བ་ཚེས་པ་བྱུང་བར་གྱུར་པ་དང་། དེ་ལྷ་ཆེན་པོས་བླངས་ཏེ་མགོ་ལ་གཞག་གོ། །དེ་ནས་དཔལ་མོ་ཞེས་བྱ་བ་བྱུང་སྟེ། རང་ཉིད་ཀྱིས་ཁྱབ་འཇུག་བླངས་ཏེ་འདུས་སོ། །དེའི་འོག་ཏུ་རྟ་མགྲིན་རིངས་དང་། ཤིང་ཡོངས་འདུ་ལ་སོགས་པ་བྱུང་སྟེ། དེ་དག་ནི་བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་ཀྱིས་ཅི་རིགས་པར་ཁྱེར་རོ། །དེ་ནས་བུད་མེད་ཤིན་ཏུ་ཡིད་དུ་འོང་བ་ཞིག་བྱུང་བ་དང་། དེ་དག་ལ་ཁྱེད་སུ་ཡིན་ཞེས་དྲིས་པ་དང་། ང་ནི་ཆང་ཞེས་བྱ་སྟེ། ང་འཐུངས་ན་མྱོས་པ་དང་། བརྒྱལ་བ་དང་། དྲེགས་པ་ལ་སོགས་པའི་རྣམ་པར་འགྱུར་བ་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་དང་། ལྷ་མ་ཡིན་རྣམས་འཇིགས་ནས་མ་འཐུངས་པ་དང་། ལྷ་མ་ཡིན་ཞེས་བྱ་བར་གྱུར་ལ། ལྷ་རྣམས་ཀྱིས་འཐུངས་པས་ནི་ལྷ་ཞེས་བྱ་བར་གྱུར་ཏོ། །བདུད་རྩི་བྱུང་བ་ན་སྣོད་ཆེན་པོ་བརྒྱད་གང་བ་ལྷ་མ་ཡིན་རྣམས་ཀྱིས་ཁྱེར་བར་གྱུར་པ་དང་། ལྷ་རྣམས་ཤིན་ཏུ་ཡི་མུག་པར་གྱུར་པ་ན་ཁྱབ་འཇུག་གིས་ཤིན་ཏུ་ཡིད་དུ་འོང་ཞིང་གཟུགས་བཟང་བའི་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ། དེར་སོང་བ་ལ་བརྒྱ་བྱིན་ཡང་མི་སྣང་བའི་གཟུགས་ཀྱིས་ནམ་མཁའ་ལ་འདུག་གོ། །དེའི་ཚེ་ལྷ་མ་ཡིན་རྣམས་ཀྱིས་འདི་ནི་ཁོ་བོ་ཅག་གི་བུད་མེད་ཡིན་ནོ་སྙམ་ནས། བདུད་རྩིའི་སྲུང་མར་གཞག་གོ། །རང་ཉིད་ནི་ཁྲུས་ལ་སོང་སྟེ་ཆོས་ཀྱི་བསྟན་བཅོས་ལས། མ་བཀྲུས་དྲི་མ་སྤྱོད་འགྱུར་བས། །ཁྲུས་མ་བྱས་པར་ཟས་མི་བཟའ། །ཞེས་སྨོས་པའི་ཕྱིར་དེ་དག་ཁྲུས་ལ་སོང་ངོ་། །སྐབས་དེར་ཁྱབ་འཇུག་དང་། བརྒྱ་བྱིན་གྱིས་བདུད་རྩི་བརྐུས་ཏེ་བརྒྱ་བྱིན་གྱི་ཁང་པར་ཁྱེར་རོ། །དེ་རྣམས་ཁྲུས་བྱས་ནས་སླར་ལོག་པ་དང་། བདུད་རྩི་མ་མཐོང་ནས་དེ་ཚོལ་བ་ལ་བརྩོན་པ་ན། ལྷ་རྣམས་ཀྱིས་ཁྱེར་རོ་ཞེས་ཐོས་ནས་ལྷ་རྣམས་ནི་སྟེང་དུ་འགྲོ་བ་ཡིན་པས། ལྷ་མ་ཡིན་མ་ཡིན་པ་བདེན་ནོ་སྙམ་མོ། །དེའི་ཚེ་ལྷ་རྣམས་བདུད་རྩི་ལ་ལོངས་སྤྱོད་པའི་ཕྱིར་འདུས་པ་དང་། སྒྲ་གཅན་འཛིན་ལྷའི་ཆ་ལུགས་སུ་བསྒྱུར་ཏེ། དེར་ཞུགས་ནས་བདུད་རྩིའི་སྐལ་བ་ཐོབ་པ་དང་། ཉི་མས་མཐོང་སྟེ། ཁྱབ་འཇུག་ལ་འདི་ནི་སྒྲ་གཅན་འཛིན་ནོ་ཞེས་སྨྲས་པ་དང་། དེས་འཁོར་ལོས་མགོ་བཅད་པར་གྱུར་ལ། འོན་ཀྱང་བདུད་རྩི་ལ་ལོངས་སྤྱོད་ཅིང་བལྡགས་པས་མགོ་ནི་དེང་སང་ན་ཡང་གནས་ལ། ལུས་ལྷག་མ་རྣམས་ནི་ཤི་བར་གྱུར་ཏོ། །དེ་ནས་སྒྲ་གཅན་འཛིན་དང་ཉི་མ་ཞེ་འགྲས་པར་གྱུར་པས། གང་གི་ཚེ། ཉི་མའི་དཀྱིལ་འཁོར་འགེབས་ཤིང་སྒྲིབ་པར་བྱེད་པ་ཡིན་ནོ་ཞེས་གཏམ་དུ་གྲག་གོ ། །ལྷ་དང་ལྷ་མ་ཡིན་གྱི་རིན་པོ་ཆེ་འཕྲོག་པ་ན། དེས་ཇི་ལྟར་བྱས་པ་དེ་བརྗོད་པར་བྱ་སྟེ། རྒྱལ་པོ་གསལ་བ་ཞེས་བྱ་བ་ལ་ས་མནྟ་ཀ་ཞེས་བྱ་བའི་ནོར་བུ་ཞིག་ཡོད་པར་གྱུར་ལ། དེ་ཁྱབ་འཇུག་གིས་བསླངས་པ་དང་། མ་བྱིན་པར་གྱུར་ནས་ཁྱབ་འཇུག་དཔུང་གི་ཚོགས་བཅུ་དགུ་དང་བཅས་པར་དེའི་དོན་དུ་གཡུལ་འགྱེད་དུ་སོང་ངོ་། །གསལ་བ་ཡང་ནོར་བུའི་མཐུ་ཡིད་ལ་བསམས་པ་ཙམ་གྱིས་དཔུང་གི་ཚོགས་སྟོབས་ཆེ་ཞིང་། ཕ་རོལ་གནོན་པ་དང་བཅས་པ་ཉི་ཤུ་དང་བཅས་ཏེ་གཡུལ་བཀྱེ་བ་དང་། དེ་ཁྱབ་འཇུག་ལས་རྒྱལ་ཏེ་གྱེས་སོ། །དུས་གཞན་ཞིག་ན་རྒྱལ་པོ་གསལ་བ་རི་དྭགས་ཤོར་དུ་སོང་བ་དང་། སེང་གེས་བསད་དོ། །དྲེད་ཀྱི་བདག་པོ་འཛམ་བུའི་བུ་ཞེས་བྱ་བས་སེང་གེའི་ལྐོག་མར་ནོར་བུ་ཡོད་པ་མཐོང་སྟེ། དེ་བསད་ནས་ཁྱེར་རོ། ། རིན་པོ་ཆེའི་དོན་དུ་ཁྱབ་འཇུག་གིས་རྒྱལ་པོ་གསལ་བ་བསད་དོ་ཞེས་གྲགས་པ་མ་ཡིན་པ་བྱུང་བར་གྱུར་པ་དང་། ཁྱབ་འཇུག་གིས་དེ་བཙལ་བའི་ཕྱིར་ལྷར་བཅས་བཏང་ནས། དེས་ཕུག་གཅིག་གི་ནང་ན་གཞོན་ནུ་མ་ངུ་བ་དང་། མ་མས་སྤྲོ་བསྲིང་བའི་ཕྱིར་སྨྲས་པ། གསལ་བ་སེང་གེས་བསད་གྱུར་ལ། །སེང་གེ་འཛམ་བུའི་བུ་ཡིས་བསད། །ཁྱེད་ཀྱིས་ས་མནྟ་ཀ་འདི། །གཞོན་ནུ་བཟང་མོ་མ་ངུ་ཞིག །དེ་ལྟ་བུའི་གཏམ་ཟེར་བ་ཐོས་ནས། དེ་ལ་བཟླས་པ་དང་། དེ་བླང་བའི་ཕྱིར་དེ་ཉིད་ཕོ་ཉར་བཏང་ངོ་། །ཕོ་ཉ་དེ་ཤིན་ཏུ་བློ་དང་ལྡན་ཞིང་དཀའ་བ་མེད་པས་ཐོབ་པར་བྱ་བའི་ཕྱིར་འཛམ་བུའི་བུ་མོ་ཁྱབ་འཇུག་གི་དོན་དུ་བླངས་སོ། །དྲེད་ཀྱི་བདག་པོས་ཀྱང་བུ་མོ་དང་། ནོར་ཡང་ངས་ཁྱེད་ལ་སྦྱིན་པར་བྱའོ་ཞེས་ཁས་བླངས་སོ། །ཁྱབ་འཇུག་ཁྲོས་ཏེ་སྨྲས་པ། བུ་མོས་ཅི་ཞིག་བྱ་སྟེ། འཐབས་ལ་འདི་བསད་དེ་དབྲོག་པར་བྱའོ། །ལྷར་བཅས་ཀྱིས་སྨྲས་པ། ང་རྒྱལ་བརྙས་དང་དེ་བཞིན་དུ། །ངོ་ཚ་གཟི་བྱིན་སྤངས་ནས་ནི། །བརྟན་པས་རང་དོན་བསྒྲུབ་བྱ་སྟེ། །རང་དོན་ཉམས་པ་གླེང་པ་ཡིན། །ཞེས་སྨྲས་པ་དང་། དེས་ཀྱང་དེའི་ཚིག་མཉན་ཏེ། ཐམས་ཅད་ཐོབ་པར་བྱས་སོ། །འཛམ་བུའི་བུ་ནི་ལྷ་མ་ཡིན་ཡིན་ཏེ། དྲེད་ཀྱི་གཟུགས་ཀྱིས་རྣམ་པར་རྒྱུ་བར་བྱེད་ལ། དེ་ལྟ་བུའི་རིན་པོ་ཆེ་ཡོད་པ་ཕྲོགས་པ་ཡིན་ནོ། །ལྷ་རྣམས་ཀྱི་རིན་པོ་ཆེ་ནི་བ་རི་ཛ་ཏ་ལ་སོགས་པ་སྟེ། དེ་ཡང་བརྒྱ་བྱིན་ལས་ཕྲོགས་པ་ཡིན་ཏེ། རིན་པོ་ཆེ་ཕྲོགས་པའི་སྙན་དངགས་ལས་གཏམ་དུ་གྲགས་པ་ལྟར་སྦྱར་བར་བྱའོ། །ཆགས་ཤིང་ཞེན་པའི་བློ་གྲོས་འདི་ལ་ཡོད་པས་ན་ཆགས་པའི་བློ་གྲོས་ཏེ། དེས་གཞན་དག་སླུ་བའི་ངན་གཡོ་བྱས་པར་གྱུར་ལ། དེས་ཀྱང་ས་དག་ཕྲོགས་པར་གྱུར་པ་སྟེ། དང་པོ་སྟོབས་ལྡན་གྱིས་ས་ཐམས་ཅད་དབང་དུ་བྱས་པར་གྱུར་པ་ལས། དེ་ལས་དབྲོག་པ ར་བྱའོ་སྙམ་དུ་ཆགས་པའི་བློ་སྐྱེས་པས། གང་གི་ཚེ་མིའུ་ཐུང་གི་གཟུགས་སུ་བསྒྱུར་ཏེ། ས་འཕྲོགས་པར་གྱུར་ལ་དེ་ལྟ་བུའི་འཕྲོག་པ་པོའི་རང་བཞིན་ཅན་དུ་གྱུར་ཅིང་། དེའི་ཚེ་འདོད་ཆགས་ལ་སོགས་པའི་འཆིང་བ་ལས་མ་གྲོལ་བར་གནས་པ་ཡིན་དུ་ཟིན་ཀྱང་། སྐྱེ་བོ་བླུན་པོ་ཤེས་རབ་དང་མི་ལྡན་པ་དག་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་པར་བྱེད་ཅིང་ཕྱག་འཚལ་བར་བྱེད་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཉིད་ནི་བག་ལ་ཉལ་གྱི་ཚོགས་རྣམས་ལས་རྣམ་པར་གྲོལ་བར་གྱུར་ཀྱང་སྐྱེ་བོ་ཕལ་ཆེར་ཕྱག་མི་འཚལ་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉོན་མོངས་པའི་ཚོགས་ལས་རྣམ་པར་གྲོལ་ཞིང་། དངོས་པོ་མ་ལུས་པའི་དོན་ཐུགས་སུ་ཆུད་ལ་ཕྱི་དང་ནང་ཞི་ཞིང་རྣམ་པར་དག་པ་ཡིན་དུ་ཟིན་ཀྱང་། ཕྱག་འཚལ་བར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། རྨོངས་པས་ཞེས་བྱ་བ་སྨོས་ཏེ། མི་ཤེས་པའི་མུན་པས་ཁེབས་པའི་ཕྱིར་བྱེ་བྲག་མི་ཤེས་པས་ཕྱག་འཚལ་བར་མི་བྱེད་དོ་ཞེས་བྱ་བའོ། །གཞན་ཡང་། སངས་རྒྱས་བཅོམ་ལྡན་འདས་ཉིད་བསོད་ནམས་ཀྱི་ཞིང་དམ་པ་ཡིན་གྱི། གཞན་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ས་ཆེན་པོ་ནི་ཤར་ལ་སོགས་པ་ན་གནས་པའི་རྒྱ་མཚོ་བཞི་པོའི་ཚོགས་ཡོན་ཏན་མང་པོ་དང་ལྡན་པས། སྐ་རགས་ལྟར་ཀུན་ནས་བསྐོར་ཏེ་གནས་པ་དེ་ཉིད་ནི་ཁུར་བུ་ལྟ་བུ་སྟེ། འདེགས་པར་དཀའ་བས་ན་ལྗིད་ཀྱིས་ལྕི་བར་འདུག་ཅིང་། དེས་ཤིན་ཏུ་སྙོམས་པ་ལྟར་གནས་པའི་ཕྱིར། ལྕི་ལྕི་ལྟར་འདུག་པའི་ས་དེ་ལྟ་བུ་དེ་སྟོབས་ལྡན་གྱིས་ཁྱབ་འཇུག་ལ་བྱིན་དུ་ཟིན་ཀྱང་། དེའི་འབྲས་བུ་སྡུག་བསྔལ་བས་ས་འོག་ཏུ་བཙོན་རར་བཅིངས་པས་བསྡམས་པའི་སྡུག་བསྔལ་བའི་གནས་སྐབས་ཐོབ་པར་གྱུར་པ་སྟེ། ཉོན་མོངས་ཤིང་སྡུག་བསྔལ་བས་བཅོམ་པའི་གནས་སྐབས་ཐོབ་ཅིང་མྱོང་བར་གྱུར་པ་ཡིན་ནོ། །འདིར་ཁྱད་པར་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་སའི་རྡུལ་ཙམ་ཕུལ་བས་ཀྱང་། རྒྱལ་པོ་མྱ་ངན་མེད་པ་ཞེས་བྱ་བར་གྱུར་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་པར་གྱུར་པ་དང་། ཁྱེའུ་རྒྱལ་བ་ཞེས་བྱ་བས་མཐོང་མ་ཐག་ཤིན་ཏུ་དད་པར་གྱུར་ནས་སྲང་བར་གྱི་ཕྱག་དར་ལས་སྙིམ་པ་གང་ཕུལ་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་ཁྱེའུ་འདི་མྱ་ངན་མེད་པ་ཞེས་བྱ་བ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཁྱེའུ་རྣམ་པར་རྒྱལ་བ་ལ་རྗེས་སུ་ཡི་རང་བར་བྱས་པས་དེའི་བློན་པོའི་མཆོག་ཤིང་རྟ་སྦས་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེས་ཐོབ་པའི་ས་གཞི་ཡང་ཇི་ལྟ་བུ་ཞེ་ན། ཟླ་བའི་དཀྱིལ་འཁོར་རྫོགས་པའི་འོད་ཟེར་གྱིས་ཁྱབ་པའི་ས་སྟེང་མ་ལུས་པ་མཐའ་དག་ཐོབ་ཅིང་། དེ་ཡང་དགེ་བ་སྟེ་དུས་མ་ཡིན་པར་འཆི་བ་དང་། མུ་གེ་དང་། ཡམས་ལ་སོགས་པའི་གནོད་པ་མེད་པ་དག་ཐོབ་པར་འགྱུར་བའོ། །དེ་ལྟར་ན་འདི་གཉིས་ཞིང་དང་ཞིང་མ་ཡིན་པའི་ཁྱད་པར་ལས་བསོད་ནམས་སུ་གྱུར་པར་སྟོན་ཏོ། །ཁྱེད་ནི་ཕྱོགས་སུ་ལྷུང་བས་དེ་སྐད་སྨྲ་བ་ཡིན་ནོ་སྙམ་པ་ལ། དེའི་ཕྱིར་བདག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། ཁོ་བོ་ནི་རྒྱུ་མེད་པའམ། ཉེས་པ་རྒྱུར་བྱས་ནས་སངས་རྒྱས་ཀྱི་ཕྱོགས་འཛིན་ཅིང་། ཕྱོགས་སུ་ལྷུང་བའང་མ་ཡིན་ལ། དྲང་སྲོང་སེར་སྐྱ་ལ་སོགས་མུ་སྟེགས་ཀྱི་སྟོན་པ་རྣམས་ལ་ཡང་སྡང་ཞིང་གནོད་པར་སེམས་པ་ཡང་མེད་དེ། རྒྱུ་མེད་པར་སྤྱིར་ཐམས་ཅད་དུ་སྙོམས་པར་ཉི་མ་ལྟར་གནས་པར་བྱ་བ་ཡིན་པས། གང་དག་གི་ཚིག་རིགས་པ་དང་ལྡན་ཞིང་། ཚད་མས་གཞལ་བར་བཟོད་པ་དེ་ཉིད་ལ་སྟོན་པ་ཉིད་དུ་ཡོངས་སུ་གཟུང་བར་བྱ་ཞིང་། དེ་ཉིད་ལ་དམ་པ་རྣམས་སྐྱབས་སུ་འགྲོ་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་འདི་ཐམས་ཅད་ནི་སྐྱབས་ཀྱི་འོས་མ་ཡིན་ཏེ། འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་དང་། ཉོན་མོངས་པའི་སྲིན་པོས་ཀུན་དུ་བསྟེན་པའི་ཕྱིར། ཚངས་པའི་སྲིན་པོས་གནས་སུ་བྱས་པའི་ཁང་པ་ལྟ་བུ་ཡིན་ནོ་ཞེས་དཔྱོད་པ་དང་ལྡན་པ་དག་འདོད་པས། དེའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བཞི་པོ་འདི་དག་གི་ནང་ནས་ངེས་པར་ན་འགའ་ཞིག་ཐམས་ཅད་མཁྱེན་པར་གྱུར་པ་ཡིན་གྱི། ཐམས་ཅད་ནི་མཐར་ཐུག་པ་མ་ཡིན་ཏེ། དེ་ཡང་ཇི་ལྟར་འོད་ཅན་རྣམས་ཀྱི་ནང་ན་ཉི་མ་ལྟ་བུ་དང་། མཚོ་ཕྲན་རྣམས་ཀྱི་ནང་ན་རྒྱ་མཚོ་ལྟ་བུ་དང་། རི་བོ་རྣམས་ཀྱི་ནང་ན་རི་རབ་ལྟ་བུར་བློ་དང་ལྡན་པ་རྣམས་ཀྱི་ནང་ན་ཐམས་ཅད་མཁྱེན་པ་ནི་ཁྱད་པར་དུ་འཕགས་པ་ཡིན་གྱི། གཞན་དག་ནི་ཤེས་བྱའི་དོན་ཐམས་ཅད་ཤེས་པ་མ་ཡིན་ནོ། །དེ་བཞིན་དུ་དེའི་བསྟན་པ་ཡང་འགྲོ་བ་ལ་གཅིག་ཏུ་ཕན་ཞིང་། བསྟན་པའི་ལུགས་ཤིན་ཏུ་རྒྱ་ཆེ་བ་ཡིན་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་བསྟན་པ་གང་ཞིག་ཉེ་བར་སྟོན་པ་དེ་ཉིད་བློ་དང་ལྡན་པས་བཙལ་བར་བྱ་བ་ཡིན་ནོ། །ཇི་ལྟ་བུའི་བློས་ཤེ་ན། བློ་གྲོས་ཞིབ་མོའི་མིག་གིས་བཙལ་བར་བྱ་སྟེ། དེ་ལ་བློ་གྲོས་ཉིད་ཕྲ་མོ་མཐོང་བའི་མིག་ཡིན་ཏེ། དེས་བཙལ་ཞིང་བརྟགས་ནས་བསྟེན་པར་བྱའི། གཞན་དག་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཞིང་། ཕུང་ཁྲོལ་ལ་མཁས་ལ། སེམས་ཅན་རྣམས་ལ་ཉེ་བར་གནོད་པར་བྱེད་པ་དེ་རྣམས་ལ༌བསྟེན་ཞིང་སྟོན་པར་བཟུང་བ་ཅི་ཞིག་མཁོ་སྟེ། དགོས་པ་ཅི་ཞིག་བྱེད། ཕན་པའི་དགོས་པ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གང་ཞིག་ལ་བསྟེན་ན་དགོས་པ་མ་ལུས་པ་འགྲུབ་པར་འགྱུར་ཞེ་ན། དེའི་ཕྱིར་འདིར་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྟོན་པ་གང་ལ་ཉོན་མོངས་པའི་སྐྱོན་བག་ཆགས་དང་བཅས་པ་མ་ལུས་པ་ཀུན་ཡོད་པ་མ་ཡིན་ལ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་མ་ལུས་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོད་པར་གྱུར་ན་དེ་ཉིད་ནི་བདག་གི་སྟོན་པ་ཡིན་ཞིང་། དེ་ཉིད་ཁོ་ན་འགྲོ་བ་མ་ལུས་པའི་སྐྱབས་ཡིན་གྱི། གཞན་ནི་མ་ཡིན་ཏེ། ཁོ་བོ་ནི་མིང་ཙམ་མ་བཟོད་པའི་ཕྱིར་དེ་སྐད་དུ་སྨྲ་བ་མ་ཡིན་གྱི། གཞན་དུ་ན་དོན་གྱི་ཉེས་པ་ཡོད་པ་ཡིན་ནོ། །དེས་ནི་འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་ལྷ་ཆེན་པོ་དང་། ཁྱབ་འཇུག་དག་ལ་ནི་ཇི་སྐད་བཤད་པའི་ཉེས་པ་ཡོད་པས་དེ་དག་སྟོན་པར་གྱུར་པ་མ་ཡིན་ནོ་ཞེས་སྨྲ་བ་ནི་རིགས་ན། ཚངས་པ་ལ་ནི་ཉེས་པ་འགའ་དང་ཡང་ལྡན་པ་མ་ཡིན་པས། དེའི་ཕྱིར་དེ་ནི་ས་མ་ལུས་པའི་སྟོན་པར་རིགས་པ་ཡིན་ནོ། །ཡང་ན་འདི་ལ་ཉེས་པ་ཡོད་ན་སྨྲོས་ཤིག་ཅེ་ན། དེ་བརྗོད་པར་བྱ་སྟེ། ཡང་དག་པར་ན་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ན། ཉེས་པའི་དྲི་མ་མ་ལུས་པ་འདི་ལ་མེད་དོ་ཞེས་བརྗོད་པར་ལྟ་ག་ལ་བྱ་སྟེ། ཉེས་པ་དེ་ཉིད་འདི་ལ་བརྒྱ་ཕྲག་ཡོད་དེ། ལྷ་འདི་གཉིས་དང་ཚངས་པ་མཚུངས་པ་ཉིད་དུ་བཤད་དེ། དེ་ཡང་ལྷ་མོ་ཨུ་མ་བག་མར་བླངས་པའི་ཚེ། ཁ་ཁྱེར་ལ་བསྐོར་བ་བྱེད་པ་ན། དེའི་གཟུགས་ཕུལ་དུ་བྱུང་བ་མཐོང་བས་སེམས་ཤོར་ཏེ་བརྒྱལ་ཞིང་། ཚངས་པ་ཁུ་བ་ཤོར་བར་གྱུར་ཏོ་ཞེས་གྲག་ལ། དེ་ནས་ངོ་ཚ་བས་རྐང་པས་མཉེས་པས་དུམ་བུ་བརྒྱ་ཕྲག་དུ་མར་གྱེས་པ་དང་། དེ་ལས་བྱིས་པ་བརྩེ་བ་ཞེས་བྱ་བའི་དྲང་སྲོང་སྟོང་ཕྲག་བརྒྱད་ཅུ་སྐྱེས་པར་གྱུར་ཏོ་ཞེས་བཤད་པ་དང་། ཚངས་པས་མཆོག་བྱིན་པ་ལས། ས་གསུམ་ལ༌སུན་དྷ་དང་། ཨུ་པ༌སུ ན་དྷ་ཞེས་བྱ་བ་སྤུན་གཉིས་ཀྱིས་ཤིན་ཏུ་གནོད་པ་བྱས་པ་དང་། དེ་དག་གསད་པའི་ཕྱིར་ལྷ་ཐམས་ཅད༌ཀྱིས་རང་གི་ལུས་ཀྱི་གཟི་བྱིན་གྱི་ཆ་བསྡུས་པ་ལས་ཐིག་ལེའི་མཆོག་མ་ཞེས་བྱ་བ་སྤྲུལ་ལ། དེ་ཇི་ཙམ་ན་ཚངས་པ་ལ་ཕྱག་བྱེད་པ་ན་དེ་ལ་ཆགས་པའི་དབང་གིས་ཚངས་པས་ངོས་བཞིར་གདོང་བཞི་སྤྲུལ་ལ། ལྷ་ཆེན་པོས་དེའི་མགོ་དབུས་མ་ནི་བཅད་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་འཆོལ་པའི་སྤྱོད་པ་མང་དུ་སྨོས་པ་ཡིན་ནོ། གཞན་ཡང་འདིའི་མིང་གི་རྗེས་ཐོགས་ལས་ཉེས་པ་གཞན་ཡང་འབྱུང་ཞིང་། གཞན་ཡང་ཁྱེད་རྣམས་ནི་ངས་སྤྲུལ་པ་ཡིན་ཞེས་ལོག་པ་ཉིད་དུ་བྱེད་པ་པོར་ཡང་སྟོན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འདི་དག་གི་ཚིག་ལ་ཉེས་པ་མང་པོ་ཡོད་པར་ཐོས་ཀྱི། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ནི་ཉེས་པའི་དྲི་མ་འགའ་ཡང་མངའ་བ་མ་ཡིན་ནོ། །དེ་ཡང་། མོས་ལྡན་ཕོངས་པ་ལས་འདོན་པ། །འཚོ་བའི་ཚེ་ན་མི་ནུས་ཀྱི། །དེ་ནི་འཆི་ནས་གདོན་བྱ་ཞེས། །ལྷ་དེ་སྨྲ་བ་བརྫུན་ཚིག་ཡིན། །མེས་ནི་རེག་པས་མི་ཚིག་གི། །དྲན་ན་ཚིག་ཅེས་གང་སྨྲ་བ། །གལ་ཏེ་ཚིག་དེ་བདེན་གྱུར་དམ། །འདི་གཉིས་ཀྱང་ནི་དེ་དང་འདྲ། །བཅོམ་ལྡན་ཡང་ནི་དེ་འདྲ་ན། །ལས་ཀྱི་བདག་ཉིད་ཅན་མི་གསུང་། །ཉི་མས་ས་ཡི་གཞི་ལྟ་བུར། །འགྲོ་བའི་རང་བཞིན་གསལ་བར་མཛད། །འཇིག་རྟེན་ལས་མིན་འབྲས་མི་སྤྱོད། །རང་གི་ཉོན་མོངས་ཀྱིས་ལས་བསགས། །དགེ་དང་མི་དགེས་འདོད་མི་འདོད། །འབྲས་སྐྱེད་ས་བོན་ལྟ་བུ་ཡིན། །ཆོས་ཀུན་ཡོངས་སུ་མཁྱེན་པ་དང་། །ཉེས་པ་ཐམས་ཅད་ཟད་པ་དང་། །སེམས་ཅན་ཀུན་ལ་ཕན་གྱུར་པ། །དེ་དག་ཐམས་ཅད་དེ་བཞིན་གཤེགས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར། །གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དཔག་ཏུ་མེད་པ་ཞེས་བྱ་བ་ནི་ཚད་མེད་པའོ། །ཐུགས་རྗེ་ཅན་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟེ། དེ་ཡང་ལྷའི་སྤྱན་རྣམ་པར་དག་པས་འཇིག་རྟེན་མ་ལུས་པ་ལ་རྒྱུན་དུ་རྣམ་པར་གཟིགས་པར་མཛད་དེ། དེ་ཡང་སངས་རྒྱས་ཀྱི་སྤྱན་གྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་འཇིག་རྟེན་རྣམས་ལ་གཟིགས་པར་མཛད་དོ་ཞེས་ཇི་སྐད་སྨོས་པ་ལྟ་བུའོ། །དེ་ལྟར་ཐུགས་རྗེ་ཆེན་པོ་དང་ལྡན་པས་འགྲོ་བ་འདི་དག་སྡུག་བསྔལ་ལས་གདོན་པར་མཛད་ཅིང་། སྐྱབས་དང་རྟེན་གྱི་དམ་པ་ཡིན་པས་དེ་ལ་སྐྱབས་སུ་མཆི་ཞིང་རྟེན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྟོད་པ་དེ་ཡོངས་སུ་བསྔོ་བའི་ཕྱིར། པདྨ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ནི་གཟུགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་དང་ལྡན་པའི་ཕྱིར། ཨུཏྤལ་སྔོན་པོ་ཁ་ཕྱེ་ཞིང་། འདབ་མ་རྒྱས་པ་ལྟར་དཀྱུས་རིང་ལ་མཛེས་པའི་སྤྱན་མངའ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གཟུགས་ཀྱི་སྐུའི་དབང་པོའི་མཆོག་ཡིན་པའི་ཕྱིར། སྤྱན་གྱི་མཚན་ཉིད་ཉེ་བར་མཚོན་པ་ཙམ་དུ་སྨོས་པ་ཡིན་ནོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡང་ཡིན་ཏེ། ཇི་ལྟར་ཆུ་ཀླུང་སྟོང་ཕྲག་དུ་མ་འབབ་པའི་རྟེན་དང་གནས་ནི་རྒྱ་མཚོ་ཡིན་པ་དང་འདྲ་བར་ཡོན་ཏན་གྱི་བསྟོད་པའི་ཆུ་ཀླུང་བརྒྱ་སྟོང་མང་པོ་འབྱུང་བའི་གནས་དང་གཞི་ནི་བཅོམ་ལྡན་འདས་ཡིན་ལ། དེ་ལྟ་བུའི་བསྟོད་པའི་གནས་སུ་གྱུར་པ་དེ་ལ་ཚུལ་དེ་ལྟར་བསྟོད་ཅིང་བསྔགས་པ་བརྗོད་པའི་བསྟོད་པའི་ཚིག་ལས། བདག་གིས་དགེ་བའི་རྩ་བ་བསྐྲུན་ཅིང་བསྐྱེད་པ་ཅུང་ཟད་ཅི་མཆིས་པའི་དགེ་བའི་རྩ་བ་འདིས། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་སྨོས་པ་ཡིན་ཏེ། འདིར་ངེས་པར་ལེགས་པ་ནི་བདེ་བ་ཁ་ན་མ་ཐོ་བ་མེད་པ་དང་། འགྲོ་བ་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །སྐྱོབ་ལ་ལྷ་ལས་ཕུལ་བྱུང་བར། །བསྟོད་པ་བདག་གིས་རྣམ་ཕྱེ་བས། །འདི་ལས་བསོད་ནམས་གང་བསགས་པ། །དེས་ནི་མྱ་ངན་འདས་ཐོབ་ཤོག །ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་རྒྱ་ཆེར་བཤད་པ། སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་ཛཱ༌རན་ད་ནའི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།

                                                                                                                                                                                                                 རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

                གསལ་འདེབས།
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་ གསལ་པོར་དགོད་པར་ཞུ།
       དྲ་བའི་སྦྲེལ་ཐགhttp://www.tb1025.cn

 


 

བརྒྱུད་འགོད།