བདུད་བཏུལ་བ་ལ་བསྟོད་པ།

ཡོང་ཁུངས།   རབ་དགའ་ལྷ།     སྤེལ་དུས།  2018-01-04 11:13:45     རྩོམ་པ་པོ།   དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  

 

 

IMG_4165.JPG
༄༅༅།།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསམ་གཏན་ཕྱིན་ཅི་ལོག་གིས་ཅི་ཞིག་དགོངས་མཛད་སྐད་ཅིག་ལེགས་པར་སྤྱན་དབྱེ་གཟིགས། །ལུས་མེད་མདའ་ཡིས་གཟིར་བའི་སྐྱེ་བོ་བད ག་ཅག་སྐྱོབ་པས་ཀྱང་ནི་བསྲུང་བར་མི་མཛད་ན། །ཐུགས་རྗེ་ལྡན་པ་ཕྱིན་ཅི་ལོག་གྱུར་ཁྱོད་ལས་མཆོག་ཏུ་མ་རུང་སྐྱེས་བུ་གཞན་མ་མཆིས། །ཕྲག་དོག་ལྡན་པ་བདུད་ཀྱི་བུད་མེད་དེ་སྐད་སྨྲ་ཡང་རྒྱལ་བ་སྐྱོབ་པ་བྱང་ཆུབ་གྱུར། །གཞན་ཡང་འདོད་དབང་གིས་ནི་ཀུན་དུ་གཞུ་བཀང་བདུད་གཞན་ལག་པ་མྱུར་བ་པ་ཊ་ཧ་སྒྲ་འཇེབས་དང་ལྡན། །དཔའ་བོ་སྨིན་མ་བསྐྱོད་དང་ཉེར་གཡོ་ལྟ་བུར་སྒེག་དང་འཛུམ་དང་རོལ་པ་མེད་རྣམས་ཀྱིས། །ཐུབ་དབང་སྐྱོབ་པ་བྱང་ཆུབ་མ་བརྙེས་བར་དུ་བསམ་གཏན་ལས་ནི་བསྐྱོད་མ་ནུས་པ་མཐོང་གྱུར་ནས། །ངོ་མཚར་གྱུར་པས་བ་སྤུ་ལངས་པའི་ལུས་ཀྱིས་གྲུབ་པ་རྣམས་དང་ཡན་ལག་མཆོག་རྣམས་འདུད། །རལ་པ་འཁྲུགས་ཤིང་ལྕེ་རྣམས་གཡོགས་ལ་ཀུན་དུ་བལྟམས་པས་གང་གི་ཐུགས་རྣམས་འཁྲུལ་པར་མ་གྱུར་ཅིང་། །རབ་གསལ་འདོད་ལྷའི་བདུད་རྣམས་རྩེ་མོ་མཆོག་དག་ལག་ཐོགས་གླང་པོ་རྟ་རྣམས་གདོང་ལྡན་སེང་གེ་དང་། །སྟག་གི་གདོང་རྣམས་རྩྭ་བཞིན་གྲངས་མེད་གྱུར་པ་འཁོར་བ་ཡིས་ནི་གང་ཞིག་བསྙེངས་པར་མ་གྱུར་པ། །དེ་ནི་ཀུན་ལ་གནོད་པའི་རྣམ་པ་འདྲེས་པ་མེད་པར་སྐྱོབ་པ་སངས་རྒྱས་ཐུབ་དབང་འཇིག་རྟེན་མགོན། །བདུད་བཏུལ་བ་ལ་བསྟོད་པ། རབ་དགའི་ལྷའི་ཞལ་སྔ་ནས་མཛད་པ་རྫོགས་སོ།།།།

བསྡུར་མཆན།            མཚན་བྱང་འདི་སྒྲིག་པ་པོས་བཀོད་ཅིང་།《སྡེ་》བདུད་བཏུལ་བ་ལ་བསྟོད་པ་བཞུགས་སོ།།《པེ་》+མངྒ་ལཾ།



                                རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

    གསལ་འདེབས།
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་ གསལ་པོར་དགོད་པར་ཞུ།
      དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།