ཉི་ཤུ་བའི་ཚིག་ལེའུར་བྱས་པའི་མཆན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-24 21:18:31     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

微信图片_20170609220359.jpg

 ༄༅། །རྒྱ་གར་སྐད་དུ། བིངྴཀ་ཀཱ་རི་ཀ། བོད་སྐད་དུ། ཉི་ཤུ་བའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །མདོ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པའི་ཕྱིར་དང་། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་རྣམ་པར་རིག་པ་ཞེས་བྱ་བ་རྣམས་མིང་གི་རྣམ་གྲངས་སུ་གསུངས་སོ། །དེས་ན་རྩ་བར། འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །ཞེས་གསུངས། ཕྱི་ནང་གི་སྣོད་བཅུད་འདི་དག་རྣམ་པར་རིག་པ་ཙམ་ཉིད་ཡིན་པས། ཕྱི་རོལ་དོན་དུ་ཡོད་པ་མ་ཡིན་ཡང་བག་ཆགས་ཀྱི་དབང་གིས་ཕྱི་རོལ་དོན་དུ་སྣང་བའི་ཕྱིར། དོན་ལ་མེད་ཀྱང་དེ་དག་གི་སྣང་བ་འབྱུང་བ་མི་འགལ་ཏེ། རབ་རིབ་ཅན་འགའ་ཞིག་ལ་སྐྲ་ཤད་དང་ཟླ་བ་གཉིས་ལ་སོགས་པ་མེད་ཀྱང་དེ་དག་གི་སྣང་བ་འབྱུང་བ་བཞིན་ནོ། །དེ་ལ་རྩོད་པ། གལ་ཏེ་རྣམ་རིག་དོན་མིན་ན། །ཡུལ་དང་དུས་ལ་ངེས་མེད་ཅིང་། །སེམས་ཀྱང་ངེས་མེད་མ་ཡིན་ལ། །བྱ་བ་བྱེད་པའང་མི་རིགས་འགྱུར། ཞེས་བྱུང་། ཁ་ཅིག་ན་རེ། ཕྱི་རོལ་གྱི་དོན་གང་ཡང་མེད་པར་ཐམས་ཅད་རྣམ་པར་རིག་པ་ལ་སྣང་བ་ཙམ་དུ་འདོད་ན། རྩི་ཤིང་ནགས་ཚལ་སོགས་ཡུལ་དང་དུས་ལ་ལྟོས་པ་མེད་པར་སྐྱེ་བར་འགྱུར་ན། ཅིའི་ཕྱིར་ཡུལ་ལ་ལར་དེ་དག་སྐྱེ་ལ། ཡུལ་ལ་ལར་དེ་དག་མི་སྐྱེ། ཅིའི་ཕྱིར་དུས་ལ་ལར་སྐྱེ་ལ། དུས་ལ་ལར་དེ་དག་མི་སྐྱེ། ཅིའི་ཕྱིར་རབ་རིབ་ཅན་གྱི་སེམས་ལ་སྐྲ་ཤད་སོགས་སྣང་གི་མིག་གསལ་བ་དག་ལ་ཇི་ལྟར་མི་སྣང་། འདི་དག་ཕྱི་རོལ་དོན་དུ་མེད་པར་འདྲ་ན། ཡུལ་དང་དུས་ངེས་པ་མེད་པ་དང་། སེམས་ལ་ངེས་པ་མེད་པ་དང་། བྱ་བྱེད་འདི་དག་ཀྱང་མི་འབྱུང་བར་འགྱུར་རོ་ཞེ་ན། ལན་ནི། ཡུལ་ལ་སོགས་པ་དེས་འགྲུབ་སྟེ། །རྨི་འདྲའོ་སེམས་ཀྱང་ངེས་པ་མེད། །ཡི་དྭགས་བཞིན་ཏེ་ཐམས་ཅད་ཀྱིས། །ཀླུང་ལ་རྣག་ལ་སོགས་མཐོང་བཞིན། །བྱ་བྱེད་རྨི་ལམ་གནོད་པ་འདྲ། །ཐམས་ཅད་སེམས་ཅན་དམྱལ་བ་བཞིན། །དམྱལ་བའི་སྲུང་མ་སོགས་མཐོང་དང་། །དེ་དག་གི་ནི་གནོད་ཕྱིར་རོ། །ཇི་ལྟར་དུད་འགྲོ་མཐོ་རིས་སུ། །འབྱུང་བ་དེ་ལྟར་དམྱལ་བ་མིན། །ཡི་དྭགས་མིན་ཏེ་འདི་ལྟ་བུར། །དེ་ཡང་སྡུག་བསྔལ་དེས་མི་མྱོང་། །གལ་ཏེ་དེ་ཡི་ལས་ཀྱིས་དེར། །འབྱུང་བ་དག་ནི་འབྱུང་བ་དང་། །དེ་བཞིན་འགྱུར་བར་འདོད་ན་གོ །རྣམ་པར་ཤེས་པར་ཤིས་མི་འདོད། །གཞན་ན་ལས་ཀྱི་བག་ཆགས་ལ། །འབྲས་བུ་དག་ནི་གཞན་དུ་རྟོག །གང་ན་བག་ཆགས་ཡོད་པ་དེར། །ཅི་ཡི་ཕྱིར་ན་འདོད་མི་བྱ། །ཞེས་གསུངས། ཕྱི་དོན་མེད་ཀྱང་ཡུལ་ངེས་པ་དང་། དུས་ངེས་པ་དང་། སེམས་ངེས་པ་དང་། བྱ་བ་བྱེད་པ་དག་མི་རུང་བ་མ་ཡིན་ཏེ། འདི་བཞི་ནི་རྨི་ལམ་དང་མཚུངས་པས་སོ། །ཇི་ལྟར་ཞེ་ན། རྨི་ལམ་ན་དོན་མེད་པར་ཡང་ཡུལ་ལ་ལ་ན་གྲོང་དང་། ཀུན་དགའ་ར་བ་དང་། གླང་པོ་ཆེ་ཁྱུ་འཁྲིགས་པ་སོགས་པ་སྣང་ལ་དུས་ཐམས་ཅད་དུ་ཡང་མ་ཡིན་པས། དོན་མེད་པར་ཡང་ཡུལ་དང་དུས་ལ་སོགས་པ་བཞག་ཏུ་རུང་བ་ཡིན་ནོ། །ཡི་དྭགས་རྣམས་ཀྱི་སྣང་བ་དང་མཚུངས་པས་ཡི་དྭགས་བཞིན་ནོ། །ཇི་ལྟར་ན། ལས་ཀྱི་རྣམ་པར་སྨིན་པ་མཚུངས་པ་ལ་གནས་པའི་ཡི་དྭགས་འགའ་ཞིག་གིས་ཆུ་ཀླུང་དག་ལ་རྣག་ཏུ་མཐོང་ཞིང་། ཡི་དྭགས་ལ་ལས་ཆུ་ཀླུང་དག་ལ་དབྱིག་པ་དང་རལ་གྲི་ཐོགས་པའི་མི་དག་གིས་བསྲུང་བར་མཐོང་བ་བཞིན་ནོ། །ཡང་སེམས་ཅན་དམྱལ་བ་པ་དག་གིས་དམྱལ་བའི་སྲུང་མ་སོགས་མཐོང་བ་ལྟ་བུ་སྟེ། འགྲེལ་བར། དེ་དག་གིས་དེ་དག་ལ་གནོད་པ་ཡང་འགྲུབ་སྟེ། དངོས་པོ་ལ་སེམས་ཅན་དམྱལ་བའི་སྲུང་མ་ལ་སོགས་པ་མེད་པར་ཡང་རང་གི་ལས་ཀྱི་རྣམ་པརསྨིན་པ་མཚུངས་པའི་དབང་གི་ཕྱིར་རོ། །ཅིའི་ཕྱིར་སེམས་ཅན་དམྱལ་བའི་སྲུང་མ་དང་། བྱ་རོག་དང་། ཁྱི་ལ་སོགས་པ་དེ་དག་སེམས་ཅན་དུ་མི་འདོད་ཅེ་ན། མི་རིགས་པའི་ཕྱིར་རོ། །དེ་དག་ནི་སེམས་ཅན་དམྱལ་བར་མི་རིགས་ཏེ། དམྱལ་བའི་སྡུག་བསྔལ་དེས་མ་མྱོང་བའི་ཕྱིར་རོ། །ཞེས་དང་། སྤྱོད་འཇུག་ལས་ཀྱང་། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་སོ། །གལ་ཏེ་རྣམ་པར་ཤེས་པ་ཉིད་གཟུགས་ལ་སོགས་པར་སྣང་གིས། ཕྱི་རོལ་དོན་གྱི་གཟུགས་ལ་སོགས་པའི་ཕུང་བོ་དང་སྐྱེ་མཆེད་སོགས་མེད་ན། བཅོམ་ལྡན་འདས་ཀྱིས་ཕུང་ཁམས་སྐྱེ་མཆེད་སོགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ཅི་ཞེ་ན། །གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་གསུངས། འགྲེལ་བར། དཔེར་ན་བཅོམ་ལྡན་འདས་ཀྱིས་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་ཡང་ཕྱི་མ་ལ་སེམས་ཀྱི་རྒྱུན་མི་འཆད་པ་ལ་དགོངས་ནས་དགོས་པའི་དབང་གིས་གསུངས་པ་སྟེ། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་བྱུང་། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པར་གསུངས་པ་ཡང་། དེ་བསྟན་པས་འདུལ་བའི་སྐྱེ་བོའི་ཆེད་དུ་སྟེ། བཀའ་དེ་ནི་དགོངས་པ་ཅན་ནོ། །འདིར་ཅི་ལས་དགོངས་ཤེ་ན། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དག་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །འདི་སྐད་དུ་བསྟན་པར་འགྱུར་ཞེ་ན། གཟུགས་སུ་སྣང་བའི་རྣམ་པར་རིག་པ་རང་གི་ས་བོན་འགྱུར་བའི་བྱེ་བྲག་ཏུ་གྱུར་བ་གང་ལས་བྱུང་བའི་ས་བོན་དེ་དང་། སྣང་བ་གང་ཡིནཔ་དེ་དང་དེ་དག་ནི་དེའི་མིག་དང་། གཟུགས་ཀྱི་སྐྱེ་མཆེད་དུ་བཅོམ་ལྡན་འདས་ཀྱི་གོ་རིམ་བཞིན་དུ་གསུངས་སོ། །དེ་བཞིན་དུ་རེག་བྱར་སྣང་བའི་རྣམ་པར་རིག་པའི་བར་དུ་རང་རང་གི་ས་བོན་འགྱུར་བའི་བྱེ་བྲག་ཏུ་གྱུར་བའི་བྱེ་བྲག་ཏུ་གྱུར་བའི་ས་བོན་གང་ལས་བྱུང་བའི་ས་བོན་དེ་དང་། སྣང་བ་གང་ཡིན་པ་དེ་དང་དེ་དག་ནི་བཅོམ་ལྡན་འདས་དེའི་ལུས་དང་རེག་བྱའི་སྐྱེ་མཆེད་དུ་གོ་རིམ་བཞིན་དུ་གསུངས་ཏེ། འདི་ནི་འདིར་དགོངས་པའོ། །ཞེས་སོ། །དེ་ལྟར་གང་ཟག་བདག་མེད་པར། །འཇུག་པར་འགྱུར་རོ་གཞན་དུ་ཡང་། །བསྟན་པས་ཆོས་ལ་བདག་མེད་པར། །འཇུག་འགྱུར་བརྟགས་པའི་བདག་ཉིད་ཀྱིས། དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །དེ་དག་འདུས་པའང་མ་ཡིན་ཏེ། །འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །རྡུལ་ཕྲན་སྦྱོར་བ་མེད་ན་ནི། །དེ་འདུས་ཡོད་པ་དེ་གང་གིས། །ཆ་ཤས་ཡོད་པ་མ་ཡིན་པས། །དེ་སྦྱོར་མི་འགྲུབ་མ་ཟེར་ཅིག །གང་ལ་ཕྱོགས་ཆ་ཐ་དད་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ་། །གྲིབ་དང་སྒྲིབ་པར་ཇི་ལྟར་འགྱུར། །གོང་བུ་གཞན་མིན་དེ་དེའི་མིན། །གཅིག་ན་རིམ་གྱིས་འགྲོ་བ་མེད། །ཟིན་དང་མ་ཟིན་ཅིག་ཅར་མེད། །རིས་ཆད་དུ་མར་གནས་པ་དང་། །མིག་གིས་མི་གསོད་ཕྲ་བའང་མེད། །མངོན་སུམ་བློ་ནི་རྨི་སོགས་བཞིན། །དེ་ཡང་གང་ཚེ་དེ་ཡི་ཚེ། །ཁྱོད་ཀྱི་དོན་དེ་མི་སྣང་ན། དེ་ནི་མངོན་སུམ་ཇི་ལྟར་འདོད། །དཔེར་ན་དེར་སྣང་རྣམ་རིག་བཞིན། །བཤད་ཟིན་དེ་ལས་དྲན་པར་ཟད། །རྨི་ལམ་མཐོང་བ་ཡུལ་མེད་པར། །མ་ཟད་པར་དུ་རྟོགས་མ་ཡིན། །གཅིག་ལ་གཅིག་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་ངེས། །སེམས་ན་གཉིད་ཀྱིས་ནོན་པས་ན། །དེ་ཕྱིར་རྨི་དང་འབྲས་མི་མཚུངས། །འཆི་བ་གཞན་གྱི་རྣམ་རིག་གིས། །བྱེ་བྲག་ལས་ཏེ་དཔེར་བྱ་ན། །འདྲེ་ལ་སོགས་པའི་ཡིད་དབང་གིས། །གཞན་གྱི་དྲན་ཉམས་འགྱུར་སོགས་བཞིན། །དྲང་སྲོང་ཁྲོས་བས་དནྟེ་ཀའི། །དགོན་པ་ཇི་ལྟར་སྟོང་བར་འགྱུར། །ཡིད་ཉེས་ཁ་ན་མ་ཐོ་ཆེར། །དེ་ཡིས་ཇི་ལྟར་འགྲུབ་པར་འགྱུར། །གཞན་སེམས་རིག་པའི་ཤེས་པ་ནི། །དོན་བཞིན་མ་ཡིན་ཇི་ལྟར་དཔེར། །རང་སེམས་ཤེས་པས་སངས་རྒྱས་ཀྱི། །སྤྱོད་ཡུལ་ཇི་བཞིན་མ་ཤེས་ཕྱིར། །རྣམ་རིག་ཙམ་དུ་གྲུབ་པ་འདི། །བདག་གིས་བདག་གི་མཐུ་འདྲ་བར། །བྱས་ཀྱི་དེ་ཡི་རྣམ་པ་ཀུན། །བསམ་ཡས་སངས་རྒྱས་སྤྱོད་ཡུལ་ལོ། །ཉི་ཤུ་བའི་ཚིག་ལེའུར་བྱས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྤར་འདི་ཁ་སྒང་ཨོ་སྭོ་བཀྲ་ཤིས་ཆོས་རྫོང་དུ་བཞུགས།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn         

བརྒྱུད་འགོད།