སུམ་ཅུ་པའི་ཚིག་ལེའུར་བྱས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-24 21:15:22     རྩོམ་པ་པོ།   སློབ་དཔོན་དབྱིག་གཉེན།    ཀློག་ཐེངས།  

 201106090145081406 (1).jpg

༄༅། །རྒྱ་གར་སྐད་དུ། ཏྲངྴཀ་ཀཱ་རི་ཀཱ། བོད་སྐད་དུ། སུམ་ཅུ་བའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །དེ་ཡང་འཇིག་རྟེན་ན། བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་བྱུང་བ། །དེ་ནི་རྣམ་པར་ཤེས་པར་གྱུར། །རྣམ་རིག་ཙམ་དུ་གྱུར་བ་དེ་ཡང་རྣམ་གསུམ་སྟེ། །རྣམ་པར་སྨིན་དང་ངར་སེམས་དང་། །ཡུལ་ལ་རྣམ་པར་རིག་པའོ། །དེ་ལ་ཀུན་གཞི་རྣམ་ཤེས་ནི། །ངོ་བོའི་དབང་དུ་བྱས་ན། རྣམ་སྨིན་ས་བོན་ཐམས་ཅད་པ། །རྣམ་སྨིན་གྱི་ཀུན་གཞི་རྣམ་ཤེས། །དེ་ནི་ལེན་པ་དག་དང་གནས། །སློབ་དཔོན་བློ་གྲོས་བརྟན་པའི་འགྲེལ་བ་ལས། གཟུགས་མེད་པའི་ཁམས་ན་ནི། གཟུགས་སུ་རྣམ་པར་སྨིན་པ་མངོན་པར་མི་འགྲུབ་པས་མིང་གཞི་ལེན་པ་ཉིད་དེ། འོན་ཀྱང་དེ་ནི་གཟུགས་ཀྱི་བག་ཆགས་ཀྱི་དུས་ཉིད་དེ། རྣམ་པརསྨིན་པའི་དུས་ནི་མ་ཡིན་ནོ། །ལེན་པ་དེ་ལ་འདི་ནི་འདིའོ་ཞེས་རིག་པར་མི་ནུས་པ་དེའི་ཕྱིར་མི་རིག་པ་ཞེས་བྱའོ། །གནས་ཀྱི་རྣམ་པར་རིག་པ་ནི། སྣོད་ཀྱི་འཇིག་རྟེན་གནས་པར་རྣམ་པར་རིག་པ་སྟེ། ཞེས་སོ། །དེ་ནི་སེམས་བྱུང་གང་དང་མཚུངས་པར་ལྡན་ཞེ་ན། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་སྟེ། །ཚོར་བ། དེ་ནི་མ་བསྒྲིབས་ལུང་མ་བསྟན། །རིག་ལ་སོགས་པའང་དེ་བཞིན་ནོ། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ། །འདི་ནི་གྱུར་བ་དང་པོའོ། །ཉོན་ཡིད་ནི་ཀུན་གཞི། དེ་ལ་གནས་ཏེ་རང་འབྱུང་ཞིང་། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །ཉོན་ཡིད་ཀྱི་ངོ་བོ་ནི། བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །འཁོར་དུ་སེམས་བྱུང་དགུ་ཡོད་དེ། ཀུན་འགྲོ་ལྔ་དང་། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །གང་ཞེ་ན། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཏུ་ཆགས་པའོ། །ཉོན་ཡིད་འཁོར་བཅས་ས་གང་དུ་གཏོགས་ཞེ་ན། །གང་དུ་སྐྱེས་པ་དེ་ཡིའོ། །རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །འཇིག་རྟེན་འདས་པའི་ལམ་ནའང་མེད། །འདི་ནི་གྱུར་བ་གཉིས་པའོ། །འགྲེལ་བ་ལས། དེ་ནི་སྲིད་པའི་རྩེ་མོའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་བཞིན་དུ། དགྲ་བཅོམ་པ་ཉིད་ཐོབ་པ་ན་པར་ཆད་མེད་པའི་ལམ་ཉིད་ཀྱིས་སྤོང་སྟེ། དེ་ནི་དགྲ་བཅོམ་པ་ཉིད་ཀྱི་ཚེ་ན་ཉོན་མོངས་གཞན་བཞིན་དུ་མེད་དོ། །འགོག་པའི་སྙོམས་པར་འཇུག་པའི་དུས་ན་ཡང་ལམ་བཞིན་དུ་འགག་པར་འགྱུར་རོ། །འགོག་པ་ལས་ལངས་ནས་ཡང་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་ངོ་། །གཉེན་པོ་དང་མི་མཐུན་པའི་ཕྱོགས་གཉིས་ཅིག་ཅར་དུ་མེད་པས་འཇིག་རྟེན་ལས་འདས་པའི་ལམ་ན་དེ་མེད་དོ། །ཞེས་སོ། །གྱུར་བ་གསུམ་པ་འཇུག་ཤེས་དྲུག་ནི། །གསུམ་པ་ཡུལ་རྣམ་དྲུག་པོ་ལ། །དམིགས་པ་གང་ཡིན་དེ་དག་སྟེ། །འཇུག་ཤེས་དྲུག་གི་སེམས་དང་སེམས་ལས་བྱུང་བ་འདི་དག་ནི་མཐའ་གཅིག་ཏུ། དགེ་དང་མི་དགེ་གཉིས་ཀ་མིན། ཅི་སྟེ་ཞེ་ན། འཇུག་ཤེས་སེམས་དང་སེམས་ལས་བྱུང་བ་དག་ལ་དགེ་བ་དང་། མི་དགེ་བ་དང་། བསྒྲིབ་ལུང་མ་བསྟན་དང་། མ་བསྒྲིབ་ལུང་བསྟན་ཀྱང་ཡོད་དེ། །ཀུན་ཏུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང་། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཚོར་བ་གསུམ་དང་དེ་མཚུངས་ལྡན། །དང་པོའི་རེག་ལ་སོགས་པ་དང་། །འདུན་མོས་དྲན་དང་བཅས་པ་དང་། །ཏིང་ངེ་འཛིན་བློ་བྱེ་བྲག་ངེས། །དད་དང་ངོ་ཚ་ཁྲེལ་ཡོད་དང་། །མ་ཆགས་ལ་སོགས་གསུམ་བརྩོན་འགྲུས། །ཤིན་ཏུ་སྦྱངས་དང་བག་ཡོད་བཅས། །རྣམ་མི་འཚེ་དགེ་ཉོན་མོངས་ནི། །འདོད་ཆགས་ཁོང་ཁྲོ་གཏི་མུག་དང་། །ང་རྒྱལ་ལྟ་བ་ཐེ་ཚོམ་མོ། །ཁྲོ་དང་ཁོན་དུ་འཛིན་པ་དང་། །འཆབ་དང་འཚིག་དང་ཕྲག་དོག་དང་། །སེར་སྣ་དང་ནི་རྒྱུ་བཅས་དང་། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་རྨུགས་དང་རྒོད་པ་དང་། །མ་དད་པ་དང་ལེ་ལོ་དང་། །བག་མེད་པ་དང་བརྗེད་ངེས་དང་། །རྣམ་གཡེང་ཤེས་བཞིན་མ་ཡིན་དང་། །འགྱོད་དང་གཉིས་ཀྱང་དེ་བཞིན་ཏེ། །རྟོག་པ་དང་ནི་དཔྱོད་པའོ། །ཉེ་བའི་ཉོན་མོངས་གཉིས་རྣམ་གཉིས། སེམས་བྱུང་འདི་རྣམས་ཀྱི་ངོ་བོ་ནི། འགྲེས་རྐང་རྣམ་བཤད་དང་། ཆོས་གསུམ་གྱི་རྣམ་བཞག་དག་ལས་གསལ་བར་བཤད་ཟིན་པས་འདིར་མི་འབྲིའོ། གཉིས་རྣམ་གཉིས། ཞེས་པ་ནི། རྟོག་དཔྱོད་གཉིས་དང་། འགྱོད་གཉིད་གཉིས་ལ་ཉོན་མོངས་པ་དང་དེ་མ་ཡིན་པ་གཉིས་གཉིས་ཡོད་ཅེས་པའོ། དབང་ཤེས་ལྔ་རྣམས་རྩ་བའི་རྣམ་ཤེས་ལས། །ཇི་ལྟའི་རྐྱེན་ལས་འབྱུང་བ་ནི། གཉིས་དང་གསུམ་ལ་སོགས་པའི། རྣམ་ཤེས་ལྷན་ཅིག་གམ་མ་ཡིན། དབང་པོའི་རྣམ་ཤེས་རེ་རེ་བའང་ཀུན་གཞི་རྣམ་ཤེས་ལས་འབྱུང་ངོ་། དེ་ཡང་དཔེར་ན། ཆུ་ལ་རླབས་རྣམས་ཇི་བཞིན་ནོ། །ཇི་སྐད་དུ། དགོངས་འགྲེལ་བློ་གྲོས་ཡངས་པས་ཞུས་པ་ལས། བློ་གྲོས་ཡངས་པ། དཔེར་ན། ཆུ་བོའི་ཆུ་རྒྱུན་ཏུ་འབབ་པ་ལས། གལ་ཏེ་རླབས་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་རླབས་གཅིག་འབྱུང་ངོ་། །གལ་ཏེ་གཉིས་སམ་གསུམ་མམ། རླབས་མང་པོ་འབྱུང་བའི་རྐྱེན་ཉེ་བར་གནས་ན་ཡང་རླབས་མང་པོ་འབྱུང་སྟེ། ཆུ་བོའི་ཆུ་རྒྱུན་ཡང་ཆད་པར་མི་འགྱུར་ལ། དེ་བཞིན་དུ་བློ་གྲོས་ཡངས་པ། རླབས་དེའི་ཆུ་བོའི་གནས་ལྟ་བུའི་ཀུན་གཞི་རྣམ་པར་ཤེས་པ་ལ་ཀུན་ཏུ་བརྟེན་ཅིང་རབ་ཏུ་གནས་ནས། གལ་ཏེ་མིག་གི་རྣམ་པར་ཤེས་པ་གཅིག་བུ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་མིག་གི་རྣམ་པར་ཤེས་པ་གཅིག་བུ་འབྱུང་ངོ་། གལ་ཏེ་རྣམ་པར་ཤེས་པ་གཉིས་སམ་གསུམ་མམ་ལྔ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་གཉིས་སམ་གསུམ་མམ་ལྔའི་བར་དུའང་འབྱུང་བར་རོ། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་སོ། ད་ནི་འདི་བརྗོད་པར་བྱ་སྟེ། ཅི་ཡིད་ཀྱི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་དང་ལྷན་ཅིག་འབྱུང་ངམ། འོན་ཏེ་དེ་དག་མེད་པར་ཡང་འབྱུང་སྙམ་ན། འདི་སྤྱིར་བཏང་དང་དམིགས་བསལ་གཉིས་ལས། །ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་དང་། སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ད་ནི་བདག་དང་ཆོས་སུ་ཉེ་བར་འདོགས་པའི་རྣམ་པར་ཤེས་པར་གྱུར་བའི་ཚུལ་བརྗོད་པར་བྱ་སྟེ། རྣམ་པར་ཤེས་པར་གྱུར་བ་འདི། །རྣམ་རྟོག་ཡིན་ཏེ་དེ་ཡིས་གང་། །རྣམ་བརྟགས་དེ་མེད་དེས་ན་འདི། །ཐམས་ཅད་རྣམ་པར་རིག་པ་ཙམ། །རྣམ་ཤེས་ས་བོན་ཐམས་ཅད་པ། །ཕན་ཚུན་དག་གི་དབང་གིས་ན། །དེ་ལྟ་དེ་ལྟར་འགྱུར་བར་འགྲོ། །དེས་ན་རྣམ་རྟོག་དེ་དེ་སྐྱེ། །ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པསསྔ་མ་ཡིས། །རྣམ་པར་སྨིན་པ་ཟད་ནས་གཞན། །རྣམ་སྨིན་སྐྱེད་པ་དེ་ཡིན་ནོ། །འདིར་མཚན་ཉིད་གསུམ་བསྟན་པ་ལ། དང་པོ་ཀུན་བརྟགས་ནི། ནམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟག་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་མེད་དེ་མེད་དོ། །གཞན་དབང་ནི། །གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། དེ་ལ་ཀུན་རྟོག་ནི། དགེ་མི་དགེ་ལུང་མ་བསྟན་པའི་བྱེ་བྲག་ཐ་དད་པ་ཁམས་གསུམ་གྱི་ཀུན་རྟོག་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། ཞེས་གསུངས་པ་ལྟ་བུའོ། ཡོངས་གྲུབ་ནི། །གྲུབ་ནི་དེ་ལ་སྔ་མ་དེ། །རྟག་ཏུ་མེད་པར་གྱུར་པ་གང་། །དེ་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་མ་ཡིན་པའང་མིན། །མི་རྟག་པ་སོགས་བཞིན་དུ་བརྗོད། །དེ་མ་མཐོང་པར་དེ་མི་མཐོང་། །ཆོས་ཅན་གཞན་དབང་དང་། དེ་ཀུན་བརྟགས་པ་ལྟར་སྟོང་པའི་ཡོངས་གྲུབ་གཉིས་ངོ་བོ་གཅིག་ཀྱང་མཚན་ཉིད་ཐ་དད་པ་སྟེ། དཔེར་ན། སྡུག་བདེན་དང་དེ་ལ་བརྟེན་པའི་མི་རྟག་སྡུག་བསྔལ་ལྟ་བུའོ། འགྲེལ་བར། དེའི་ཕྱིར་ཡོངས་སུ་གྲུབ་པ་མ་མཐོང་བར་གཞན་གྱི་དབང་མི་མཐོང་སྟེ། ཞེས་གསུངས་ལ། དེ་ཡང་གཞན་དབང་ཕྱི་རོལ་དོན་དུ་མེད་ཀྱང་ཕྱི་དོན་དུ་སྣང་བ་སྒྱུ་མ་ལྟ་བུར་མཐོང་པ་ལ། སྔོན་དུ་ཕྱི་དོན་དུ་མེད་པའི་ཡོངས་གྲུབ་རྟོགས་དགོས་ཏེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་སྒྱུ་དང་རྨི་ལམ་དང་མིག་ཡོར་དང་བྲག་ཆ་དང་ཆུ་ཟླ་དང་སྤྲུལ་བ་དང་མཚུངས་པར་མཐོང་ངོ་ཞེས་གསུངས་པ་ལྟ་བུའོ། གལ་ཏེ་གཞན་དབང་དང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་བདེན་པར་གྲུབ་ན། ཤེར་ཕྱིན་གྱི་མདོ་སྡེ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དེ་ཇི་ལྟར་དྲངས་ཞེ་ན། །ངོ་བོ་ཉིད་ནི་རྣམ་གསུམ་གྱིས། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོསརྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །འོ་ན་ངོ་བོ་ཉིད་མེད་པ་གསུམ་ཀྱི་རང་རང་གི་ངོ་བོ་ཉིད་མེད་ཚུལ་ཇི་ལྟར་ཡིན་ཞེ་ན། དང་པོ་བ་ནི་མཚན་ཉིད་ཀྱིས། །ངོ་བོ་ཉིད་མེད་གཞན་དབང་ཡང་། །ད་ནི་རང་ཉིད་མི་འབྱུང་བས། །ངོ་བོ་ཉིད་མེད་གཞན་ཡིན་ནོ། །ཆོས་ཀྱི་དོན་གྱི་དམ་པའང་དེ། །འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །དུས་རྣམས་ཀུན་ནའང་དེ་བཞིན་ཉིད། །དེ་ཉིད་རྣམ་པར་རིག་པ་ཙམ། །ཇི་སྲིད་རྣམ་རིག་ཙམ་ཉིད་ལ། །རྣམ་པར་ཤེས་པ་མི་གནས་པ། །འཛིན་པ་གཉིས་ཀྱི་བག་ལ་ཉལ། །དེ་སྲིད་རྣམ་པར་མི་ལྡོག་གོ །འགྲེལ་བར། འཛིན་པ་གཉིས་ནི་གཟུང་བའི་འཛིན་པ་དང་། འཛིན་པའི་འཛིན་པ་སྟེ། དེའི་བག་ལ་ཉལ་ནི། མ་འོངས་པའི་འཛིན་པ་གཉིས་སྐྱེ་བར་བྱ་བའི་ཕྱིར། དེ་དག་གིས་ཀུན་གཞི་རྣམ་པར་ཤེས་པ་ལ་ས་བོན་བཏབ་པའོ། ཇི་སྲིད་དུ་གཉིས་མེད་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་ཉིད་ལ་རྣལ་འབྱོར་བའི་སེམས་གནས་པར་མ་གྱུར་བ་དེ་སྲིད་དུ་འཛིན་པ་གཉིས་ཀྱི་བག་ལ་ཉལ་མི་ལྡོག་སྟེ། ཞེས་སོ། དོན་དང་བྲལ་བས་སེམས་ཙམ་དམིགས་པས། །སེམས་ཀྱི་ཆོས་ཉིད་ལ་གནས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། །འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ནི་ཙམ་ལ་མི་གནས་སོ། །འགྲེལ་བ་ལས། མདུན་དུ་ཞེས་བྱ་བ་ནི་མངོན་སུམ་དུའོ། འཇོག་ན་ཞེས་བྱ་བ་ནི་ཇི་ལྟར་ཐོས་པ་བཞིན་དུ་ཡིད་ཀྱིས་འཇོག་པའོ། དེ་ནི་ཙམ་ལ་མི་གནས་པ་ནི། རྣམ་པར་ཤེས་པའི་དམིགས་པ་མ་སྤང་པའི་ཕྱིར་རོ། །ཞེས་སོ། །འོ་ན་གང་གི་ཚེ་ན་རྣམ་པར་ཤེས་པའི་འཛིན་པ་སྤངས་ཏེ། སེམས་ཀྱི་ཆོས་ཉིད་ལ་གནས་པ་འགྱུར་ཞེ་ན། །ནམ་ཞིག་ཤེས་པས་དམིགས་པ་རྣམས། །མི་དམིགས་དེ་ཡི་ཚེ་ན་ནི། །རྣམ་པར་རིག་པ་ཙམ་ལ་གནས། གཟུང་བ་མེད་པས་དེ་འཛིན་མེད། །དེ་ནི་སེམས་མེད་མི་དམིགས་པ། །འཇིག་རྟེན་འདས་པའི་ཡེ་ཤེས་དེ། གནས་ཀྱང་གཞན་དུ་གྱུར་པ་སྟེ། །གནས་ངན་ལེན་གཉིས་སྤངས་པའོ། །དེ་ཉིདཟག་པ་མེད་དང་དབྱིངས། །བསམ་གྱིས་མི་ཁྱབ་དགེ་དང་བརྟན། །དེ་ནི་བདེ་བ་རྣམ་གྲོལ་སྐུ། །ཐུབ་པ་ཆེན་པོའི་ཆོས་ཞེས་བྱ། །འགྲེལ་བ་ལས། གང་གི་ཚེ་བསྟན་པ་ལ་དམིགས་པ་དང་། གདམས་ངག་ལ་དམིགས་པ་དང་། གཟུགས་དང་སྒྲ་ལ་སོགས་པ་ཐ་མ་ལ་དམིགས་པ་ཡང་རུང་སྟེ། ཤེས་པས་སེམས་ལས་ཕྱི་རོལ་ཏུ་མི་དམིགས་ཏེ། མ་མཐོང་མི་འཛིན་ལ་མངོན་པར་ཞེན་པ་མེད་ཅིང་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ལ། དམུས་ལོང་ལྟ་བུ་ནི་མ་ཡིན་པ་དེའི་ཚེ་རྣམ་པར་ཤེས་པའི་འཛིན་པ་ཡང་སྤངས་ཤིང་རང་གི་སེམས་ཀྱི་ཆོས་ཉིད་ལ་ཡང་གནས་པ་ཡིན་ཏེ། འདི་ཉིད་དུ་གཏན་ཚིགས་སྨོས་པ། གཟུང་བ་མེད་པས་དེ་འཛིན་མེད་ཅེས་བྱའོ། གཟུང་བ་ཡོད་ན་འཛིན་པར་འགྱུར་ཏེ། གཟུང་བ་མེད་ན་མ་ཡིན་ནོ། གཟུང་བ་མེད་ན་འཛིན་པ་མེད་པར་ཡང་རྟོགས་པར་འགྱུར་གྱི། གཟུང་བ་མེད་པ་འབའ་ཞིག་ནི་མ་ཡིན་ནོ། དེ་ལྟར་ན་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་ལ་རྣམ་པར་མི་རྟོག་པས་མཉམ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འབྱུང་སྟེ། གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་བག་ལ་ཉལ་སྤོང་ཞིང་རང་གི་སེམས་ཀྱི་ཆོས་ཉིད་ལ་ཡང་སེམས་གནས་པར་འགྱུར་རོ། །ཞེས་དང་། གནས་ངན་ལེན་ནི་གནས་ལས་སུ་རུང་བ་ཉིད་དེ། དེ་ཡང་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ས་བོན་ནོ། གནས་གྱུར་པ་དེ་ཡང་ཉན་ཐོས་ལ་སོགས་པ་ལ་ཡོད་པའི་གནས་ངན་ལེན་སྤངས་པས་ཐོབ་བར་འགྱུར་བ་ནི་གང་། རྣམ་གྲོལ་སྐུ་ཞེས་བྱ་བ་སྨོས་སོ། །བྱང་ཆུབ་སེམས་དཔའ་ལ་ཡོད་པའི་གནས་ངན་ལེན་སྤངས་པས་ཐོབ་པར་འགྱུར་བ་ནི་གང་། ཐུབ་པ་ཆེན་པོའི་ཆོས་ཞེས་བྱ་ཞེས་བྱ་བ་སྨོས་ཏེ། སྒྲིབ་པ་རྣམ་པ་གཉིས་སྤངས་པའི་བྱེ་བྲག་གིས་གནས་གྱུར་པ་བླ་ན་ཡོད་པ་དང་། བླ་ན་མེད་པར་བསྟན་ཏེ། ཞེས་གསུངས་སོ། །སུམ་ཅུ་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྤར་འདི་ཁ་སྒང་ཨོ་སྭོ་བཀྲ་ཤིས་ཆོས་རྫོང་དུ་བཞུགས།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn       

བརྒྱུད་འགོད།