གནས་བརྟན་སྤྱན་དྲང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-03-21 12:31:56     རྩོམ་པ་པོ།   སློབ་དཔོན་བྷཱ་བ་སྐནྡ་པ།    ཀློག་ཐེངས།  


img_8597.jpg

༄༅༅། །རྒྱ་གར་སྐད་དུ། སྠ་བཱི་རོ་པ་ནི་མནྟྲ་ཎཾ། བོད་སྐད་དུ། གནས་བརྟན་སྤྱན་དྲང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཙུན་པ་རྣམས་དགོངས་སུ་གསོལ། དགོངས་ནས་ཀྱང༌། ཤེལ་དང༌། ནོར་བུ་དང༌། དངུལ་དང༌། ཀུ་མུ་ཏ་དང༌། ཁ་བའི་ཕུང་པོ་དང༌། ཟླ་བའི་འོད་ཟེར་དང༌། སྟོན་གྱི་ཆུ་དང༌། ནམ་ཐང་བ་དང༌། པདྨའི་རྩ་ལག་ལྟར་དྲི་མ་མེད་པར་མཛོད་ལ། རླུང་གི་སྟོབས་ཀྱིས་ཤིང་གི་ལྕུག་ཕྲན་བསྐྱོད་པ་དང༌། སྨིག་རྒྱུ་དང་སྒྱུ་མ་དང༌། རྨི་ལམ་དང༌། གློག་དང༌། རྟའི་ཤིང་རྟའི་རྡུལ་དང༌། བ་གླང་གི་ཕྲུ་གུའི་རྣ་མཆོག་དང༌། སྦྲུལ་གྱི་ལྕེ་དང༌།ཟིལ་པ་དང༌། རྒྱ་མཚོ་བསྐྱོད་པའི་རླབས་ལྟར་གཡོ་བའི་ཡིད། སྐད་ཅིག་རེ་རེ་ལ་ཡང་མི་སྡོད་པར་འགྲོ་བརྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུད་ཙམ་ཞིག་རྒྱུ་བ་ནང་དུ་དགག་ཏུ་གསོལ། སྨྲས་པ། རི་གཟར་འབབ་པའི་དབའ་རླབས་གྱུར་པས་ཀྱང༌། །གང་གི་དབའ་རླབས་འགྱུར་ལ་བསྒྲུན་མེད་པར། །འཇིག་པ་ཐོགས་མེད་གཡོ་བའི་ཡིད་དེ་ནི། །ཡུད་ཙམ་རྩེ་གཅིག་མཛོད་ཅིག་བཙུན་པ་རྣམས། །ལྷ་ཡི་བུ་མོ་ཡི་ཆད་ཤུགས་ཕྱུང་སྐད་ཅིག་ཟིམ་མར་བྱས་པའི་མིག། །རིང་ཞིང་རྫིར་ལྡན་བཀྲ་ལ་འོད་འཚེར་མིག་ཆགས་ལྟ་བའི་གཡོ་བ་ཡིས། །གང་གི་ཐུགས་ནི་སྐྱེ་རྒྱུན་གཅོད་པ་ལས་འཁྲུངས་གཡོས་པར་མ་གྱུར་པ། བདུད་ཀྱི་དཔུང་འཇོམས་མཁས་གཅིག་ཐམས་ཅད་མཁྱེན་པ་དེ་ལ་ཕྱག་མཛོད་ཅིག །སྐྱེ་ལྡན་གང་ཞིག་བསྟེན་ན་དུད་འགྲོའི་སྐྱེ་གནས་སེམས་ཅན་དམྱལ་ཞི་དང༌། །ཡི་དགས་འཇིག་རྟེན་གནས་སུ་འགྲོ་བར་མི་འགྱུར་སྡུག་བསྔལ་འཇིག་བྱེད་པ། །འཁོར་བདག་ན་འགྲོ་བ་ཆེན་པོ་རྣམས་ཀྱི་གྲོགས་གྱུར་འཕགས་གཅིག་པོ། །ཞི་བདེ་འགྲོ་དེའི་སྒོར་གཞོལ་ཆོས་དེ་ལ་ནི་གུས་པས་བརྟེན་པར་མཛོད། །ཞི་བའི་བདག་ཉིད་གང་ཞིག་བདེ་གཤེགས་གསུང་རབ་མཐར་ཕྱིན་འབྱུང་སྨྲ་ཞིང༌། །གང་ལ་གུས་པར་ཅུང་ཟད་ཙམ་ཞིག་བྱིན་ཡང་སྦྱིན་པ་འཕེལ་འགྱུར་ལ། ཡེ་ཤེས་སྣང་བས་མུན་པ་ཟད་བྱས་དགེ་སློང་དགེ་འདུན་དེ་ལ་ནི། །ཉོན་མོངས་གཅད་པའི་ཆེད་དུ་ཐམས་ཅད་ཀྱིས་ཀྱང་གུས་པར་ཕྱག་མཛོད་ཅིག །ལྕང་ལོ་ཆུན་པོའི་སྐྲ་མང་མགོ་ལ་ཐོགས་ཤིང་དཔུང་མགོ་གཉིས་གཡོགས་ལ། །རང་གི་འོད་ཟེར་ཕྱོགས་མཐར་འཕྲོ་བ་རྣམས་ཀྱིས་འཇིག་རྟེན་ཀུན་འགེངས་པ། ལྷ་དབང་བརྒྱ་བྱིན་ཅོད་པན་བཏུད་དེ་ཚངས་ལ་ཕྱག་བྱས་གང་ཡིན་དེ། །བྱིན་ནས་དགའ་བྱས་སེམས་ཀྱི་ཏིང་འཛིན་ཤིན་ཏུ་ཆེན་པོའི་འབྲས་བུ་ཡིན། །རྡོ་རྗེ་འོད་འཕྲོའི་ཕྲེང་བས་དཔུང་རྒྱན་འདྲེས་ནས་མཛེས་གྱུར་ཅིང༌། །ལྷ་ལ་བཀའ་སྩོལ་དབང་པོ་མཐོ་རིས་སྐྱོང་བ་གང་ཡིན་པ། །དེ་དག་དགེ་བ་དག་འབྱུང་རྣམ་སྨིན་འགྱུར་དུས་ཉམས་དགའ་ཞིང༌། །མངོན་པར་འདོད་པའི་འབྲས་བུ་ཕུན་སུམ་ཚོགས་པའི་རྒྱུ་རྣམས་ཡིན། །ཁ་ནས་རྒྱགས་འགྱུར་དྲི་ཞིམ་འབྱུང་ཞིང་མིག་གི་མཐའ་དམར་ལ། །དབུགས་འབྱུང་དོ་ཤལ་གཡོས་པས་ནུ་མ་འབུར་ལ་འདྲུད་བྱེད་པ། །སྡུ་གུ་ལྷན་ཅིག་ནོར་བདག་དགའ་ཚལ་འདུག་པ་གང་ཡིན་པ། །དེ་ཡང་འགྲོ་བ་ཉམས་དགའ་སྦྱིན་པའི་བདག་ཉིད་ཆེན་པོ་ཡིན། །འབྲུག་སྒྲ་སྒྲོགས་ཤིང་སྤྲིན་རྣམས་ཆུ་ནི་ཀུན་དུ་ལེན་བྱེད་པ། །རླབས་འབྱུང་དུས་ན་ནོར་བུ་བྱི་རུ་དུང་དང་ཉ་ཕྱིས་འབྱུང༌།།རིན་ཆེན་གནས་ནང་ཆུ་ལྷ་ཉིད་ཀྱི་འབྱོར་པས་གང་བསྲུང་བ།།དེར་ཡང་རྒྱུ་ནི་སྦྱིན་པ་མཆོག་ཅེས་ཐུབ་པས་བཀའ་སྩལ་ཏོ།།གང་ཡང་འོད་ཟེར་རྣམས་ཀྱིས་མཁའ་ལ་སྐར་མའི་འཁོར་ལོ་ཟིལ་མནན་ཅིང༌། །ཀུ་མུ་ཏ་ཡི་རྫིང་ཡངས་རྣམས་སུ་དཔལ་ནི་རབ་ཏུ་རྣམ་ཕྱེ་ནས། །གླང་པོའི་མཆེ་བའི་དཔལ་དང་ལྡན་ཞིང་མཚན་མོ་ཤིན་ཏུ་རབ་མཛེས་པ། །དེ་ཡང་ངེས་པར་སྦྱིན་པ་ཉིད་ཀྱི་འབྲས་བུ་རོ་བྲོ་མང་པོ་ཡིན། །རི་རབ་རྩེ་ལ་ཤིང་རྟས་ལམ་ཁ་འདུག་པའི་རིན་ཆེན་རྡོ་གཅོག་ཅིང༌། །རྟ་ཡི་རྐང་ལག་རྣམས་ཀྱིས་དགུ་ཚིགས་ཆུ་བོའི་རླབས་ནི་གཅོད་བྱེད་ལ། །མུན་པ་བསལ་ཕྱིར་ཉི་མས་སྐར་མ་ཟིལ་མནན་ལྷམ་མེ་གང་ཡིན་པ། །དེ་རྒྱུ་ཡིད་ཀྱི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་སྦྱིན་པར་ཐུབ་པས་གསུངས། །རྒྱལ་མཚན་རྩེ་བཏགས་རིན་ཆེན་འོད་ཟེར་སྣང་བས་ནམ་མཁའ་དམར་གྱུར་ཅིང༌། །རྟ་རྨིག་འདོར་བས་མཁའ་ལ་སྤྲིན་གྱི་ཕྲེང་བ་དག་ཀྱང་འདྲལ་བྱེད་ལ། །རྔ་ཡབ་དཀར་པོས་གཡབས་ཤིང་འཁོར་ལོས་སྒྱུར་བ་སོང་བ་གང་ཡིན་པ། །འདོད་པའི་འབྲས་བུ་དེ་ཡང་སྦྱིན་པས་བསྒྲུབས་ཞེས་ཐུབ་པས་བཀའ་སྩལ་ཏོ། །གསེར་གྱི་པདྨའི་རྡུལ་གྱི་བྱེ་མས་དམར་བྲིས་མཚོར་ནི་ཁྲུས་བྱས་ཏེ། །དེ་ནི་ནགས་འདབ་བུང་བ་སྒྲ་འབྱིན་རྣམས་སུ་ཉལ་བའི་བདེ་རྙེད་ནས། །རིག་འཛིན་ཆུང་མ་ལྷན་ཅིག་འཇིགས་མེད་མཁའ་ལས་འགྲོ་བ་གང་ཡིན་པ། །དེ་ཡང་སེར་སྣ་འཇིལ་ཞིང་སྐྱོན་མེད་དགའ་བའི་སྦྱིན་པའི་གཟི་བརྗིད་ཡིན། །མ་ལ་ཡ་ཡི་རི་རྩེར་ཙནྡན་གྲིབ་མས་བསིལ་བ་ཡངས་པ་དང༌། །འབིགས་བྱེད་རི་དང་གངས་དང་ལྷུན་པོའི་རི་དང་མན་ད་ར་བའི་རི་བོ་ལ། །གྲུབ་པའི་ཚོགས་ཆེན་ཆུང་མ་ལྷན་ཅིག་འཇིགས་བྲལ་དགའ་བ་གང་ཡིན་པ། །འདོད་པའི་འབྲས་བུ་ཚེ་འདིའི་སྙིང་པོ་འབྱོར་པ་དེ་ཡང་གཏོང་བས་ཡིན། །བུད་མེད་རྐང་གདུབ་འཁྲོལ་བས་འགྲོགས་ནས་འཕུར་བའི་ཕུ་རོན་གནས་པ་ཡིན། །ཁང་པ་མཐོན་པོ་རྣམས་དང་འབིགས་བྱེད་རི་རྩེ་འགྲན་པའི་བན་གླང་དང༌། །གདུགས་དང་རྡ་ཡབ་བུད་མེད་གཡོག་འཁོར་རིན་ཆེན་གསེར་དང་རྟ་རྣམས་དང༌། བཟང་མཛེས་དེ་དག་ཀུན་ཀྱང་སྔོན་གྱི་སྦྱིན་པའི་དགེ་བའི་རྣམ་སྨིན་ཡིན། བནྡུ་ཀ་ལྟར་རྩ་དམར་རྒྱུན་ཆང་གསེར་སྣོད་བཟང་པོར་ལེགས་བླུགས་པ། ཡོངས་དག་ཨ་མྲ་སྨིན་གས་ལྟ་བུར་དྲི་ཞིམ་ཨུཏྤལ་འགྱིང་ཞིང་ལྡེམ། །ན་ཆུང་གཤིན་མ་ནམ་དགོས་དུས་ཀྱིས་སྟོབས་ཤིང་ཡམས་གྲངས་མང་འདྲིམ་པ། །མཆོག་ཏུ་དགེ་བ་དེ་རྒྱུ་སྦྱིན་པ་ཡིན་ཞེས་བློ་གྲོས་དག་པས་གསུངས། །གསེར་གྱི་ཕག་སྐས་རྐེང་བཅིངས་སྙན་སྨྲ་འཇམ་ཞིང་སྨིན་མ་ཡ་གཅིག་བསྐྱོད།།མིག་ཡངས་རྣར་ཐུག་དཀར་ནག་འབྱེས་ལ་སྐྲ་བཀབ་མེ་ཏོག་ཕྲེང་དཀྲིས་པའི། །ན་ཆུང་བཟང་མོ་བྲལ་རྒྱས་བདག་ཉིད་ལེགས་བྱས་རྣམས་ཀྱི་བྲན་ལྟར་བྱེད།།ཚོགས་བསགས་འབྲས་དེ་སྦྱིན་པའི་ཆེ་བ་ཉིད་ཅེས་ཟས་གཙང་སྲས་པོས་གསུངས། །དེ་ལྟ་ལགས་པས་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་ཐུགས་སུ་ཆུད་པ་ཤིན་ཏུ་རྒྱས་པའི་ཆུ་ལྟར་གྱུར་པ་སྙིང་པོ་དྲི་མ་མེད་པ་དང༌། ལྷའི་སྐྱེ་བོ་དང་ཀླུའི་གནས་སུ་གྱུར་པ།ཚུལ་ཁྲིམས་འདྲེན་མ་མ་ཡིན་ཞིང་རྒྱ་ཆེ་བའི་ཆུ་དང་ལྡན་པ།དགེ་བ་ལ་རྣམ་པར་རྟོག་པའི་ཟླ་བ་ཤར་བའི་དབང་གིས། །ཏིང་ངེ་འཛིན་སྣ་ཚོགས་རྒྱས་པའི་དུས་ཀྱི་རླབས་གྱིས་བྱང་ཆུབ་ཀྱི་ཡན་ལག་སྐྱོན་མེད་པའི་ནོར་བུ་མང་པོ་ཀུན་དུ་གཡེངས་པ། སེམས་ཀྱི་འོག་གཞི་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རི་བོ་ཆེན་པོ་བརྟན་པ། འབྲས་བུའི་བྱེ་བྲག་ཐོབ་པ་གང་ཟག་ཆེན་པོའི་ཆུ་སྲིན་རྒྱུ་བ། འཕགས་པའི་བདེན་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པའི་ཤིང་འཇོན་པས་མཛེས་པར་བྱས་པ། དྲན་པ་ཉེ་བར་གཞག་པའི་ངོགས་དང་ལྡན་པ། སྒྲིབ་པའི་རོ་མི་གནས་པ། སྦྱངས་པའི་ཡོན་ཏན་གསོམ་པ་དག་པའི་མུ་ཏིག་གི་ཉ་ཕྱིས་ཀྱི་ལོག་ལུས་དང་ལྡན་པ། མངོན་པར་རྟོགས་པའི་ཆོས་ཉིད་གཏིང་མི་དཔོགས་ཤིང་ཟབ་པ། རྒྱུན་མི་འཆད་པར་ཀློག་པ་དང་ཁ་ཏོན་བྱེད་པའི་སྒྲ་རྒྱ་ཆེར་འབྱུང་བ། འཕགས་པའི་དགེ་སློང་གི་དགེ་འདུན་གྱི་རྒྱ་མཚོ་ཆེན་པོ་ལ་བདག་གསོལ་བ་འཚལ་ལོ། །འདི་ལྟ་སྟེ། སྲིད་པའི་འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དུམ་ནས་དགེ་བའི་ས་བོན་བཏབ་པ། བདེ་བར་གཤེགས་པའི་བསྟན་པ་གཞལ་མེད་ཁང་གིས་གཞི་གཅིག་པུར་གྱུར་པ། བཟོད་པ་དང་དེས་པ་དང་བྱམས་པ་དང༌།ཚུལ་ཁྲིམས་དང་ཐོས་པ་དང་ཞི་བའི་གནས། བདག་དང་གཞན་གྱི་གཞུང་གི་དོན་གྱི་དེ་ཁོ་ན་མ་ལུས་པར་རྟོགས་པ། ཡོངས་སུ་ཤེས་པས་བསྒོམས་པས་དྲན་པ་ཉེ་བར་གནས་པ་ཡང་དག་པའི་ཡེ་ཤེས་མཐོང་བས་ལོག་པར་ལྟ་བའི་རབ་རིབ་བསལ་བ། ལེགས་པར་བརྗོད་ཅིང་ཤིས་ལ་རྒྱ་ཆེ་བའི་མིག་དང་ལྡན་པ་སྐྱེ་བོ་བླ་མ་ལ་བསྙེན་བཀུར་བྱེད་པ་དང་མངོན་དུ་སྨྲ་བ་དང༌། ཕྱག་འཚལ་བ་ལ་སོགས་པའི་ཚུལ་བཟང་པོ་དང་ལྡན་ཞིང་མདོངས་གསོལ་ཆེ་བས་སྙན་པ་རྣམས་བསྐྱེད་པ། སྟོན་གྱི་ཟླ་བ་ཉ་བའི་འོད་ཟེར་དག་པ་ལྟ་བུའི་ཡིད་འབྱུང་བ། སྦྱིན་བདག་ཆེན་པོ་ཆེ་བའི་བདག་ཉིད་ཅན་མིང་འདི་ཞེས་བྱ་བ་འདི་ནི་ཁྱིམ་བདག་ལེགས་སྦྱིན་དང༌། བཟང་ལྡན་དང༌། བཙུན་མོའི་འཁོར་གྱི་བླ་དང༌། མུ་ཤི་ལ་དང༌། ཏྲ་དུ་ས་དང༌། གོ་ཤི་ལ་དང༌། ཏ་པ་ཀརྞི་ཀ་དང༌། མགོན་མེད་ཟས་སྦྱིན་དང༌། དྲག་པོ་དང༌། ནག་བ་དང༌།ནམ་གྲུ་ལ་སོགས་པ་དང༌། གཞན་ཡང་བཅོམ་ལྡན་འདས་ལ་ཡིད་མགོན་པར་དད་པས། རྒྱལ་པོ་གསལ་རྒྱལ་དང༌། ཚངས་པས་བྱིན་དང༌།རྒྱལ་པོ་འཆར་ཀའི་བུ་དང༌། གཏུམ་པོ་རབ་སྣང་ལ་སོགས་པ་སའི་སྟེང་ལ་དབང་བའི་སྦྱིན་པ་ལས་བྱུང་བའི་ལེགས་པར་སྤྱད་པའི་རྗེས་སུ་སློབ་སྟེ། ལུས་དང༌། ལོངས་སྤྱོད་དང༌། སྲོག་ལ་སྒྱུ་མ་དང༌།སྨིན་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། མགལ་མེ་སྐོར་བ་དང༌།རྨི་ལམ་དང༌། རིའི་འབབ་ཆུ་ལྟར་གཡོ་བར་རི་གནས། སྟོབས་བཅུ་མངའ་བས་གསུངས་པའི་ཚིགས་སུ་བཅད་པ་དང༌། ཆོས་དང་མངོན་པ་དང༌། འདུལ་བ་དང༌། མདོ་སྡེ་འཛིན་ཅིང་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་བསོད་ནམས་ཀྱི་ས་བོན་སྐྱེད་པའི་རྒྱུ་འཁྲོ་བའི་བདེ་བ་ཕུན་སུམ་ཚོགས་པའི་གཞི། སྐྱེ་བོ་ངན་པས་རྙེད་པར་དཀའ་བ་སེར་སྣ་ཅན་གྱི་ཡིད་འཇོམས་པ་སྒྲུབ་པ་ནི་སྟོན་ཀའི་ཟླ་བ་དྲི་མ་མེད་པ་ལྟར་དང་བའི་ཐུགས་མངའ་བ། སྲིད་པའི་ས་བོན་ཉོན་མོངས་པ་གཅོད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་པ། གྲགས་པ་འཇིག་རྟེན་གསུམ་དུ་ཁྱབ་པས་བདུད་ཀྱི་བུ་མོ་སྟེག་པ་རྒྱུན་གཅོད་པའི་རྒྱུ། སྐྱབས་སུ་འོས་པ། ཆོས་སྟོན་པ།འགྲོ་བ་ལ་དགེ་པའི་ཕྱིར་བྱ་དཀའ་བའི་ཕྲིན་ལས་རྣམས་ཀྱིས།ཆོས་ཐམས་ཅད་ཐུགས་སུ་ཆུད་པས་རྣམ་པར་སངས་རྒྱས་པའི་སངས་རྒྱས་ཉི་མའི་འོད་ཟེར་གྱི་སྣང་བ་གསལ་བས་རེག་ནས། པདྨའི་འདབ་མ་རྒྱས་པ་ལྟར་རིང་ཞིང་རྫི་མ་ལེགས་པའི་སྤྱན་དང་ལྡན་པ། གནོད་སྦྱིན་གྱི་བདག་པོའི་གཙུག་གི་ནོར་བུ་ཆེན་པོས་ཞབས་ཀྱི་སོར་མོ་ཀུན་ཏུ་བསྐོར་བ་གསེར་གྱི་མཆོད་སྡོང་ལྟར་གསལ་བ། སྐུ་ལ་རྡོ་རྗེ་དང། ལྕགས་ཀྱུ་དང༌། པདྨ་དང༌། ཉ་དང༌། རྒྱལ་མཚན་དང༌།གདུགས་དང༌། འཁོར་ལོ་ལ་སོགས་པའི་མཚན་རྣམས་ཀྱི་མཚན་མངའ་བ།
པདྨའི་འབྱུང་གནས་རྣམས་ལ་སྣང་བ་མཛད་པའི་འོད་ཀྱི་ཕྲེང་བ་བྱེ་བྲག་མེད་པར་ཁྱབ་པ་རྒྱས་པར་འགེངས་པ། བུང་པའི་ཚོགས་ལྟར་སྔོ་བའི་གཙུག་གཏོར་གྱི་ནང་ནས་ཀུན་དུ་འབྱུང་བའི་འོད་ཀྱི་དྲ་བས་ཕྱོགས་ཀྱི་དཀྱིལ་འཁོར་མ་ལུས་པར་བཀྲ་བར་བྱས་པ། ཁ་ན་མ་ཐོ་བ་མེད་པར་ཞུགས་པ། འཕགས་པའི་བདེན་པ་སྟོན་པ། ཞི་པར་གཞོལ་བའི་ལམ་དུ་འདྲེན་པ། འཇིག་རྟེན་སྒྲོལ་བ། མཉེས་གཤིན་པའི་གཉེན་གཅིག་པུ། མུ་སྟེགས་ཅན་ངན་པའི་རྒོལ་བ་རྣམས་ཀྱིས་གསུང་དང་ཐུགས་དང་དཔལ་དང༌། མཐུ་ལ་མི་གནོད་པ། ཟས་གཙང་མའི་སྲས། ཡུལ་རྣམས་ཀུན་ལ་སྲེད་པ་འབྱུང་བའི་རྒྱུན་རྣམས་སྐེམས་པའི་རྒྱུ། །སྐྱེ་བོ་མཁས་པ་རྣམས་ནི་སད་པར་བྱ་ཕྱིར་ཤར་གྱུར་བ། །བག་ལ་ཉལ་གྱི་རབ་རིབ་སེལ་བ་ཡེ་ཤེས་སྣང་བའི་མཆོག །ས་རྣམས་མཐའ་དག་སྣང་བས་ཕྱོགས་རྣམས་ཐམས་ཅད་སྣང་མཛད་པ། །ཕྱག་དང་ཞབས་དང་དབུ་ནི་རབ་ཏུ་བྱིན་ཞིང་ཚུལ་ཁྲིམས་དང༌། །སྨོན་ལམ་དག་གིས་བྱང་ཆུབ་ལམ་བཟང་ཡང་དག་བསྒྲུབས་གྱུར་པ། །སྲིད་པའི་འགྲོ་བའི་དུག་གི་སྙེ་མའི་སྟེང་དུ་ལྷུང་བའོ། །སྐྱེ་དགུ་རྣམས་ལ་ཁ་ན་མ་ཐོ་བ་མེད་པ་སྟོན་པར་མཛད་པ། སྲིད་པ་རྣམ་པ་གསུམ་འཇིག་པ། བཅོམ་ལྡན་འདས་སྟོབས་བཅུའི་སྟོབས་དང་ལྡན་པ། མི་འཇིགས་པ་བཞི་མངའ་བ། དཔའ་བ་དང་མཐུ་ཁ་ན་མ་ཐོ་བ་མེད་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པས་སྐུ་བརྗིད་པ།ཕ་རོལ་ཏུ་ཕྱིན་པ་དྲུག་དང་དཀའ་བ་བརྒྱ་ཕྲག་དུ་མས་དམ་པའི་ཆོས་དཀོན་མཆོག་བསྒྲུབས་པ། བརྩལ་བ་ཙམ་གྱིས་སེམས་ཅན་མཐའ་དག་གི་བསམ་པ་ཐུགས་སུ་ཆུད་པ། ཐམས་ཅད་མཁྱེན་པའི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རབ་ཏུ་ཞི་བ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། ཏིང་ངེ་འཛིན་དང༌། བཟོད་པ་དང། བྱམས་པ་དང༌། སྦྱངས་པའི་ཡོན་ཏན་དང་ལྡན་པ། ཉོན་མོངས་པའི་རབ་རིབ་དང་ལིང་ཏོག་མ་ལུས་པར་བསལ་བ། འཁོར་བའི་རང་བཞིན་རིག་པ་དང་ཕྱོགས་དང་ཕྱོགས་ཀྱི་གཙུག་ལག་ཁང་དང༌། ཀུན་དགའ་ར་བ་དང༌། རི་དང༌། ནགས་འདབ་དང༌། ཁྲད་ཁྲོད་དང༌། ཆུ་དང༌། རི་སུལ་དང། གཤེར་ས་དང༌། ནེའུ་གསེང་དང༌། ཤིང་གི་གྲིབ་མ་རྣམ་པ་སྣ་ཚོགས་ལ་དགྱེས་པ། ཡུལ་དང་ལྗོངས་དུ་མ་ལ་ཕན་གདགས་པར་རྩོལ་བ་མཛད་པ། ཡང་དག་པའི་དྲན་པ་དང༌། ཏིང་ངེ་འཛིན་དང༌། དགའ་བ་ཐོབ་པ་ལས་མ་ཉམས་པ། ཕུང་པོ་ལྔའི་ཕྱིར་སྐད་ཅིག་ཡང་དག་པར་སོ་སོར་རྟོག་པའི་ཡིད་ལ་བྱེད་པ་བསྐྱེད་པ། མདོ་དང༌། འདུལ་བ་དང༌།ཆོས་མངོན་པ་དང༌། སྐྱེས་པའི་རབས་དང༌། གླེང་གཞི་དང༌། ཚིགས་སུ་བཅད་པ་དང༌། རྟོགས་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌།གཏན་ལ་དབབ་པའི་གཏམ་གྱིས་སེམས་སྦྱངས་པ། རང་གི་ལུས་དང༌། ངག་དང༌། ཡིད་ཀྱི་འཇུག་པ་དྲན་པ་ཉེ་བར་གནས་པར་རྒྱུ་བ། །དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། བདེན་པ་དང༌། འཕགས་པའི་ལམ་དང༌། དྲན་པ་ཉེ་བར་གཞག་པ་སྒོམ་པ་གོམས་པས་དད་པ་ཐོབ་པ་ལ་ཚེ་རབས་གཞན་དང་གཞན་ནས་བསགས་པའི་དགེ་བའི་རྣམ་པར་སྨིན་པས་གྲུབ་པ། ཇི་ལྟར་འབྱོར་པས་ནུས་པ་དང་མཐུན་པའི་རྩོམ་པས་ཚོགས་བསགས་པ། ཕན་ཡོན་ལྔའི་རྒྱུ་སེམས་ཅན་ཐམས་ཅད་གནས་པར་བྱེད་པ། འཇིག་རྟེན་ཕ་རོལ་དུ་བདེ་བ་ཐོབ་པར་བྱེད་པ། ཁ་དོག་དང་དྲི་དང་རོ་དང་རེག་པ་དང་ལྡན་པ་ཡིད་དུ་འོང་བ། གྱ་ནོམ་པའི་བཟའ་བ་དང༌། བཅའ་བ་དང༌།ལྡག་པ་དང༌། རྡུབ་པ་དང༌། གཞིབས་པ་ལ་སོགས་པ་ཞལ་ཟས་བཤམ་པར་བྱ་བ་རྣམ་པ་སྣ་ཚོགས་ཞལ་ཟས་ཁྱད་པར་ཅན་གྱིས་སྤྱན་འདྲེན་ཏོ། །དེ་ལ་ཐོག་མར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་མ་འདས་པའི་ཚེ། གང་དག་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་བུད་ཤིང་ཐམས་ཅད་མ་ལུས་པར་བསྲེགས་པ། གཏོང་བའི་ངང་ཚུལ་ཅན་གྱིས་སྦྱིན་པའི་ས་བོན་འཕེལ་བའི་རྒྱུར་གྱུར་པ། ཕྲ་བ་གཟིགས་པ། མཁས་པ། དེ་ཁོ་ན་ལ་བསྒོམས་པ་འདི་ལྟ་སྟེ། གནས་བརྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང༌། འཕགས་པ་སྒྲ་གཅན་ཟིན་དང༌། སྦྱིན་བྱེད་དང༌། ལམ་བསྟེན་དང༌། སྐྱེད་བྱེད་དང་གསེར་བེའུ་དང༌། རྟོགས་བྱེད་དང༌། རྡོ་རྗེ་ཅན་གྱི་བུ་དང༌།འཕགས་པ་བསྲུང་བའི་ཀླུ་དང༌། ཀླུ་སྡེ་ལ་སོགས་པ་སློབ་མ་བསྟན་པ་གནས་པར་བྱ་བའི་ཕྱིར་གནོད་པར་གྱུར་ཀྱང་ལུས་ཀྱི་ཁུར་ཁྱེར་བ་རྣམས་དང༌། གཞན་ཡང་གང་དག་སུམ་ཅུ་རྩ་གསུམ་པའི་སྐྱེ་བོ་ལ་ཕན་པའི་ཕྱིར། གསེར་གྱི་རྡོ་ལེབ་ཆེན་པོའི་སྟེང་ན་འདུག་པའི་རིག་སྔགས་འཆང་དུ་མ་གླུ་ལེན་པས་གླང་པོ་ཆེ་ཡུར་བ། བུང་བའི་མཆུས་པདྨ་ལ་འཇིབ་ཅིང་འཁོད་པའི་མནྡ་ཀའི་རྫིང་གི་ཆུ་དང་ལྡན་ཞིང་ཡལ་ག་གསལ་བའི་སྟེང་ན་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་བྲེས་པའི་ཤིང་ཡོངས་འདུས་ཀུན་དུ་མཛེས་པར་བྱས་པའི་རིའི་ལྷུན་པོ་འབབ་ཆུ་འབབ་པའི་ས་གཞི་ལ་འཁོད་པ་རྣམས་དང༌། ཡང་ན་གང་དག །གསེར་རིའི་དཀྱིལ་ནས་བསིལ་བའི་ཆུ་འབབ་ལ། །ཆུ་ལ་ཟླ་བའི་གཟུགས་བརྙན་འབྱུང་འགྱུར་ཞིང༌། །ཟླ་བའི་འོད་ཀྱིས་ཀུ་མུད་ཁ་ཕྱེ་སྟེ། །ཀུ་མུད་ཚལ་ན་སྐད་སྙན་དང་པ་གནས། །ངང་མོ་མཚེའུ་ན་སྒྲ་སྐད་སྙན་པ་འབྱིན། །མཚེ་ངོགས་རྨ་བྱ་དགའ་བཅས་རྒྱགས་པར་གནས། །རྨ་བྱ་རྒྱགས་སྒྲས་རི་སུལ་སྙན་པར་གྲགས། །རི་སུལ་ཡལ་ག་ལྷགས་པས་རི་རྩེ་འཁྲིགས། །རི་རྩེ་སྟོད་རྣམས་ན་ནི་སྤྲིན་ཆགས་ལ། །ལང་ལིང་སྤྲིན་གྱི་སྨན་ལྗོངས་ཁྲ་ཁྲོ་སྣང༌། །སྨན་ལྗོངས་སྐྱེས་པའི་ནོར་བུ་ལྡུམ་བུ་གསལ། །ལྡུམ་བུ་ལས་བྲུལ་ལྷུང་བའི་མེ་ཏོག་ལྡན། །མེ་ཏོག་རྒྱས་པའི་དཔག་བསམ་ཤིང་ཚལ་མཛེས། །མཛེས་པའི་ལྷ་མོ་གསེར་གྱི་པག་སྐད་དྲུང༌།།གསེར་གྱི་ཕག་སྐད་སྒྲས་ནི་བྱ་འདྲོགས་ཤིང༌། །བྱས་འཆོས་ཤིང་ཐོག་རྩ་ལས་ཆད་ཅིང་གྲུལ། །རྩ་འཕྱང་ཁུ་བ་ཟགས་པ་སྤོས་ཀྱི་དྲི། །སྤོས་གླང་དབང་པོ་དྲེགས་བྲག་དྲི་རབ་ཞིམ། །དྲི་རབ་ཞིམ་བའི་ལི་ཤི་རི་འཁོར་མང༌། །བན་གླང་མོ་རྒྱགས་དྲག་འགྲོ་ལང་ལོང་གྱུར། །བུང་བའི་ཁྱུ་ཡིས་མེ་ཏོག་ཟེགས་གྱུར་ཅིང༌། །ཡལ་ག་མེ་ཏོག་རྒྱས་པས་གད་པ་དཀར། །གད་པ་ཆད་པས་ནོར་བུའི་ལྡུམ་བུ་སྣང༌། །མེ་ཏོག་མགོ་ལྕོགས་བྲལ་བས་རྣམ་པར་བཀྲ། །ནོར་བུ་སིལ་མ་མོད་པོས་རི་གཞོལ་སྤྲས། །མེ་ཏོག་ཟེགས་པའི་ཤིང་གི་ཡལ་གར་གནས་པའི་བུད་བ་དགའ་བས་འཕུར་རྣམས་དང༌། །ཟླ་པའི་འོད་ཟེར་དཀར་པོ་དད་པ་ལྟ་བུས་ཉེ་འཁོར་རྡོ་བ་ཆག་ཆག་བཏབ། །ལྷུན་པོ་མཐོ་བའི་རིལ་ཐུབ་པ་གང་དག་རབ་ཏུ་ཞི་བའི་ཐུགས་ཀྱིས་བཞུགས།།དེ་དག་དྲི་མེད་ཟླ་འདྲའི་གྲགས་ལྡན་འདི་ཡི་སྤྱིན་པའི་གནས་ལ་བརྟེན་དུ་གསོལ། །རྒྱ་མཚོའི་ཉེ་བའི་ཆུ་འགྲམ་རི་རོ་མ་ལ་ཡའི། །རི་བོས་ཏ་མལ་སྤལ་མིག་འཐོན་པའི་ཕྲེང་བ་ཅན། །སྦྲུལ་མང་འཁྲིས་པའི་ཙནྡན་ཤིང་གི་ནགས་ཚལ་ན། །བརྟེན་པ་གང་དག་བཞུགས་པར་གྱུར་པ་དེ་དག་དང༌། །ཉི་མའི་རྟ་ཡི་རྨིག་པས་རྡོ་བཅག་ཅིང༌། །མི་འམ་ཅི་ཡི་བུ་མོ་ཕྲུགས་ཀྱིས་ཉམས་དགའ་ལ། །རི་སུལ་མཐོན་པོ་དཔག་བསམ་ནགས་མང་དང༌། རི་འགབ་རྣམས་ན་གང་དག་བཞུགས་པ་དང༌། །ཤིང་གི་མེ་ཏོག་འཕྲུལ་པས་དྲི་ཞིམ་བྱས་པའི་སེར་བུ་དད་ལྡང་ཞིང༌། །ནགས་ན་གླང་པོ་དྲེགས་པ་ཟག་པས་བསྒོས་པའི་རིན་ཆེན་འཁྲི་ཤིང་ཁྱིམ། །ཁྱིམ་ལ་ཆགས་པ་མེད་པའི་ལྷ་ཡིས་བསྟན་པའི་བསོད་ནམས་ཆུ་གླིང་གི །གཉའ་ཤིང་འཛིན་ཁྲི་བྱ་རྒྱལ་ཁྱུང་གནས་པ་ན་གང་དག་བཞུགས་པ་དང༌། །བ་གླང་མོས་བསྙོགས་སྣང་བ་རྩུ་བ་འགྱུར་ཚལ། །མེ་ཏོག་ལྡན་ཞིང་སེར་བུ་དད་ལྡན་པ། །ས་ཧྱ་རི་བོ་ངོས་རབ་ཡངས་པ་ལ། །ཡང་དག་ཐུགས་མངའ་ཐུབ་པ་བཞུགས་དགུ་དང༌། །པདྨ་ཨུཏྤ་ལ་རྒྱས་པ་འབྱུང་བའི་གནས། །ཉིན་རེ་ཉི་མའི་ཤིང་རྟས་རྡོ་སྣད་ཅན། །སྲིད་པའི་འཇིགས་བྲལ་རབ་ཏུ་ཡིད་འོང་བ། །འཆར་བའི་རི་སྟེངས་གང་དག་བཞུགས་པ་དང༌། །རི་ཡི་རྩེ་མོས་སྔོ་བསངས་སྤྲིན་ཐལ་སྨན་ལྗོངས་ཅན། །ངོགས་ལྡན་ཆུ་བོ་མན་ད་རས་ནི་རི་སུལ་བཀྲུས།།གླང་ཆེན་མྱོས་པས་བསྙོགས་པས་ས་ཕྱོགས་རློག་པའི་རི། །འབིགས་བྱེད་རྨ་བྱ་རྒྱགས་གནས་པ་ན་བཞུགས་དགུ་དང༌། །སྣ་ཚོགས་འབྱུང་ཁུང་ཚོན་གྱིས་ཁ་བསྒྱུར་ཕུག་དང་ལྡན་ཞིང་སྤྲིན་ཀྱང་ཆགས་གྱུར་ལ། །ཀོ་ལྤགས་ལྡན་པ་གཙང་མའི་ཆུ་ཡིས་ངོགས་ཀྱི་རྡོ་བ་མང་པོ་བཀྲུས་གྱུར་ཅིང༌།།ངོས་ལ་བ་ལང་མཇུག་མ་མོང་པོ་དག་གིས་འཕྱང་ཞིང་གློག་འགྱུས་སྣང་བྱས་པ། །ཡོངས་འདུས་རི་རྩེ་ཕྲག་ན་གཅིག་པུ་སྲེད་དང་བྲལ་བ་གང་དག་བཞུགས་པ་དང༌། ཡང༌། གང་དག་ཤིང་དང་འཁྲི་ཤིང་རྣམ་པ་མང་པོ་འདབ་ཆགས་པར་གནས་པ།ནེའུ་གསེང་འཇམ་ལ་སྔོ་པའི་སྟེང་ན་རྨ་བྱའི་ཁྱུ་གར་བྱེད་ཅིང་སྒྲ་སྙད་པ་འབྱིན་པ། རི་དགས་ཀྱི་ཚོགས་བག་ཡངས་གནས་པའི་སོས་བཅད་པའི་རྩྭའི་མྱུ་གུ་ཡོད་པ། མེ་ཏོག་དྲི་ཞིམ་པོས་བསྒོམ་པའི་སེར་བུ་འཇམ་ཞིང་བསིལ་བའི་ངད་ལྡང་བའི་ནགས་འདབ་རྣམས་སུ་གནས་བཅས་ཏེ་བཞུགས་པ་རྣམས་དང༌། ཡང༌།གང་དག་དུས་སུ་རླབས་འབྱུང་པའི་ཆུའི་དཔའ་རླབས་ཀྱིས་གཡེངས་པའི་ན་ལེ་ཤམ་དང་ལི་ཤི་དང་ལ་བ་ཁའི་འབྲས་བུ་སྔོན་པོ་མང་པོ་འཁྲིགས་པའི་ཚལ་དང༌། ཨ་ཀ་རུའི་ཤིང་ཁྲོད་ན་གནས་པའི་སྤྲུལ་མགོའི་གདེངས་ཀ་གདེངས་ཤིང་འཇིགས་སུ་རུང་བ་ཡོད་པ།གླང་པོ་ཆེ་དྲེགས་པ་དང་བཅས་པའི་གནས་བྱུ་རུའི་སྡོང་བུ་བསྒྱེལ་བ་དང་ལྡན་ཞིང༌། ཉི་མའི་འོད་ཟེར་གྱིས་རེག་པའི་དབང་གིས་མུ་ཏིག་ཡོད་པའི་ཉ་ཕྱིས་ཁ་བྱེ་བའི་ཁོག་པས་རྣམ་པར་སྤྲས་པ་ཉེ་བར་འབུལ་བ་དང་ལྡན་པ། ནོར་བུ་མཆོག་གི་རྡོ་ལས་གྲུབ་པའི་ཆུང་མའི་སྐྱེ་བོ་གནས་ཤིང་བྱའི་ཁྱུ་དགའ་སྟེ་སྒྲ་འབྱིན་པས་གླུ་ལེན་པ་ལྟ་བུ་ཡོད་པའི་རྒྱ་མཚོའི་གླིང་དག་ན། ཀླུའི་བདག་པོའི་ལུས་ཆེན་པོས་སྐུ་དཀྲིས་ཏེ། གདེངས་ཀའི་གདུགས་ཀྱིས་ཉི་མའི་འོད་ཟེར་བསྒྲིབས་ཤིང་བསམ་གཏན་མཛད་པ་རྣམས་དང༌། སྨན་ལྗོངས་དག་ན་ཕྱོགས་ཀྱི་གླང་ཆེན་བྲང་གིས་རྡོ་བ་ཁེབས་པའི་ཁྱུ་འཁོད་ཅིང༌། ཁྱོར་བཅས་ལན་ཅིག་མ་ཡིན་ར་རོར་གྱུར་པའི་གནོད་སྦྱིན་མོ་དག་གནས་གྱུར་ལ། །ཀླུ་ཡི་རྒྱལ་པོ་མགོ་བོ་སྟོང་དེ་ཁ་ནས་མེ་འབར་འབྱུང་བས་ཤིང་སྲེག་ཅིང༌། །གངས་རི་ཏི་སེ་ལ་ནི་བློ་གཙང་གང་དག་ཞལ་ཏོན་མཛད་ཅིང་བཞུགས་པ་དང༌། །རྒྱ་མཚོའི་རླབས་ཀྱིས་བཤལ་བའི་རི་བོ་འགབ་ལྡན་མ་སྨད་པ། །རི་བོ་མན་ད་ར་ལ་ཉིན་ཕྱེད་ཚུན་ཆད་བཞུགས་བཞུགས་ཤིང༌། །ཉི་མ་ཕྱེད་པར་གྱུར་ནས་གང་དག་གཞན་དུ་བཞུགས་པའི་ཕྱིར། །ནོར་བུའི་རྩེ་མོ་བཀྲམ་པའི་འཁོར་ཡུག་རི་ལ་བརྟེན་པ་དང༌། །གང་དག་འཁྲི་ཤིང་གཞོན་ནུས་རྡོ་བ་ཁེབས་གྱུར་པའི། །དབང་ཆེན་རྩེ་མོ་ཡིད་དུ་འོང་བར་བདེར་གནས་ཏེ། །མཁའ་ལྡིང་ཤུགས་ཀྱིས་ནང་དུ་ཀླུ་རྣམས་དཀྲུགས་པ་ཡི། །རྒྱ་མཚོ་རིན་ཆེན་གནས་ལ་རྣམ་པར་གཟིགས་པ་དང༌། །ངང་པའི་ཚོགས་ཅན་ཤིན་ཏུ་གཙང་བ་དྲག་འབབ་ཆར་གྱི་ཆུ་ཡིས་རི་འགབ་བཀྲུས་གྱུར་ཅིང༌།།ཕྱོགས་ཀྱི་གླང་པོས་བསྒྱེལ་བའི་ས་ལ་ཀི་ཡིས་རྡོ་བ་ཆེན་པོ་མང་པོ་ཁེབས་གྱུར་ལ། །གཅན་གཟན་དབང་པོ་རལ་པ་འཁྱིལ་ཞིང་གསལ་བས་དཔུང་པའི་ཕྱོགས་འབར་ཉལ་བས་གང་གྱུར་ཅིང༌། །སྦལ་མིག་མཐོན་པའི་ལྕུག་མས་འཁོར་བས་གྲུབ་པ་ངལ་སོས་རི་བོ་ཀྲོན་ཛར་གང་གཤེགས་དང༌། །གང་དག་མུན་བསལ་ཁྱད་པར་ཅན་གྱི་བློས། །ཤིང་ལྗོན་སྣ་ཚོགས་མེ་ཏོག་རྒྱས་གྱུར་ཅིང༌།།རི་དགས་རྒྱུ་བས་ནེའུ་གསེང་གཞོན་སྣང་བ། །གཟི་རྡོ་ནགས་རྣམས་མི་སྤོང་བཞུགས་པ་དང༌། །ཡང་གང་དག་ནུབ་ཀྱི་བ་ལང་སྤྱོད་དང༌། ཤར་གྱི་ལུས་འཕགས་པོ་དང༌། བྱང་གི་སྒྲ་མི་སྙན་དང་གླིང་གཞན་དག་ན་སྐྱེས་པའི་ལྕུག་ཕྲན་མདོག་སྣུམ་ཞིང་སྔོ་ལ་འཇམ་པ་མང་པོས་ས་
གཞི་ཀུན་དུ་ཁེབས་པ། ཤིང་གི་གྲིབ་མའི་དཀྱིལ་འཁོར་བསིལ་བ་དང༌། ཁྲི་ཤིང་གིས་འཁོར་ཞིང་རི་དགས་མང་པོ་གནས་པའི་ནགས་ཚལ་དེ་དང་དེ་དག་ན་བཞུགས་པ་རྣམས་དང༌། ཡང་གང་དག་དར་དང༌། གན་དྷ་ར་དང༌། གུ་ཟན་དང༌། ལི་དང༌། ཤི་རིང་དང༌། བ་ལེ་དང༌། བྲི་ཤ་དང༌། ཁ་ཆེའི་ཡུལ་དང༌། རྒྱ་ཡུལ་དང༌། གྲོང་ཁྱེར་ཟས་འདྲ་དང༌།རྡོ་འཇོག་ཟས་འདྲ་དང༌། སྐྱེས་པའི་གྲོང་ཁྱེར་དང༌། ཕྱོགས་མཚམས་དང༌། ཀུན་ཏི་མ་ལ་བ་དང༌། སྲུང་བྱེད་དང༌། གྲོང་ཁྱེར་དང༌། ཚ་དུ་ཀ་དང༌། ཚ་ཏ་དང༌། བྷ་རུ་ཀད་ཚ་དང༌། ཀཽ་ཤཱམཱི་དང༌། སེར་སྐྱའི་གནས་དང༌། མཉན་ཡོད་དང༌། མི་ཐུབ་པ་དང༌། གྲོང་ཁྱེར་མེ་ཏོག་དང༌། ཏི་ར་དང༌། བཅོམ་རླག དང། གྲོང་ཁྱེར་ལོངས་སྤྱོད་དང༌། ཙམ་པ་ཀ་དང་རྒྱལ་པོའི་ཁབ་དང༌། དབང་པོའི་བྲག་ཕུག་དང༌། འབྲོག་དང༌། ཀོ་ནའི་གྲོང་དང༌། ཀུན་དགའི་གྲོང་དང༌། མཆོད་རྟེན་གྱི་གྲོང་དང༌།འཁྲུར་བཅུག་གི་གྲོང་དང༌། རྣམ་པར་རྒྱལ་བའི་གྲོང་དང༌། ཡངས་བཅན་དང༌། ལི་ཁར་ཤིང་འཕེལ་བ་དང། འཕེལ་བྱེད་དང༌། ཟངས་ཀྱིས་གཡོགས་པ་དང༌། རྡོ་སྙིགས་འཛིན་དང༌། ཀོ་ས་ལ་དང༌། ཨ་ན་དྲ་དང༌། ཀ་ལིང་ག་དང༌། པ་རྦ་དང༌། ཡ་བ་ནའི་གླིང་དང༌། སིང་ག་ལའི་གླིང་དང༌། ཀ་ལ་ཤའི་གྲོང་ཁྱེར་དང༌། གསེར་གྱིས་དང༌། ཧ་རི་ཀེ་ལ་དང༌། བ་རོ་ཤ་ཀ་ཏ་ཧ་དང༌། ན་རི་ཀེ་ལ་དང༌།པ་ན་སའི་གླིང་དང༌། ཤུ་ས་ར་དང༌། ནིམྦའི་གྲོང་ཁྱེར་དང༌།དཔལ་གྱི་ཞིང་དང༌། དངུལ་ཆུའི་གནས་ལ་སོགས་པ་ཡུལ་དང༌། ཆ་བྱད་དང༌། སྐད་དང༌། གནས་པ་དང༌། ཆོ་ག་དང༌། རིགས་དང༌། རུས་དང༌། ཚུལ་ཁྲིམས་དང༌། ཚུལ་ཁྲིམས་ཅན་དུ་མའི་ཡུལ། མི་གནས་པའི་ཡུལ་གཞན་དག་ན་བཞུགས་པ་རྣམས་དང༌། །གང་དག་སྔོན་ཆད་ཉི་ཟླའི་འོད་ཀྱིས་མ་ཕོག་ཅིང༌། །ཤེ་ཤ་སྦྲུལ་གྱི་ལུས་ཀྱི་འོབས་གནས་རི་ཡི་དྲུང༌། །དེ་ཡི་གཙུག་གི་རིན་ཆེན་འོད་ཀྱིས་མུན་བསལ་བའི། །ས་འོག་ཏུ་ནི་རིང་བོར་མ་ཐོགས་གཤེགས་གྱུར་དང༌། །གང་དག་ཆུ་ལྟར་ས་ལ་ཐོགས་མེད་བྱེའུ་འཛུལ་མཛད་པ་དང༌། །གང་དག་སར་གནས་ཕྱག་གི་རྩེ་མོས་ཟླ་བ་རེག་མཛད་དང༌། །གང་དག་བྱ་ལྟར་ནམ་མཁའ་ལ་ནི་ཤུགས་ཀྱིས་རྒྱུ་མཛད་ཅིང༌། །ན་བཟའི་ཐ་མས་སྤྲིན་མཐར་རེག་པས་སྤྲིན་ལིང་འཇིག་མཛད་དང༌། །གང་དག་ལྷ་དང༌། ཀླུ་དང༌། གྲུབ་པ་དང༌། འཁོར་བ་དང༌། ཚོགས་རྣམས་ཀྱིས་རྟག་ཏུ་མཆོད་པའི་རི་འཇིགས་མེད་དང་བུང་བའི་རི་དང༌། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དང༌། ཤར་གྱི་རི་བོ་དང༌། ནུབ་ཀྱི་རི་བོ་དང༌། ཤི་རི་ཀུན་པ་ཏ་དང༌། ཀུན་དུ་སོ་མ་དང༌། ཏ་མ་སའི་ཚལ་དང༌། བསིལ་བའི་ཚལ་དང༌། ལྷས་སྤྲུལ་དང༌། འཇིགས་མེད་པ་རི་དང༌།ནགས་ཚལ་ཆེན་པོ་དང༌། ཚེར་མ་ཅན་གྱི་ཚལ་དང༌། བྱམས་པའི་རི་དང༌།ཆུ་སྲིན་བྱིས་པ་བསོད་ཀྱི་རི་དང༌། རི་ནག་པོ་དང༌། གནས་ཀྱི་རི་དང༌། སེར་སྐྱའི་རི་དང༌། མེ་ཏོག་གི་རི་དང༌། ཀླུའི་རི་བོ་དང༌།ཙནྡན་གྱི་རི་བོ་དང༌། ཚེར་མའི་རི་བོ་དང༌། ལྷ་ཡུལ་བབས་པ་དང༌། ཨ་ས་སིམྦ་དང༌། ཀུན་དགའ་སྟོན་ལྡན་དང༌། རི་བོའི་རྒྱལ་མཚན་དང༌། གཞི་བཀྲུས་དང༌། རང་གི་མཆོད་རྟེན་དང༌།སཱ་ལུ་སྤུངས་ལྡན་དང༌། ཕོ་བྲང་འཁོར་དཔལ་ཡོན་ཅན་དང༌། བྱ་རྒོད་ཀྱི་ཕུང་པོ་དང༌། རི་དགས་ཀྱི་ནགས་དང༌། ཀ་ཤོ་དང༌། གཙུག་ལག་ཁང་གསེར་ཀ་ནི་ཥྐ་ཤ་ཧི། ལ་སོགས་པ་ཆོ་འཕྲུལ་རྨད་དུ་བྱུང་བ་སྣ་ཚོགས་དང་ལྡན་པ་རྣམས་དང༌། དྷརྨ་རཱ་ཛི་ཀ་མཆོད་རྟེན་དུ་མ་དང༌།སངས་རྒྱས་བཞིའི་གདན་ཁྲི་ཡོད་པ་བསོད་ནམས་སུ་གྱུར་པའི་ས་ཕྱོགས་རྒྱུན་མི་འཆད་པར་ཀློག་པ་དང༌། ཁ་ཏོན་དང༌། བསམ་གཏན་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་ཞུགས་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པ་དག་པའི་སྒྲ་བཅོམ་པ་རྣམས་བཞུགས་བཞུགས་པ། ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང༌། ན་བའི་གསོ་སྨན་དང༌། ཡོ་བྱད་དང་འཚོག་ཆས་རྣམས་ཀྱིས་ལེགས་པར་བྱས་པས་མཐའ་མཐའ་ན་ཆུའི་གནས་ཡོད་པ་ལ་ཉེ་བར་སྤྱོད་པས་ཉམས་དགའ་བ། བདེ་བར་གཤེགས་པའི་ཞབས་ཀྱིས་བཅགས་པས་གཙང་བར་གྱུར་པའི་ས་གཞི་ཅན། ཞི་བ་ཐུབ་པའི་སྐྱེ་བོ་གནས་པ་རྣམས་ན། དེ་ཁོ་ན་བསྒོམས་པའི་ཡིད་ཀྱིས་ཏིང་ངེ་འཛིན་བསྐྱེད་པ། ཚེའི་ལྷག་མ་གནས་པར་མཛད་པ་རྣམས་དང༌། གང་དག་གློག་འགྱུ་བྱ་གག་དག་གིས་སྐུ་ལུས་བཀྲ་བྱས་སྤྲིན་སྣུམ་འདྲ་གྱུར་ནས། །བཀྲེས་པའི་སྡུག་བསྔལ་སྣོད་གྱུར་མདའ་རྩེ་རྣོན་པོ་ལྟ་བུའི་སྤུ་ཡིས་རབ་གང་ཞིང༌། །བསྒོམས་བས་མིག་ཞ་མེ་སྟག་བཅས་པའི་མེ་རྣམས་ཀྱིས་ནི་ཀུན་ནས་ལུས་བསྐོར་བའི། །ཡི་དགས་གནམ་དུ་ལྟ་བ་རྣམས་ལ་ཐུགས་རྗེས་སྟེང་ནས་ཆར་གྱི་རྒྱུན་འབེབས་དང༌། །རིན་ཆེན་བྱེ་མའི་ཕྲེང་བས་གྱ་གྱུར་དཀྲིགས་མཐོ་ལ། །དང་ཁྱུ་བག་ཡངས་གནས་ཤིང་ལང་ལོང་ཉལ་གྱུར་ཅིང༌། །ཆུ་དང་ཉེ་བས་ཆུ་ཡི་ཟེར་མས་བསིལ་གྱུར་པ། །མ་ན་ཡ་ཡི་མཚོ་གླིང་བསམ་གཏན་མཛད་དགུ་དང༌། །གང་དག་མི་རོ་མང་པོའི་ཤ་དང་ཁྲག་གི་རོ་བྲོ་བས་དགའ་བར་གྱུར་པའི་བྱ་ཁྭའི་ཚོགས་ཀྱིས་གང་བར་གྱུར་པའི་ས་ཕྱོགས་མགོའི་ཐོད་པ་གས་ནས་ཚིལ་ཐིགས་ཟགས་པའི་སྣུམ་གྱིས་མཆེད་པའི་མེས་ཚིག་ཅིང༌། རང་གི་མེ་ལྕེས་ཤིང་བཅེར་བ་བསྐམས་ཤིང་རྙིངས་པའི་ལག་པ་དང༌།རྐང་པ་དང༌། སོ་དང༌། སྐྲའི་དུམ་གྲུགས་ཀྱིས་གང་ཞིང༌། ཟླ་བ་དྲི་མ་མེད་པའི་འོད་ལྟ་བུའི་ཀེང་རུས་ཀྱི་ཕུང་པོ་ཡོད་ལ། སྐབས་ཤིག་ཏུ་རོ་ལངས་བྱུང་ནས། ཨ་ལ་ལ་ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང༌། མེ་སྟག་དང་བཅས་པའི་ གད་མོ་དྲག་པོས་འབྱུང་བ་འཁྲུགས་ཤིང་སྐྲག་པར་གྱུར་པ་ཅེ་སྤྱང་མི་བཟད་པའི་ཁ་ནས་དུ་བ་དང་བཅས་པའི་མེ་ལྕེ་འབྱུང་བའི་དུར་ཁྲོད་ཆེན་པོ་དག་ན་བུད་མེད་ཀྱི་རོ་སྦོས་ཤིང་ལྟོ་སྒང་ངེར་གྱུར་པའི་སྟེང་ན་འདུག་ཅིང༌། དགའ་བའི་བྱ་རྒོད་ཀྱི་མཆུ་དང༌། སྡེར་མོས་ལྟོ་འབྲང་ཅིང་ལྟོའི་ནང་ན་སྲིན་བུའི་རིགས་རྣམས་གནས་པ། ཅེ་སྤྱང་གི་སྟོབས་ཀྱི་ཤུགས་ཀྱིས་དྲངས་པའི་ནང་གྲོལ་དྲི་མི་ཞིམ་པའི་དུམ་བུས་འཁོར་ལ། བྱ་ཁྭ་བཀྲེས་པས་མིག་གི་ཤ་བྲུས་པ་དག་ལ་གཟིགས་ཤིང༌། རྟག་ཏུ་མི་སྡུག་པ་བསྒོམས་ཏེ།གང་དག་ཁ་ཅིག་རོའི་གནས་མལ་དོང་ནས་ནི། །ཁྲག་དང་ས་ཆགས་དམར་ཞིང་རྩུབ་པའི་སྐྲ་འཁྱིལ་དང༌། །བྱ་ཡི་མཆུ་དང་སྡེར་མོས་མིག་རྐོང་བྲུས་པ་ཡང༌། །མི་རོ་བོར་བའི་ལུས་ལ་གཟིགས་པར་གྱུར་པ་དང༌། །སྒོ་དང་སྲང་བར་ལ་ལར་མེ་འབར་མེ་ལྕེའི་རྩེ་མོ་མང་པོས་མགོ་རྨོངས་ཤིང༌། །རལ་གྲི་གཏུན་དང་རྡོ་བས་བསྣུན་ཅིང་བརྡུངས་ནས་སྐྱེ་བོ་ཀུ་ཅོ་འདོན་གྱུར་ལ། །གཤིན་རྗེའི་ཕོ་ཉ་སྙིང་རྗེ་མེད་པ་སྡོད་ཅིག་ཟེར་བའི་བཟོད་གླག་སྒྲས་གང་བའི། །སེམས་ཅན་དམྱལ་བ་རྣམས་སུའང་སྲོགས་ཆགས་དོན་ཕྱིར་གང་དག་སྐད་ཅིག་འཇུག་པ་དང༌། །གཞན་ཡང་ཤ་རིའི་མིའི་དུག་མངས་གླང་པོ་ཆེ་འཁྲུག་པའི་མདུན་ལོགས་ན་ཡལ་ག་བྲེགས་པའི་སྡོང་བུ་ཡོད་པ་ཕྱོགས་ཀྱི་ཕར་ནས་རླུང་ཆེན་པོ་ལངས་པས་འོད་མའི་ཚལ་བསྐྱོད་ནས་འཁྲི་ཤིང་གི་དྲ་བ་དང་དྲུད་པ་ལས་མེ་བྱུང་བའི་མེ་ལྕེས་ཤིང་མཆོག་སྣ་ཚོགས་ཚིག་ནས། རི་དགས་དང༌། ཕག་རྒོད་མཆོག་མ་གྱོགས་པ་བརྒྱ་ཕྲག་དག་སྐྲག་ཅིང་མགོ་རྨོངས་པ་ཡོད་པ། ཤིང་ལོ་མང་པོ་ལྷགས་ལ་ཤིང་རྙིངས་པ་ཅན་བསིལ་བའི་གྲིབ་མ་སང་སིད་མེད་བ། ཉམས་དགའ་བའི་ལོངས་སྤྱོད་ཡོད་པ། ནགས་ཀྱི་མ་ཧེ་དང་ཕག་རྒོད་ཀྱིས་མེ་ཏོག་ཨུཏྤ་ལ་དང༌། པདྨ་དང༌། ས་ཧ་ཀ་ར་བསྐྱོད་པས་ཆུ་དྲི་ཞིམ་པོར་གྱུར་པའི་མཚེའུ་འགྲམ་ན་ཤིང་ལ་སྤྲེའུ་འི་ཁྱུ་གནས་པ་ཉེ་འཁོར་གྱི་རི་ལས་ཆུ་རླབས་མི་དྲག་པར་འབབ་པས་འཁོར་ནས་ནེའུ་གསེང་མོང་པའི་ས་གཞི་ཡོད་པའི་འབྲོག་དག་ན་ཞི་བའི་བདག་ཉིད་ཅན་འཆག་པ་དང་ཀློག་པ་དང་ཁ་ཏོན་དང༌། བསམ་གཏན་ལ་མངོན་པར་བརྩོན་པ། གང་དག་བག་མེད་པའི་གནས་དར་ལ་བབ་པ་ཡོལ་བར་མཛད་པ་རྣམས་དང༌། རི་བོ་རྡོ་ལེབ་ཆེ་ཞིང་ཡངས་ལ་རབ་ཏུ་སྣུམ་པ་འདྲ་གྱུར་ཅིང༌། །གློག་གི་ཕྲེང་བར་མེ་ཏོག་ཡོད་ལ་འཇའ་ཡིས་བཀྲ་བའི་བདག་ཉིད་ཅན། །ཆུ་བསིལ་སྤྲིན་ཆགས་རྣམས་ལ་ཆུ་འབབ་ཟེར་ཕྲན་ཆགས་པའི་རྫིང་ལྡན་ཅན། །སེར་བུས་ན་བཟའ་གཡོ་བ་གང་དག་ཉི་མའི་གུང་ལ་བཞུགས་པ་དང༌། །དེ་བཞིན་དུ་རྟག་ཏུ་གོམས་པའི་ལམ་ནས་འདོང་བའི་གླང་བོའི་ཁྱུའི་རྨིག་རྗེས་ཡོད་ལ། །ནགས་ཀྱི་མ་ཧེ་འཁྲུགས་པའི་རྭས་གྲོག་མཁར་ཆེན་པོ་བཤིག་པའི་ཤུལ་གྱི་ཁུང་བུ་ནས་སྦྲུལ་གྱི་ལུས་ཕྱེད་ཕྱུང་སྟེ། ནགས་ཀྱི་རླུང་འགམ་པ་ཡོད་པ། ས་ཚལ་སྟུག་པོ་དང་འདམ་བུ་དང༌། ཤིང་ཀ་ཤ་སྟུག་པོའི་ཁྲོད་ན་སྟག་ཟུང་དུ་གནས་པ་ཅན། ཕག་རྒོད་ཀྱི་སྣས་རློག་པའི་གླ་སྒོང་གི་རྩ་བ་འཛིངས་པ་རལ་པ་ལྟར་འདུག་པ་ཡོད་པ་ཤིང་ནི་ཙུ་ལའི་མེ་ཏོག་བྲུལ་བས་རྡོ་བ་རྩ་དམར་བར་གྱུར་པ་ཡོད་པ། ཤིང་གི་ཕྱོགས་སུ་རི་དགས་ཀྱི་ཁྱུ་འདམ་རྫབ་ལ་ཐོགས་པ་ཡོད་པ། ཤིང་ལོ་སྔོན་པོ་སྟུག་པོར་སྐྱེས་པའི་དྲི་བསུང་མང་པོ་ཡོད་པའི་གཤེར་བའི་ཆུ་རྒྱུན་ངག་ཏུ་མངོན་པར་དགྱེས་ཤིང་དགེ་བའི་ཕྱོགས་སྟོན་པ་རྣམས་དང། རིན་པོ་ཆེའི་འོད་ཟེར་གྱིས་ཆུའི་རྩ་དམར་བར་གྱུར་ལ།ཐུགས་བསམ་གཏན་ལ་ཞེན་པས་དཔག་བསམ་གྱི་ཤིང་གི་ལྕུག་མའི་རྩེ་མོས་རེག་པའི་རི་སྦོས་ཀྱི་དད་ལྡང་གི་སུལ་ན་རྩོལ་བ་མེད་པ་གང་དག་བཞུགས་པ་དག་གང་དག་སེང་གེ་བསྒྱིངས་པ་ཡོད་པ་རི་དགས་རྒྱུ་བ་དང་ལྡན་པ། ཆུ་འདུས་ཏེ་འབབ་པ་ཡོད་པ་གཡོས་པས་སྟེང་གི་རྩེ་མོ་ལྡེམ་པའི་སྔགས་ཀྱིས་སྐར་མའི་ཚོགས་འཕངས་པ། སའི་སྟེང་ན་ལྕི་བ་ལྷུན་པོ་ཡང་ལྕུག་ཕྲན་ལ་བྱ་བ་བཞིན་དུ་སྒྲིམ་མི་དགོས་པར་ཞབས་ཀྱི་སོར་མོས་སའི་འོག་གི་རྨད་དང་བཅས་པ་གསལ་བར་འཕེན་པ་དག་དང༌། ཏིང་ངེ་འཛིན་ཐོབ་པ་གང་དག་ཆར་པའི་ཆུས་རྡོལ་བའི་བུ་ག་དུ་མ་ནས་ཉི་མའི་འོད་ཟེར་བྱུང་བ་ཟླ་བ་ལྟ་བུ་ཡོད་ཅིང༌། རྨང་རྡོ་དང་རྩིག་ངོས་ཤག་ཤིག་ཏུ་གྱུར་པའི་མཚམས་སུ་བ་རྒྱ་ཆགས་པ། སྦྲུལ་གསོབ་རླུང་གིས་གང་སྟེ་སྒང་དེར་འདུག་པའི་ཕྲེང་བ་རྟག་ཏུ་ཡོད་ཅིང༌། ནགས་ཀྱི་རི་དགས་ཀྱི་ལྕེས་ཚ་སྒོ་རྡུལ་ཅན་རྩུབ་པོ་
གས་པས། ཤིང་རྩ་སེད་སིད་པོར་གྱུར་པ་ཡོད་པ། རྩིག་རྨང་དུ་སྲིན་བུ་གོ་དའི་ཚོགས་རིང་ནས་གནས་པར་གྱུར་ཅིང༌། སྲེ་མོ་མགོ་བསྟོད་དེ་ཕྱོགས་སུ་བལྟ་བས་བྱི་བ་སྐྲག་པ་ཡོད་ལ། ནང་དུ་རྩ་སྔོན་པོ་སྟུག་པོ་སྐྱེས་པའི་འཇག་མའི་དྲུང་གི་གསེབ་ན་ཕྱེ་མ་ལེབ་རྒྱུ་བ་ཡོད་ཅིང༌། འུག་པ་མང་པོ་སྒྲ་འབྱིན་ཅིང་གླུ་ལེན་བ་ལྟ་བུ་ཡོད་པའི་གྲོང་སྟོང་སུས་ཀྱང་ཏིང་ངེ་འཛིན་མ་བྱས་པ་རྣམས་ན། སྟོན་པའི་བཀའ་ནན་ཏན་གྱིས་བསྒྲུབ་པ་རྣམས་དང༌། གཞན་ཡང༌། གང་དག་གཡག་གི་རྨིག་པས་རྡོ་བཅག་ཡོད་ཅིང་སྤྲིན་ལྡིངས་ལྡན་གྱུར་ལ། །མཐའ་མར་སཱ་ལ་ཐང་ཤིང་སྐྱེས་ལ་ཆུ་བསིལ་མི་ཁེབས་འབབ་ཡོད་ཅིང༌། །བསམ་གཏན་ཞེན་པའི་བློས་ནི་ཁ་བ་བབ་པས་ཆོས་གོས་ལྕི་ཞིང་ཟག་གྱུར་ཀྱང༌། །གངས་རི་དག་གི་ལྟོང་ན་འགྲོ་བ་ཤིང་གི་དྲུང་དུ་བཞུགས་པར་དགྱེས་པ་དང༌། །ནང་ན་ཆུ་སྲིན་འཁྲུགས་ཏེ་གཡོས་པས་ཉ་རྣམས་ཀུན་འབྱེར་ཞིང༌། །སྐམ་པས་ཉམ་ཆུང་གྱུར་པའི་སྤྲིན་བཏུང་ཁ་ཡིས་ཆུ་འཐུངས་ལ། །གཤོང་དུ་འཁྱིལ་བར་སྦྲུལ་དབུགས་ཕྱུང་བས་རྦ་རླབས་རྒྱུན་འཆད་པའི། །རྒྱ་མཚོ་ལ་ཡང་མཚན་མོ་བརྟན་པ་གང་དག་འཆག་མཛད་པ། །སྣོད་གྱུར་བདག་ཉིད་ཐུགས་ལྡན་གཙང་མའི་ལྷུང་བཟེད་ཕྱག་བསྣམས་ཤིང༌།།བསོད་ནམས་ལྡན་པའི་སྐུ་ལུས་ན་བཟའ་ཆོས་གོས་རབ་གཡོ་བ། །དེ་དག་སང་གི་གདུགས་ནི་ནམ་གྱི་གུང་དུ་ཕྱིན་པ་ན། །གཎྜཱི་བརྡུངས་པའི་སྒྲ་སྙན་སྐད་གསང་གྲགས་པར་གྱུར་པའི་ཚེ། །བསྟན་བཅོས་སྣ་ཚོགས་ཀྱི་དེ་ཁོ་ན་གོམས་པའི་ཆུ་བླུགས་པས་མི་ཤེས་པའི་སེམས་ཀྱི་དྲི་མ་བཀྲུས་པའི་མཁས་པའི་ཚོགས་འདུས་པ། ཉི་མ་ཤིན་ཏུ་མང་པོ་ནས་འདྲིས་པའི་སྲིད་པའི་སྤྲོས་པ་བཅད་པ། བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེའི་སྒྲོམ་དུ་གྱུར་པ། དགེ་བའི་ཚོགས་བདུད་རྩིའི་བཏུང་བའི་གཞི་བྲོ་བ། ཡེ་ཤེས་ཀྱི་གསེར་མ་གཏོགས་པ་བརྡར་བའི་བརྡར་རྡོ་སྔོན་པོར་གྱུར་པ། ལེགས་པར་སྤྱད་པ་སྟོང་གི་ཚོགས་བསགས་པས་གྲགས་པ་རྒྱ་ཆེ་བ་དང་ལྡན་པ།སྦྱིན་བདག་ཆེན་པོ་བདག་ཉིད་ཅན་སྟོན་གྱི་ནམ་ཐང་ལྟ་བུའི་ཡིད་དང་ལྡན་པ་མིང་འདི་ཞེས་བྱ་བ་འདིའི་གན་དུ། མ་ཧེའི་རྭ་ལྟར་སྔོ་ཞིང་དྲི་མེད་མཁའ་ལས་འཕུར། །གཟི་བརྗིད་ཀྱིས་ནི་ཉི་མའི་འོད་ཟེར་སྟོང་འཐོར་ཞིང༌།།མངོན་དུ་ཕྱོགས་ནས་འོང་བའི་སྤྲིན་ནི་དྲལ་ནས་སུ། །སྐྱེ་བོ་ཕན་ཕྱིར་ཐུབ་རྣམས་སོང་འདིར་གཤེགས་སུ་གསོལ། །རྒྱུན་མི་འཆད་པར་ཏིང་ངེ་འཛིན་དང༌། ཀློག་པ་དང༌། འཆག་པ་དང༌།སྐྱེ་བོ་བླ་མལ་བརྟེན་པར་མངོན་དུ་དགའ་བའི་བློ་གྲོས་དང་ལྡན་པ། མྱ་ངན་ལས་འདས་པའི་ལམ་གྱི་རྗེས་སུ་མཐུན་པ། ཁ་ན་མ་ཐོབ་མེད་པའི་རིག་པ་གསུམ་རབ་ཏུ་སྒྲུབ་པ། ཉོན་མོངས་པ་ལས་གྲོལ་བར་འདོད་པའི་དགེ་སློང་གང་དག།འདི་ན་གནས་པ་འདུལ་བའི་ཆོ་ག་ལ་གོམས་པ། ལུས་དང་ངག་དང་ཡིད་ཀྱི་འཇུག་པ་ཞི་བ་དང་ལྡན་པ་དེ་དག་ཀྱང་མ་ལུས་པར་ཅི་བདེར་དོ་མོད་ཀྱི་མཚན་མོ་ཟད་པར་མཛོད་ལ། འདི་ཉིད་དུ་གནས་པར་མཛོད་ཅིག །ཐུབ་པའི་སྲས་མོ་ཤེས་རབ་ཞི་དང་དུལ་བས་བརྒྱན་པའི་དགེ་སློང་མ།ཐ་དད་གླིང་དང་ཀླུ་དང་ནགས་དང་རི་དགས་སྤྲོས་པའི་བསམ་བྲལ་ཞིང༌། །འདོད་ཆགས་ཞེ་སྡང་གཏི་མུག་དྲི་བྲལ་ཞི་འོས་འགྲོ་བའི་མ་ལྟ་བུ། །དེ་དག་དགྱེས་པར་མཛོད་ལ་སྦྱིན་བདག་ཕན་པར་བཞེད་པས་སང་འདིར་སྤྱོན། །ཕྱག་ན་རྡོ་རྗེ་ལ་སོགས་པ་དང་གནོད་སྦྱིན་གཙོ་བོ་དང༌། །གྲུབ་པ་རྣམས་དང་གང་དག་ལྷ་མ་ཡིན་དང་ཀླུ་རྣམས་དང༌། །སངས་རྒྱས་ནི་རབ་ཏུ་དད་པའི་ལྷ་མཆོག་གང་ཡིན་པ། །དེ་དག་རྣམས་ཀྱང་སྦྱིན་བདག་འདི་ལ་ཕན་ཕྱིར་སང་འདིར་སྤྱོན། །ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། རིག་སྔགས་འཆང་དང༌། །གྲུབ་པ་དང༌། མི་འམ་ཅི་དང༌། ནམ་མཁའ་ལྡིང་ལ་སོགས་པ་འབྱུང་པོ་རྣམས་དང༌། སྟོབས་བཅུ་མངའ་བའི་བསྟན་པའི་ཡོན་ཏན་བསྒྲུབ་པ་དང་ལྡན་པ་རྣམས་ཀྱིས་ཀྱང༌། དམ་པའི་ཆོས་གནས་པར་བྱ་བ་དང༌། སྦྱིན་བདག་ཆེན་པོ་བདག་ཉིད་ཆེ་བ་འདི། སྣོད་བཟང་པོ་ལ་སྦྱར་བ་དང༌། སྦྱིན་བདག་ཆེན་པོ་འདི་ལ་གྲོགས་བགྱི་བས་ཉིད་ཀྱིས་དགེ་བའི་ཡོན་ཏན་སྐྱེད་བ་ལ་དགེ་འདུན་ནན་ཏན་མཛོད་ཅིག །རྒྱུན་མི་འཆད་པར་བསྲུང་བ་དང༌།བསྐྱབ་པ་དང༌། བསྐྱང་བ་ལ་བརྩོན་པར་མཛོད་ཅིག །ཡང་དུལ་བ་དང༌། ཚུལ་ཁྲིམས་དང༌། ཐོས་པས་ཤིན་ཏུ་ཆེ་བའི་འཕགས་པའི་དགེ་སློང་གི་དགེ་འདུན་འདུས་པ་ལ་གསོལ་བ་འཚལ་ལོ། །ལྷུན་པོ་ལས་བྱུང་སྦྲུལ་མགོ་ལྔ་འདྲ་རྡོ་རྗེ་ཀ་ན་ཀ༌།ཉ་དང་གདུགས་དང་འཁོར་ལོ་དག་དང་ལྕགས་ཀྱུའི་མཚན་མངའ་བ། །པདྨ་གསེར་གྱི་དཔལ་ལྡན་ཕྱག་སོར་དྲ་བ་སྲབ་མོས་འབྲེལ། །སེན་མོའི་འོད་ཀྱིས་ཁྱབ་པ་རྒྱལ་བའི་ཕྱག་གིས་བསྐྱབ་པར་ཤོག །སྲིད་པའི་འདོད་ཆགས་ཉོན་མོངས་ཞགས་པ་བསལ་ཞིང་སྲེད་མེད་པ། །ཆུ་ཡི་ཆུ་གཏེར་ལྟ་བུར་ཡོན་ཏན་རྣམས་ཀྱི་གནས་གཅིག་པུ།།ཐུབ་པའི་སྲས་མཆོག་དགེ་འདུན་བདག་གིས་གུས་པར་སྤྱན་དྲངས་པས།།དེ་རིང་དགེ་བ་གང་བསགས་དེ་ནི་བྱང་ཆུབ་ཐོབ་གྱུར་ཅིག །ཇི་སྲིད་མཁའ་ལ་འོད་འཕྲོ་འོད་ཀྱིས་གསལ་བས་རྣམ་པར་སྣང་བྱེད་ཅིང༌། །རི་དགས་རྟགས་ཅན་འོད་ཀྱི་རལ་པའི་དཀྱིལ་འཁོར་ལྡན་ལ་འཆར་བ་དང༌། །།རྒྱ་མཚོ་རྒྱས་པར་གནས་པ་དེ་སྲིད་ལྷ་དང་ལྷ་མིན་ཕྱག་བྱས་པའི། །བདེ་བར་གཤེགས་ཀྱི་བསྟན་པ་ཐོགས་པ་མེད་པར་གནས་པར་ཤོག །གནས་བརྟན་སྤྱན་དྲང་བ་སློབ་དཔོན་བྷཱ་བ་སྐནྡ་པ་ཞེས་བྱ་བས་མཛད་པ་རྫོགས་སོ།། །། ཨཱ་ཙཱརྱ་ཛི་ན་མི་ཏྲ་དང༌། བན་དེ་ཡེ་ཤེས་སྡེས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། 
      

                          རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
    གསལ་འདེབས། 
   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
   དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།