བུ་ལ་སྤྲིང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།།     སྤེལ་དུས།  2016-12-04 09:16:43     རྩོམ་པ་པོ།   སད་ཛ་ན་ཆེན་པོ།།    ཀློག་ཐེངས།  

img_8586.jpg

        ༄༅༅། །རྒྱ་གར་སྐད་དུ། སུ་ཏཾ་ལེ་ཁ། བོད་སྐད་དུ། བུ་ལ་སྤྲིང་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚོ་ཆེན་ས་གཞིར་གྱུར་འདི་དགྲ་བཅོམ་བྱེ་བའི་ཡུལ། །ལེགས་སྤྱོད་མིས་གང་དཔེ་མེད་དཔལ་སྒོ་རིག་གནས་འདིར། །མཁས་པ་རིན་ཆེན་རྗེ་རྗེའི་རྒྱུད་འཛིན་བྲམ་ཟེའི་རིགས། །གཟུགས་སྟོབས་ཤེས་རབ་ཕུན་ཚོགས་མ་ཧཱ་ཛཱ་ནར་འགྱུར། །མཆོག་ཏུ་བརྩེ་བའི་ཕ་མ་མཛའ་བཤེས་གཉེན་འདུན་ཚོགས། །མཆིལ་མའི་ཐལ་བ་བཞིན་དུ་ལྟོས་མེད་ཡལ་དོར་ནས། །མཐའ་འཁོབ་ཀླ་ཀློ་མུན་པའི་ནང་ན་གཅིག་འཁྱམས་པ། །བློ་ལྡན་བུ་དེ་ཤེས་རབ་སྒྲོན་མས་སྣང་གྱུར་ཅིག །ཤིན་ཏུ་བརྩེ་བའི་དེད་དཔོན་བདག་གིས་ནི། །ལེགས་བཤད་རྒྱ་མཚོའི་གླིང་ནས་བླངས་པ་ཡི། ། སྤྲིང་ཡིག་རིན་ཆེན་འདི་ནི་བུ་ལ་བསྐུར། །རབ་གུས་དགའ་ཞིང་དད་པས་མཉན་པར་གྱིས། །དགེ་བའི་ཡུལ་དབུས་ཁང་བཟང་ལོངས་སྤྱོད་དང༌། །གཡོ་མེད་སེམས་ཀྱིས་རྒྱུན་དུ་བརྩེ་བ་ཡི། །ཕ་མ་མཛའ་བཤེས་རྩ་ལག་སྤངས་ནས་ནི། །བུ་ཁྱོད་མཐའ་འཁོབ་རྒྱུ་བ་ཤིན་ཏུ་སྨད། །དམ་ཆོས་ཕྱིར་ནི་ཕ་མ་ཡལ་དོར་ནས། །ནོར་བཟང་བཞིན་དུ་ཡུལ་གཞན་རྒྱུ་འོས་ན། །འདོད་པའི་དོན་དུ་ཕ་མ་ཡལ་དོར་ནས། །སྨད་པའི་དོན་དུ་རྒྱུ་བ་ག་ལ་རིགས། །
བུ་ཁྱོད་གཟུགས་སྡུག་མཆོག་དང་སྒྲ་སྙན་དང༌། །དྲི་ཞིམ་རོ་མཆོག་རེག་བྱའི་བདེ་བྱེད་པ། །འདོད་པའི་འདམ་དུ་འགྲོ་བ་འདི་དག་བྱིང༌། །དཔེར་ན་གླང་ཆེན་འདམ་དུ་ཆུད་པ་བཞིན། །འདོད་པ་ལས་ནི་འཇིགས་དང་སྡུག་བསྔལ་དང༌། །མྱ་ངན་དང་ནི་འཚེ་བ་སྣ་ཚོགས་འབྱུང༌། །གསོད་དང་བཅིང་དང་ཡན་ལག་གཅོད་པ་དང༌། །མེ་དང་ཆུ་དང་གཡང་སར་འདོར་བར་བྱེད། །འདོད་ལ་བརྐམ་པས་སེམས་ཅན་དམྱལ་བ་དང༌། །ཡི་དགས་དུད་འགྲོ་རྣམས་སུ་སྡུག་བསྔལ་རྙེད། །མིར་གྱུར་ན་ཡང་སྡུག་བསྔལ་མི་སྙན་དང༌། །དྲི་མི་ཞིམ་དང་བཀྲེས་སྐོམ་མད་ཀྱིས་གཟིར།།གཡེན་བ་ཅན་ལ་པྲུག་ན་བདེ། །དེ་བཞིན་འཇིག་རྟེན་འདོད་ལྡན་བདེ།།དེ་བས་འདོད་པ་མེད་པ་བདེ། །ཇི་ལྟར་མེ་ལོང་བྲག་ཅ་དང༌། །སྤོས་སྣོད་གཟར་བུ་ནམ་མཁའ་རྣམས། །གཟུགས་བརྙན་སྒྲ་གྲགས་སྤོས་དང་ནི། །ཚོད་མའི་རོ་དང་རླུང་རྣམས་ཀྱིས། །ནམ་ཡང་ངོམས་པར་འགྱུར་བ་མེད། །དེ་བཞིན་མིག་དང་རྣ་བ་དང༌། །སྣ་དང་ལྕེ་དང་ལུས་རྣམས་དང༌། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང༌། །རོ་མཆོག་རེག་བྱ་བདེ་བ་ཡིས། །ནམ་ཡང་རོམས་པར་འགྱུར་བ་མེད། །དེ་བས་འདོད་པ་རྣམས་སྤང་ཞིང༌། །འཕགས་པའི་ཆོས་རྣམས་བསྟེན་པར་བྱ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་མཆོག །རྣམ་གྲོལ་བདེ་བས་ངོམས་པར་འགྱུར། །འདོད་ལ་ཆགས་པ་སྤང་བར་བྱའོ། །ནོར་ལ་ཆགས་པས་འདིར་གདུང་ཕྱི་མར་གདུང༌། ། གཉིས་ཀར་གདུང་སྟེ་དེས་ན་བདག་ཉིད་ཀྱིས། །ལས་རྣམ་སྨིན་མཐོང་དེ་གདུང་རབ་ཏུ་གདུང༌། །འགྲོ་བ་དམན་པར་སོང་བས་ཕྱིར་ཞིང་གདུང༌། །བསག་དང་བསྲུང་དང་བརླག་པའི་གདུང་བ་ཡིས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་པས་གཡེང་བར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ནོར་གྱི་ཕྱིར་ནི་རྒྱལ་བུ་དགེ་དོན་གྱི། །མིག་གཉིས་ཚེར་མ་རྣོན་པོས་བརྟོལ་བར་གྱུར། །བུ་མོ་མཛའ་བོ་རྣ་བ་བྱེ་བ་རི། །རྒྱ་མཚོར་ཤི་འཕོས་འཁྱམ་པར་གྱུར་པ་ཡིན། །འདི་ན་ནོར་འཚོལ་ཁ་ཅིག་གསལ་ཤིང་བཙུགས། །ལ་ལ་ཡན་ལག་ཉིད་ལག་གཅོད་པར་སྣང༌། །གཞན་དག་བཙོན་ར་ཤིན་ཏུ་ཟབ་མོར་བཅུག །ཁ་ཅིག་ཁོང་སྒྲིལ་སུ་མི་འདོད་ཀྱིས་བཅིངས། །ནོར་བུ་ལེན་པའི་ཚོང་པ་ལྔ་བརྒྱ་དག །སིང་ག་ལ་ཡི་གླིང་དུ་སྲིན་མོས་བཟུང༌། །རྫུ་འཕྲུལ་ཆེན་པོའི་རྟ་རྒྱལ་བ་ལ་ཧས། །དེ་དགབསྒྲལ་བར་ནུས་པ་མ་ཡིན་ནོ། །འདི་ན་གསེར་དང་དངུལ་དང་བཻཌཱུརྱ། །མུ་ཏིག་བྱི་རུ་ཨསྨ་གརྦྷ་དང༌། །ཀཱརྵཱ་པ་ཎ་ལ་སོགས་ཚར་བབས་ཀྱང༌། །ནོར་འཚོལ་རྣམས་ནི་ངོམས་པར་འགྱུར་བ་མེད། །གངས་ཅན་འབིགས་བྱེད་དང་ནི་མཉམ་པ་ཡི། །ནོར་གྱི་ཕུང་པོ་ལ་ནི་དབང་བསྒྱུར་ཀྱང༌། །ནོར་ཚོལ་གཅིག་ཀྱང་དོམས་པར་འགྱུར་མ་ཡིན། །དེ་ཕྱིར་བུ་ཁྱོད་ནོར་ལ་ཆགས་པ་སྤོངས། །འདི་ན་ནོར་མང་སྐྱེ་བོ་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ཡིན་ཏེ། །ཀླུ་དབང་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ལུས་སྲོག་ཡལ་བར་དོར་ནས་ནོར་བསགས་ཀྱང༌། །ཤིན་སྐལ་བ་ཉམས་པར་འགྱུར་བ་ཡི། །ནོར་དེ་རྨི་ལམ་སྤྲིན་དང་མཚུངས་པ་ཡིན། །དེ་བས་འདོད་པ་ཆུང་ཞིང་ཆོག་ཤེས་བྱ། །ནོར་མང་བསགས་ཤིང་སྦ་བྱས་ཀྱང༌། །ཅུང་ཟད་ཅུང་ཟད་སྦྱད་པ་ཡིས། །འཇུངས་པའི་ནོར་ནི་འདྲ་བ་ལྟར། །སྡུག་བསྔལ་སྐྱེད་པ་ཁོ་ནར་ཟད།།བུ་ཁྱོད་གལ་ཏེ་ནོར་འཚོལ་ན། །འཕགས་པའི་ནོར་བདུན་བསྟེན་པར་གྱིས། །རྒྱལ་པོ་རྐུན་པོས་མི་ཕྲོགས་ཤིང༌། །སྲིད་པའི་དབུལ་བ་སེལ་བར་འགྱུར། །རྟག་ཏུ་ཚུལ་ཁྲིམས་ལྡན་པ་ལ། །སྦྱིན་བ་བཀུར་སྟིས་བརྒྱན་པར་གྱིས། །ནོར་རྣམས་དེ་ལྟར་གཏེར་དུ་སྦོས། །རྗེས་སུ་འབྲང་ཞིང་དབྲོག་ཏུ་མེད། །འདི་ན་ནོར་སློང་དམན་པ་སྟེ། །མི་སྦྱིན་པ་ནི་དེ་བས་དམན། །ནོར་སྦྱིན་པ་ནི་མཆོག་ཡིན་ཏེ། །མི་འདོད་པ་ནི་དེ་བས་མཆོག །ནོར་ལ་ཆགས་པ་སྤང་བའོ། །འདོད་པའི་ཕྱིར་ནི་བྱིས་པ་རྣམས། །བུད་མེད་རུལ་པ་སྟེན་བྱེད་པ། །འགྲོ་བ་རུལ་པར་འགྲོ་འགྱུར་ཞིང༌། །ངན་སོང་རྣམས་སུ་ལྟུང་བར་འགྱུར། །འཇིགས་པ་ཆེན་པོའི་འཆིང་བ་ནི། །བུད་མེད་ཞགས་པ་མི་བཟད་པ། །སངས་རྒྱས་རྣམས་ཀྱིས་འདོད་པ་དང༌། །བུད་མེད་བསྟེན་པའང་མ་བསྔགས་སོ། །ལམ་འདིས་བྱང་ཆུབ་བར་བཅད་པས། །སྦྲུལ་གདུག་ཤིན་ཏུ་ཁྲོ་བ་ལྟར། །མཁས་ཁྱོད་བུད་མེད་རྣམ་པར་སྤོངས། །མི་གང་དག་ནི་བུད་མེད་འདོད། །དེ་དག་བདེ་བར་ག་ལ་འགྱུར། །བུད་མེད་ཕུང་བར་བྱེད་པ་སྟེ། །འཇིག་རྟེན་འདི་དང་ཕ་རོལ་ཕུང༌། །རྣམ་པ་ཀུན་དུ་ནོར་འཇིག་དང༌། །ངན་སོང་རྩ་བ་བུད་མེད་ཡིན། །བུ་ཁྱོད་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་རྟག་ཏུ་སྤོངས། །བུད་མེད་རྣམས་ཀྱི་རང་བཞིན་ནི། །འདོད་ཅན་རྣམས་ཀྱིས་མི་རིག་སྟེ། །སྐྱེས་པ་དང་ནི་ཡིད་གཅུགས་ཤིང༌། །རྩེ་དགའ་དུ་མ་བྱས་ནས་ཀྱང༌། །སྦྲུལ་གྱི་ལྤགས་རྙིང་འདོར་བ་ལྟར། །བུད་མེད་ཀྱིས་ནི་བློ་བུར་འདོར།།སྦྲང་མས་མེ་ཏོག་རྙིང་པ་ལྟར། །བུད་མེད་ཀྱིས་ནི་ནོར་མེད་པའི།།སྐྱེས་པ་རྒན་པོ་འདོར་བྱེད་ཅིང། །གཟུགས་བྱད་ངན་པའང་འདོར་བ་ཡིན། །རབ་ཏུ་བརྩེ་བས་བུད་མེད་དག །ཐམས་ཅད་དུ་ནི་ཡོངས་བསྐྱངས་ཀྱང༌། །བུད་མེད་ཤིན་ཏུ་མི་བཟད་པ། །བདག་གིར་བྱ་བར་མི་ནུས་སོ། །དེ་ཡི་རང་བཞིན་འདི་ཡིན་ཏེ། །བུད་མེད་རྣམས་ནི་སེམས་མི་སྲུན། །བྱས་པ་དྲིན་དུ་མི་གཟོ་བས། ། རང་གི་སྐྱེས་པའང་གསོད་པར་བྱེད། །ཆུ་བོ་དང་ནི་སྡེར་མོ་ཅན།།རྭ་ཅན་ལག་ན་མཚོན་ཐོགས་པ། །རྒྱལ་པོ་ངན་དང་བུད་མེད་ལ།།ནམ་ཡང་ཡིད་བརྟན་མི་བྱའོ། །བུད་མེད་ཁ་ཟས་ཉིས་འགྱུར་ཏེ།།གཡོ་སྒྱུ་དག་ནི་བཞི་འགྱུར་ཡིན། །ཕྲག་དོག་ཤས་ནི་དྲུག་འགྱུར་ཏེ། །འདོད་པ་བརྒྱ་འགྱུར་ཡིན་པར་བྱ། །ཤིང་རྣམས་ཀྱིས་ནི་མེད་དང་ནི། །ཆར་གྱིས་རྒྱ་མཚོ་ཆེན་པོ་དང༌། །འབྱུང་པོ་ཀུན་གྱིས་གཤིན་རྗེ་ལྟར།།སྐྱེས་པ་བུད་མེད་ངོམས་མི་འགྱུར། །པུ་ཀ་རྩེ་ཡི་ཁ་ཆུ་ཡིས།།བྱེ་མའི་ཕུང་པོ་ཇི་ལྟར་འབང༌། །སྐྱེས་པ་གཞོན་ནུ་ཐམས་ཅད་ཀྱིས། །བུད་མེད་གཅིག་ནི་ངོམས་མི་འགྱུར། །བྱི་བོ་བྱེད་པའི་ངང་ཚུལ་ཅན། །མ་བསྡམས་མི་བསྲུན་འདོད་ལ་བརྐམ། །རང་གི་ཆུང་མས་མི་ཆོག་སྟེ།།འཇིག་རྟེན་དག་ན་སྨད་འོས་ཡིན། །འདི་དང་ཕ་རོལ་སྡུག་བསྔལ་འགྱུར། །གསོད་དང་ཆད་པ་དྲག་པོ་མྱོང༌། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །དེ་བས་བུ་ཁྱོད་དེ་སྤོངས་ཤིག །བྱི་བོ་བྱེད་པ་ཤལ་མ་ལི། །ལྕགས་ཀྱི་ཚེར་མ་རྩེ་མོ་འབར། །སོར་ནི་བཅུ་དྲུག་ཡོད་པ་ལ། །དུ་ཞིང་སྟོབས་ཀྱིས་འཛེགས་པར་འགྱུར། །བུད་མེད་ཤིན་ཏུ་འཇིགས་འཇིགས་ལྟ། །མཆེ་རྣོ་ལུས་ཆེ་འབར་བ་ཡིས། །གཞན་གྱི་བུད་མེད་འཕྲོག་པ་ལ། །ཅི་ནས་ཟ་བ་ཁོ་ནར་འགྱུར། །གལ་ཏེ་ཆུང་མར་བརྟེན་ན་ཡང༌། །དེ་ཡི་ཉེས་དམིགས་དྲུག་ཅུ་ལྔ། །དྲག་ཤུལ་ཅན་གྱི་མདོ་ལས་གསུངས། །དེའི་ཕྱིར་བུད་མེད་སྤང་བར་བྱའོ། །བུད་མེད་ལ་ཆགས་པ་སྤང་བའོ།། །།གང་ཞིག་འཐུངས་ནས་ར་རོ་གློ་ནས་གོམ་ཚུགས་དབང་མེད་འོད། །ཡུལ་གྲོང་མ་འདྲིས་པར་ཡང་འཁྱམ་ཞིང་བརྡེག་འཆོས་འགྱུར།།བཟའ་དང་མི་བཟའ་སྤྱད་མེད་དུག་དང་འདྲེས་པ་ཟ། །དེ་བས་བུ་ཁྱོད་མྱོས་འགྱུར་ཁུ་བ་རྟག་ཏུ་སྤོངས། །གང་འཐུངས་ན་ནི་བདག་ལ་བརྟན་མེད་བློ་ཉམས་ཤིང༌། །ཕྱུགས་དང་འདྲ་བར་མཛའ་བོས་སྤོང་ཞིང་དགྲ་བོས་འཕྱ། །འདུས་པ་བྲོ་གར་བྱེད་ཅིང་གླུ་ལེན་འཁར་རྡ་རྡུང༌། །དགེ་ལེགས་གྲགས་ཉམས་རྒྱུ་དེ་སུ་ཞིག་འཐུང་བར་བྱེད། །དེ་འཐུངས་ངོ་ཚ་ཁྲེལ་ཡོད་དོར་ནས་ནི། །གཅེར་བུར་བྱུང་ཀྱང་འཛེམ་མེད་སྨྱོན་པ་བཞིན། །རྐུན་པོ་གཅན་གཟན་རྒྱུ་བའི་ལམ་དུ་འགྲོ། །ལུས་སྲོག་ཉམས་རྒྱུ་དེ་ནི་ཁྱོད་ཀྱིས་སྤངས། །དེ་འཐུངས་སྐྱུགས་པས་གོས་ཤིང་འགྱེལ་གྱུར་ནས། །ཁ་ཡང་ཁྱི་ཡིས་དོགས་པ་མེད་པར་ལྡགས། །དྲན་མེད་ལམ་པོ་ཆེར་ཡང་ཉལ་གྱུར་ན།།བག་མེད་རྩ་བ་རྟག་ཏུ་སྤང་བར་བྱ། །གང་ཞིག་འཐུངས་ནས་མྱོས་པར་འཁྲུལ་འགྱུར་ཏེ། །འབྲིས་ན་ཨན་དྷ་དག་ཀྱང་རྨེ་བྱུང་ན། །དུ་ཆེནའཐིབ་སྟེ་ཕན་ཚུན་ཐལ་མར་བྱུང༌། །ཕུང་ཁྲོལ་རྩ་བ་དེ་ནི་སུ་ཞིག་འཐུང༌། །གང་ཞིག་འཐུངས་ན་དཔལ་གྱི་གཞིར་འགྱུར་རིགས། །ཇེ་མཐོ་ཇེ་མཐོ་གྱུར་པའང་རླག་བྱེད་པ། །ནོར་གྱི་དབྱིག་ལྡན་ཁྱིམ་ཀྱང་ཕུང་འགྱུར་བ། །ཉེས་མང་གཞི་རྩ་དེ་ནི་སུ་ཞིག་འཐུང༌། །གློ་བུར་དུ་ཞིང་རེ་འགའ་དགོད་པར་བྱེད། ། མ་ངེས་སྨྲ་ཞིང་གདོན་གྱིས་ཟིན་པ་བཞིན། །དམ་པས་སྨད་ཅིང་བརྙས་པའི་གནས་གྱུར་པ། །འཁྲུལ་སླད་རྒྱུ་དེ་སུ་ཞིག་འཐུང་བར་བྱེད། །བག་ཡོད་རྣམས་ཀྱང་དེ་འཐུངས་སེམས་ཉམས་ཤིང༌། །བདག་ལ་ཕན་པའི་ལམ་དུ་མི་འཇུག་པ། །མ་བརྟགས་མང་དུ་སྨྲ་ཞིང་ཚིག་རྩུབ་འབྱིན། །སྒོ་གསུམ་ཉམས་བྱེད་དེ་ནི་བཏུང་མི་བྱ། །གང་གི་ཉེས་པས་སྔོན་གྱི་ལྷ་རྣམས་མྱོས། །ལྷ་ཡི་དབང་པོའི་དཔལ་ནི་ཉམས་གྱུར་ནས།།སྐྱབས་འདོད་ཕྱིར་ན་རྒྱ་མཚོའི་ནང་དུ་གབ། །ལྷ་ཡང་ཉམས་བྱེད་དེ་ནི་བཏུང་མི་བྱ། །མི་བྱ་བ་ཡང་བྱ་བ་བཞིན་དུ་བྱེད།།མི་བདེན་པ་ཡང་བདེན་པ་བཞིན་དུ་སྨྲ། །ཞུམ་པ་རྣམས་ཀྱང་མ་ཞུམ་བཞིན་དུ་སྤྱོད། །མྱོས་འགྱུར་རིགས་ཉམས་སྡུག་བསྔལ་རྒྱུར་གྱུར་པ། །སྡིག་པའི་སྲིན་མོ་བྱུར་ངན་མངོན་སུམ་བཞིན། །རྩོད་པའི་གཞི་དང་ཐ་དད་མ་ཡིན་པ། །སྙིང་གི་མུན་པ་མི་བཟད་དེ་སུ་འཐུང༌། །དེ་འཐུངས་ཡིད་ནི་རབ་ཏུ་འཁྲུགས་གྱུར་ནས། །བརྩེ་བའི་ཕ་དང་མ་ཡང་གསོད་འགྱུར་ཞིང༌། །ཉེས་མེད་དགེ་སྦྱོང་བྲམ་ཟེ་དྲང་སྲོང་གསོད། །ཆོམ་རྐུན་དང་ནི་ལོག་གཡེམ་སྨད་པ་བྱེད།།རྫུན་དང་ཕྲ་མ་ཚིག་རྩུབ་འཁྱལ་པ་སྨྲ། །བརྣབ་སེམས་གནོད་སེམས་ལོག་ལྟའི་མུན་པ་འཛིན། །མི་དགེའི་རྩ་བདེ་ནི་བཏུང་མི་བྱ།།གང་ཞིག་བཏུང་ན་ཚུལ་ཁྲིམས་ཏིང་འཛིན་དང༌། །ཤེས་རབ་ལྟ་བ་འཚོ་བ་ཆོ་ག་དང༌།།དྲན་པ་ཤེས་བཞིན་དད་པ་བརྩོན་འགྲུས་ཉམས། །དགེ་ཆོས་ཆུད་གཟོན་དེ་ནི་བཏུང་མི་བྱ། །དེ་འཐུངས་སྡིག་སྤྱོད་རྣམས་ནི་ལུས་ཞིག་ནས། །རབ་ཏུ་བཟོད་དཀའི་སེམས་ཅན་དམྱལ་བར་ལྟུང༌། །ཡི་དྭགས་དུད་འགྲོ་རྣམས་ཀྱང་སྨྱོན་པར་འགྱུར། །སྡུག་བསྔལ་རྩ་བ་དེ་ནི་བཏུང་མི་བྱ། །ཐུབ་པས་དགའ་བ་ཅན་གྱི་མདོ་ལས་ནི། །མྱོས་འགྱུར་ཉེས་པ་སུམ་ཅུ་རྩ་ལྔ་གསུངས། །དེ་ཕྱིར་བུ་ཁྱོད་བདག་ལ་ཕན་འདོད་ན། །ཉེས་ཀུན་རྩ་བ་དེ་ནི་བཏུང་མི་བྱ། །ཆང་དགའ་དགོས་པ་ཐམས་ཅད་ལ།།རྟག་ཏུ་བག་མེད་སྤྱོད་པར་འགྱུར། །མཁས་པ་རྣམས་ཀྱི་སྨན་འགྱུར་ཞིང༌། །དཀར་པོའི་ཆོས་རྣམས་འགྲིབ་པར་འགྱུར། །ཉེས་ཀུན་རྩ་བ་བག་མེད་གནས། །འདི་དང་གཞན་དུ་རྣམ་པར་རྨོངས། །དེ་བས་སྐྱེ་བོ་ཆེན་པོ་ཁྱོད། །ཆང་ལ་དགའ་བ་རྟག་ཏུ་སྤོངས། །ཕན་པར་སྨྲ་བ་དཀོན་པ་སྟེ། །ཉན་པར་བྱེད་པ་ཤིན་ཏུ་དཀོན། །དེ་དག་བས་ཀྱང་མི་ཉན་ཡང༌། །ཕན་པའི་རྗེས་སུ་བྱེད་པ་དཀོན། །ཕན་པར་སྨྲ་བ་མཆོད་པ་ནི། །བསྒོ་བ་ཤིན་ཏུ་སྒྲུབ་པ་ཡིན། །བུ་ཁྱོད་ང་ལ་མཆོད་འདོད་ན། །གདམས་པ་བཞིན་དུ་རྗེས་སུ་སྒྲུབས། །ཆང་ལ་དགའ་བ་སྤང་བའོ། །བདག་གི་སྤྲིང་ཡིག་རིན་ཆེན་འདི། །བུ་ལ་བརྗོད་པ་ལས་བྱུང་བའི། །དགེ་བ་གང་དེས་འགྲོ་བ་ཀུན། །ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །བུ་ལ་སྤྲིང་བ་པཎྜི་ཏ་མཁས་པ་ཆེན་པོས་སད་ཛ་ན་ཆེན་པོས་མཛད་པ་རྫོགས་སོ།། །།ཁ་ཆེའི་མཁན་པོ་མ་ཧཱ་ཛ་ན་དང༌།
བོད་ཀྱི་ལོ་ཙཱ་བ་མར་བ་ཆོས་ཀྱི་དབང་ཕྱུགས་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།

གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
                                                                           

 

 

བརྒྱུད་འགོད།