བླ་མ་ལ་སྤྲིང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།།     སྤེལ་དུས།  2016-12-04 09:07:37     རྩོམ་པ་པོ།   དགེ་སློང་དགོན་པ།།    ཀློག་ཐེངས།  

img_8503.jpg

         ༄༅༅། །རྒྱ་གར་སྐད་དུ། གུ་རུ་ལེ་ཁ། བོད་སྐད་དུ། བླ་མ་ལ་སྤྲིང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྒྱལ་སྲས་རྣམས་ཀྱི་དོན་དུ་སྟུག་པོ་བཀོད་པར་སངས་རྒྱས་ནས། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱ་ཐུབ་གྱུར་གང༌། །ཀུན་མཁྱེན་ཉེས་བྲལ་ངོ་བོ་ཉིད་མེད་དེ་ནི་རྒྱལ་གྱུར་ཅིག །བླ་མ་མཁས་པ་བློ་གྲོས་རྒྱ་ཆེ་ལ། །འདོད་སྲེད་བག་མེད་ཉོན་མོངས་སྤང་བའི་ཐབས། །ཐུབ་པའི་གསུང་བཞིན་མདོར་བསྡུས་བརྗོད་པ་འདི། །སྨན་བཞིན་ཕན་པར་བརྟགས་ནས་གསན་པའི་རིགས། །ཇི་ལྟར་རིགས་ངན་ལག་ནས་རིན་ཆེན་མཆོག །བློ་ལྡན་སྐྱེ་བོས་རབ་གུས་ལེན་པ་ལྟར། །ཀུན་རྨོངས་བདག་གིས་བརྩེ་བས་གསོལ་བ་ཡི། །སྤྲིང་ཡིག་འདི་ནི་རབ་གུས་བླང་བར་འོས། །སྟོན་པའི་མདོ་སྡེ་ཟབ་ཅིང་རྒྱ་ཆེན་རྣམས།།མཁན་པོ་ཉིད་ཀྱི་ཐུགས་སུ་ཆུད་མོད་ཀྱི། །ལུས་ཀྱི་དོན་དུ་གསོད་པའི་ཁ་ཟས་ལྟར། །བདག་གིས་བརྗོད་པ་འདི་ཡང་བསྟན་པར་མཛོད། །རི་དགས་གླང་པོ་ཕྱེ་མ་ལེབ་དང་ཉ། །སྦྲང་མ་ལྔ་པོ་ལྔ་ཡིས་བཅོམ་གྱུར་ན། །གཅིག་གིས་བཅོམ་ན་གང་གིས་ལྔ་པོ་ཀུན། །རྟག་ཏུ་བསྟེན་ན་ཅི་ཕྱིར་བཅོམ་མི་འགྱུར། །འདོད་པ་རྣམས་ནི་ཀུན་ནས་འབར་བ་སྟེ། །རབ་ཏུ་སྨད་ཅིང་བསད་དང་དགྲ་བོ་ཡིན། །ཕྱིར་རྒོལ་བ་དང་རྩྭ་ཡི་སྒྲོན་མེ་དང༌། །ཀི་མ་པ་ཀ་ཡི་འབྲས་བུ་རལ་གྲིའི་སོ། །
མེ་མདག་སྤུངས་པ་དུག་གི་ལོ་མ་དང༌། །ལྕགས་ཀྱུ་ཚེར་མ་མི་གཙང་རླུབས་ལྟ་བུ། །འདོད་པའི་རྒྱུས་ནི་སེམས་ཅན་དམྱལ་བར་ལྟུང༌། །ཡི་དགས་རྣམས་དང་དུད་འགྲོར་སྐྱེ་བར་འགྱུར།། འདོད་ལ་བརྐམ་པ་བདེ་འགྲོར་མི་སྐྱེ་ཞིང༌། །མྱ་ངན་འདས་པ་ནམ་ཡང་ཐོབ་མི་འགྱུར། །དལ་རྙེད་ཤེས་རབ་ལྡན་གྱུར་ཅིང༌། །རྒྱལ་བའི་བསྟན་ལ་ཞུགས་པ་ཁྱོད། །འདོད་དང་སྲེད་པ་བག་མེད་དང༌།།ཉོན་མོངས་རྣམས་ནི་སྤང་བར་མཛོད། །ཀུན་རྟོག་ལས་ནི་འདོད་སྐྱེ་བས།།འདོད་པའི་རྩ་བ་མཁྱེན་ནས་ནི། །ཁྱོད་ནི་ཀུན་རྟོག་མ་མཛད་དང༌། །དེ་ནི་ཁྱོད་ལ་འབྱུང་མི་འགྱུར། །འདོད་པ་རྣམས་ལས་མྱ་ངན་སྐྱེ། །འདོད་པ་རྣམས་ལས་འཇིགས་པ་འབྱུང༌། །འདོད་པ་དག་ནི་རྣམ་སྤངས་ན། །མྱ་ངན་མེད་ཅིང་འཇིགས་པ་མེད། །འདོད་པའི་རྣམ་སྨིན་སྡུག་བསྔལ་ཏེ། །དང་པོ་མངར་ལ་འབྲས་བུ་ཚ། །མེ་སྒྲོན་ལག་ནས་མ་བོར་ན། །མཇུག་ཏུ་བྱིས་པ་སྲེག་བྱེད་པ་ཞིན། །ནོར་བུའི་རྣ་ཆ་བུ་དང་ཆུང་མ་ལ། །ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན།།ལྕགས་ཤིང་གྲེས་མ་ལས་བྱས་ཆིངས་མ་གང༌། །དེ་དག་དམ་པོ་མིན་ཞེས་འཕགས་པ་གསུངས། །འདོད་པའི་ཆིངས་མ་གང་ཡིན་དེ་ལྷོད་ཀྱང༌།།རབ་ཏུ་དགྲོལ་བར་དཀའ་ཞེས་འཕགས་པས་གསུངས། །བརྟན་རྣམས་འདོད་པའི་བདེ་ལ་མི་ལྟ་བར། །དེ་དག་གཏུབས་ནས་མྱུར་དུ་འགྲོ་བར་བྱེད། །འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་སྣ་ཚོགས་དེ་ལ་གནས་ཀྱང་ནི། །འོན་ཀྱང་འཇིག་རྟེན་འདི་ན་འདུན་པ་འདུལ། །མི་རྣམས་ལ་ནི་བརྟེན་པའི་འདོད་པ་མེད། །འདོད་པ་གང་ལ་ཆགས་ཏེ་མི་རྟག་པས། །ཡང་སྲིད་མེད་ཕྱིར་སེམས་ཀྱིས་རབ་སྤངས་ལ། །འཆི་བའི་གནས་མི་འགྱུར་བར་གྱིས་ཞེས་གསུངས། །འདུན་པ་བསྐྱེད་ཅིང་ཟག་པར་མི་བྱེད་དང༌།།སེམས་ལ་སྐྱོན་མེད་པ་དང་དྲན་པ་དང༌། །འདོད་པ་རྣམས་ལ་སོ་སོར་མ་ཆགས་གང༌། །དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུངས། །མགར་བ་ཡིས་ནི་རྡུལ་བཞིན་དུ། །བློ་གྲོས་ལྡན་པས་རིམ་པ་བཞིན། །སྐད་ཅིག་ཐང་ཅིག་ཅུང་ཟད་ཙམ། །རང་གི་དྲི་མ་བསལ་བར་བྱ། །ལྷམ་མཁན་གྱིས་ནི་ཀོ་བ་དག །ཡོངས་སུ་སྦྱངས་པའི་ལྷམ་བདེ་ལྟར། །འདོད་པ་གང་དག་གང་སྤངས་པ། །དེ་དེ་བདེ་བ་ཕུན་སུམ་ལྡན། །གལ་ཏེ་བདེ་བ་ཀུན་འདོད་པ། །འདོད་པ་ཐམས་ཅད་ཡོངས་སུ་སྤོངས། །འདོད་པ་ཐམས་ཅད་ཡོངས་སྤངས་པས། །མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཇི་སྲིད་འདོད་པའི་རྗེས་འབྲངས་པ། །དེ་ཉིད་རབ་ཏུ་ངོམས་མི་འགྱུར། །དེ་ལ་གང་དག་ཤེས་རབ་ཀྱིས། །ཟློག་བྱེད་དེ་དག་ཚིམ་པ་འཐོབ། །འདོད་པས་ངོམས་པར་མི་འགྱུར་བས། །ཤེས་རབ་ཀྱིས་ནི་ངོམས་པ་བདེ། །ཤེས་རབ་ཀྱིས་ནི་ངོམས་པའི་མི། །སྲིད་པའི་དབང་དུ་མི་འགྱུར་རོ།།འདོད་ལ་ཆགས་པའི་མི་གང་ཡིན། །དེ་དག་ཀྱེ་མ་ཆོས་མིན་དགའ།། ཅུང་ཟད་གསོན་པོར་འདུག་པ་ན། ། བར་ཆད་མཐོང་བར་མི་འགྱུར་རོ།། བློ་ངན་ལོངས་སྤྱོད་གྱིས་བཅོམ་པ། །ཕ་རོལ་ཚོལ་བར་མི་བྱེད་ཅིང༌། །བསམ་བརླག་འདོད་ལ་སྲིད་པ་ཡིས། །བདག་ཕུང་གཞན་ཡང་ཕུང་བར་བྱེད། །ལྷ་ཡིས་འདོད་པའི་ཆར་བབ་ཀྱང༌། །འདོད་ལྡན་རྣམས་ལ་ངོམས་མི་འགྱུར། །བརྒྱ་བྱིན་དང་ནི་མཉམ་པ་ཡི། །ལྷ་ཡི་འདོད་པ་ཡོད་གྱུར་ཀྱང༌། །ང་ལས་ནུས་བཞིན་མི་ངོམས་པར། །རྟོགས་པར་མཛོད་ལ་ལེགས་པར་སྤྱོད། །འདོད་པ་མནོག་ཆུང་ཉེས་མང་བར། །
མཁས་པ་རྣམས་ཀྱི་ཁོང་དུ་ཆུད། རྫོགས་པའི་སངས་རྒྱས་ཉན་ཐོས་རྣམས།།ལྷ་ཡི་འདོད་པ་རྣམས་ལ་ཡང༌། །ལྷག་པར་དགའ་བར་མི་འགྱུར་གྱི། །སྲེད་པ་ཟད་པས་དགྱེས་པར་འགྱུར། །གང་དག་སྡུག་བསྔལ་རྒྱུ་ཤེས་པ། །དེ་དག་ནམ་ཡང་འདོད་ལ་དགའ་མི་འགྱུར། །འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་མཁྱེན་ནས། །འདི་དག་གདུལ་ཕྱིར་བསྟན་པ་འཐོབ་པར་མཛོད། །འདོད་པ་སྤང་བའི་ལེའུ་སྟེ་དང་པོའོ།། །།ལུས་ཅན་རྣམ་པར་རྟོག་པས་རབ་བཅོམ་པ། །འདོད་ཆགས་མི་བཟད་གཙང་མའི་རྗེས་ལྟ་བས། །འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་འགྱུར་ཏེ།།རང་གི་འཆིང་བ་དེ་ཡིས་དམ་པོར་བྱེད། །གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང༌། །མི་སྡུག་བསྒོམ་པ་རྟག་ཏུ་དྲན་བྱེད་པ། །དེ་ཡི་སྲེད་པ་རབ་ཏུ་སྤངས་པ་ཡིན། །རང་གི་འཆིང་བ་དེ་དག་གཏུབས་པར་འགྱུར། །འདོད་པའི་མུན་ནག་དྲ་བས་གཡོགས། །སྲེད་པའི་དགབ་པས་བཀབ་པ་དང༌།།བག་མེད་འཆིང་བས་བཅིངས་པ་དག །ཚོད་མར་ཆུད་པས་ཉ་དང་འདྲ། །སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ། །འཁྲི་ཤིང་བཞིན་དུ་སྲེད་པ་འཕེལ་འགྱུར་ཞིང༌། །སྐྱེ་རྒ་ན་འཆིའི་རྗེས་སུ་འགྲོ་འགྱུར་ཏེ། །མ་དྲུང་ནུ་ཞོ་འདོད་པའི་བུ་དང་འདྲ། །འདོད་པའི་བྲན་དང་མངོན་དགའ་ཆགས་བྱེད་དང༌། ། ཡིད་བདེ་བ་ལ་རྟོག་པར་བྱེད་པ་དག །དེ་ཡིས་ཡང་དང་ཡང་དུ་འཁོར་བར་འཁྱམས། །ཚལ་དང་འབྲས་བུ་འདོད་པའི་སྦྲེ་དང་མཚུངས། །མི་གང་རྟག་ཏུ་བདེ་བ་འདོད་བྱེད་པ།།སྐྱེ་རྒ་ན་འཆིའི་དྲ་བར་ཆུད་འགྱུར་ཞིང༌། །ངན་འགྲོའི་སྲིད་པ་རྣམས་ཀྱིས་མདུན་དུ་བདར། །རྒྱ་ནང་རི་བོང་ཡོངས་སུ་རྒྱུགས་པ་བཞིན། །སྲིད་པའི་ཞགས་པས་མདུད་པའི་སེམས་ཅན་དག །སྲིད་དང་ལོངས་སྤྱོད་དག་ལ་སེམས་ཆགས་ཤིང༌། །བུ་དང་ཆུང་མ་རྣམས་ལ་རབ་ཞེན་པ།།ཡང་དང་ཡང་དུ་སྡུག་བསྔལ་འཐོབ་པར་འགྱུར། །སྐྱེ་བོ་གྲུབ་དང་བདེ་རྣམས་དང་བྲལ་ཞིང༌། །བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ། །འཇིགས་དང་སྡུག་བསྔལ་རྣམས་ཀྱིས་འཇོམས་འགྱུར་ཏེ། །རྩྭ་དང་ལོ་མའི་མཆོག་ལ་མེ་དང་འདྲ། །འདི་ན་སྲེད་པ་དེ་འདྲ་སྤོང་བྱེད་པ། །སྲེད་དང་ལོངས་སྤྱོད་དག་ལ་སྲེད་བྲལ་ཞིང༌། །དགེ་སློང་སྲིད་པ་ཟིལ་གྱིས་གནོན་བྱེད་པ། །ལྷག་མ་མེད་པར་ཡོངས་སུ་མྱ་ངན་འདའ། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲིད་པའི་བུད་མེད་འདིར་བསྟེན་པ། །དེ་ཡི་མྱ་ངན་འཕེལ་འགྱུར་ཏེ། །རྩྭ་ལ་ཆར་པ་བབ་པ་བཞིན། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲིད་པའི་བུད་མེད་འདི་སྤོང་བ། །དེ་ཡི་མྱ་ངན་ལྡོག་འགྱུར་ཏེ། །པདྨ་ལ་ནི་ཆུ་ཐིགས་བཞིན། །ཨུ་ཤིའི་ཕྱིར་ནི་རྩྭ་བཞིན་དུ། །སྲིད་པའི་རྩར་བཅས་དྲུང་ནས་ཕྱུང༌། །སྐྱེས་བུ་སྲེད་པ་དང་འགྲོགས་ན། །ཡུན་རིང་དུས་སུ་འཁྱམས་འགྱུར་བས། །སྲེད་པ་དྲུང་ནས་ཕྱུར་ཤིག་དང༌། །མྱ་ངན་མེད་ཅིང་འཇིགས་པ་མེད། །ཡང་དང་ཡང་དུ་ཉེར་ལེན་ཅིང༌། །ཡང་དང་ཡང་དུ་མངལ་དུ་འཇུག །གནས་སྐབས་འགྱུར་དང་གཞན་འགྱུར་བས། །སེམས་ཅན་འོད་དང་འགྲོ་བར་འགྱུར། །འདིར་ནི་སྤང་དཀའི་སྲེད་པ་དེ། །སྤོངས་ལ་ས་བོན་ཆོད་ཅིག་དང༌། །དེ་ཡི་སྲེད་པ་མེད་འགྱུར་ཞིང༌། །དེ་ནི་ཡང་དུ་འཁོར་མི་འགྱུར། །གང་ཕྱིར་སྲིད་མཚོའི་རྒྱུར་གྱུར་པ། །ཡུལ་ལ་སྲེད་པ་འབྲས་ཀྱི་གཞི། །འཁྲི་ཤིང་དྲ་བས་ཁེབས་བྱེད་པ། །གདུང་བར་བྱེད་པ་མ་བཏུལ་ན། །
སྡུག་བསྔལ་འདི་ནི་ཡང་དང་ཡང༌། །རྣམ་པ་ཀུན་དུ་ལྡོག་མི་འགྱུར། །དཔེར་ན་ལྗོན་ཤིང་རྩ་ནས་མ་བཏོན་ན། །བཅང་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད། །དེ་བཞིན་སྲིད་པའི་ཕྲ་རྒྱས་མ་བཏོན་ན། །ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག །དཔེར་ན་བདག་ཉིད་ཀྱིས་ནི་བྱས་པའི་མཚོན། །དེ་ཡི་རྐུན་པོའི་མཐུ་ཡིས་བདག་གསོད་ལྟར།།དེ་བཞིན་ནང་གི་སེམས་ལས་བྱུང་བ་ཡི། །སྲིད་བས་ལུས་ཅན་ཉེ་བར་གསོད་པར་བྱེད། །དེ་ལྟར་སྲིད་ལས་སྡུག་བསྔལ་དག །འབྱུང་བའི་ནོངས་དམིགས་མཁྱེན་ནས་ནི། །སྲེད་སྤང་ཉེ་བར་ལེན་མེད་པའི། །དོན་དམ་དགེ་སློང་མཆོག་འགྱུར་མཛོད། །སྲེད་པ་སྤང་བའི་ལེའུ་སྟེ་གཉིས་པའོ།། བག་ཡོད་འཆི་མེད་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་མེད་འཆི་བར་མི་འགྱུར་སྟེ། །བག་མེད་པ་ནི་རྟག་ཏུ་འཆི། །དེ་ཡི་ཁྱད་པར་དེ་རིག་པས། །མཁས་པ་རྣམས་ནི་བག་དང་ལྡན། །བག་ཡོད་པ་ལ་རབ་དགའ་བ། །འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན། །བརྟེན་པ་གྲུབ་བདེ་བླ་མེད་པ། །མྱ་ངན་འདས་ལ་རེག་པ་ཡིན། །གང་ཚེ་མཁས་པ་བག་ཡོད་པས། །བག་མེད་བཅོམ་པ་དེ་ཡི་ཚེ། །ཤེས་རབ་ཁང་བཟང་སྟེང་འཛེགས་ནས། །མྱ་ངན་མེད་ལས་གདུང་བཅད་དེ། །བརྟེན་རྣམས་རི་བོའི་རྩེ་དག་ནས། །ས་སྟེང་བྱིས་པ་རྣམས་ལ་བལྟ། །བརྩོན་འགྲུས་དང་ནི་བག་ཡོད་དང༌། །ཡང་དག་སྔོམ་དང་དུལ་བ་ཡིས། །མཁས་པའི་གླིང་དུ་བྱས་ནས་ནི། །ཆུ་བོ་ཆེན་པོ་མངོན་དུ་ཟློག །བརྩོན་པ་ལྡན་ཞིང་དྲན་དང་ལྡན་པ་དང༌། །སྤྱོད་པ་གཙང་ཞིང་བརྟགས་ནས་བྱེད་པ་དང༌། །ཡང་དག་སྡོམ་དང་ཆོས་ཀྱི་ས་འཚོ་བ་དང༌། །བག་ཡོད་རྣམས་ཀྱི་གྲགས་པ་མངོན་པར་འཕེལ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་མཆོག །ཐུབ་པའི་བསླབ་གཞི་རྣམས་ལ་བསླབ།།ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་བ་མྱ་ངན་མེད་པ་ཡིན། །དམན་པའི་ཆོས་ལ་མི་བརྟེན་ཅིང༌། །བག་མེད་པ་ལ་བརྟེན་མི་བྱ། །ལོག་པར་ལྟ་ལ་འདོད་མེད་དང༌། །འཇིག་རྟེན་འཕེལ་བར་མི་བྱའོ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །བག་མེད་པ་ལ་སྦྱོར་བྱེད་པའི། །སྐྱེ་བོ་བྱིས་པ་བསམ་བརླག་ཡིན། །ཚོང་དཔོན་ནོར་རྣམས་བསྲུང་བ་ལྟར། །མཁས་པ་བག་དང་ལྡན་པར་བྱ། །བག་མེད་པ་ལ་མི་སྦྱོར་ཞིང༌། །འདོད་པ་རྣམས་ལ་རྒྱབ་ཕྱོགས་ནས། །རྟག་ཏུ་བག་ཡོད་སེམས་བྱེད་པ། །ཟག་པ་ཟད་པ་ཐོབ་པར་འགྱུར།།ཟག་པ་ཟད་པ་མ་ཐོབ་པར། །མཁས་པས་བག་མེད་མི་བྱ་སྟེ། །རི་དགས་མོ་ཡིས་སེང་གེ་ལྟར། །བག་མེད་པ་དག་གསོད་པར་བྱེད། །བག་མེད་ཕ་རོལ་བུད་མེད་སྟེན་བྱེད་པའི། །མི་གང་ཡིན་ལ་གནས་སྐབས་འདི་བཞི་འབྱུང༌། །བསོད་ནམས་མིན་འཐོབ་བདེ་བར་མི་ཉལ་དང༌། །དམ་པས་སྨད་ཅིང་ལུས་ཞིག་ངན་འགྲོར་སྐྱེ། །གང་ཞིག་བདག་བདེ་ལྟ་འདོད་པ། །དེ་ནི་གོང་མ་བཞིན་དུ་སྦྱར། །བྱིས་པའི་ཤིང་རྟ་བཞིན་གྱུར་པས། །བརྟན་པས་བརྩོན་འགྲུས་ཞན་མི་བྱ།།དཔེར་ན་བྱིས་པའི་ཤིན་རྟ་དག །ལམ་ཆེན་(ZN)ག་པོ་བོར་ནས་ནི། །ལམ་ངན་དག་ཏུ་འགྲོ་བྱེད་པ། །མིག་ཆག་སེམས་ཁོང་ཆུད་པ་ལྟར། །དེ་བཞིན་ཆོས་ནི་སྤངས་པས་ཀྱང༌། །ཆོས་མིན་རྗེས་སུ་འཇུག་བྱེད་པའི།།བྱིས་པའི་འཆི་བདག་དབང་འགྲོ་ཞིང༌། །ཆོས་ཉམས་བདེ་བ་བཅོམ་པ་འཐོབ། །
གང་ཞིག་བྱ་བ་རྣམ་སྤངས་ནས། །མི་བྱ་བ་དག་བྱེད་པ་དང༌། །བག་མེད་པ་ཡིས་རློམ་བྱེད་པ། །དེ་དག་རྣམས་ཀྱི་ཟག་པ་འཕེལ། །གང་ཞིག་ལུས་སོགས་དྲན་པ་དག །རྟག་ཏུ་ལེགས་པར་བརྩམས་པ་དང༌། །བྱ་བ་མ་ཡིན་མི་བྱེད་ཅིང༌། །རྒྱུན་དུ་བྱ་བ་བྱེད་པ་དང༌། །དྲན་དང་ཤེས་བཞིན་ལྡན་པ་དེའི། །ཟག་པ་རྣམས་ནི་ཟད་པར་འགྱུར། །ཇི་ཙམ་མང་དུ་སྨྲ་བྱེད་པ། །དེ་དག་དམ་ཆོས་འཛིན་པ་མིན། །གང་དག་འདི་ན་ཐོས་ཉུང་ཡང༌། །ཡིད་ཀྱི་ཆོས་དག་མངོན་སུམ་བྱས། །གང་དག་ཆོས་ལ་བག་བྱེད་པ། །དེ་དག་དམ་ཆོས་འཛིན་པ་ཡིན། །གལ་ཏེ་རིགས་བཅས་མང་དུ་སྨྲས་ཀྱང་ནི།།བག་མེད་མི་དག་དེ་ལྟར་བྱེད་མི་འགྱུར། །དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲང་ལྟར། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་མ་ཡིན། །གལ་ཏེ་རིགས་བཅས་ཉུང་དུ་སྨྲ་བྱེད་ཀྱང༌། །ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱེད་པ། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན། །བག་ཡོད་བསྔགས་པ་རྗོད་བྱེད་ཅིང༌། །རྟག་ཏུ་བག་མེད་ལ་སྨོད་པས། །བག་མེད་མཆོད་སྦྱིན་རྒྱལ་བ་ཡང༌། །ལྷ་རྣམས་ནང་ན་གཙོ་བོར་འགྱུར།།བག་དང་བཅས་པའི་མཁས་པ་ཡིས། །དོན་གཉིས་རབ་ཏུ་ལེན་པར་བྱེད། །ཚེ་འདིའི་དོན་ནི་གང་ཡིན་དང༌། །ཕྱི་མའི་དོན་ནི་གང་ཡིན་པའོ།།དེ་ དག་བརྟེན་པས་རྟོགས་པས་ན། །མཁས་པ་ཞེས་ནི་ངེས་པར་བརྗོད། །དགེ་སློང་བག་ཡོད་ལ་དགའ་ཞིང༌། །བག་མེད་པ་ལ་འཇིགས་ལྟ་བས། །བདག་ཉིད་ངན་འགྲོ་ལས་འདྲེན་ཏེ། །འདམ་རྫབ་ལས་ནི་གླང་ཆེན་བཞིན། །སྡིག་པའི་ཆོས་རྣམས་སྦྲུག་པར་བྱེད། །རླུང་གིས་ལྗོན་ཤིང་ལོ་མ་བཞིན། །ཀུན་དུ་སྦྱོར་བ་ཕྲ་རགས་དག །སྲེག་སྟེ་མེ་ཡིས་རྩྭ་བཞིན་ནོ། །འདུ་བྱེད་ཉེར་ཞི་ཞི་བ་ཡི། །གོ་འཕང་མཆོག་ནི་སོ་སོར་རྟོགས། །མྱ་ངན་འདས་དང་ཉེ་བའི་ཕྱིར། །ཡོངས་སུ་ཉམས་འགྱུར་མི་སྲིད་དོ། །བརྩོན་འགྲུས་ལྡན་ཞིང་བག་ཡོད་དང༌། །ཆོས་སྤྱོད་ལེགས་པར་སྤྱོད་བྱེད་པ། །འཇིག་རྟེན་འདི་དང་ཕ་རོལ་དུ། །དགའ་དང་བདེ་བ་རབ་ཏུ་འཐོབ། །ཞི་ཕྱིར་བསླབ་པ་ལ་བརྟེན་དང༌། །རྩོལ་བ་དང་ནི་བརྩོན་འགྲུས་སྐྱེད། །མི་དྲན་པ་དང་བག་མེད་དང༌། །བརྩོན་འགྲུས་ཆུང་དང་ཀུན་སྡོམ་མེད། །གཉིད་དང་སྡོམ་པ་གཡེང་བ་རྣམས།།འདི་དག་བསླབ་པའི་བར་བཅད་པས། །ཁྱོད་ཀྱིས་ཡན་ལག་དེ་མཁྱེན་ནས། །དྲན་པ་ཆུད་ནི་མི་གཟན་མཛོད། །མཁས་ཁྱོད་ཚུལ་ཁྲིམས་བཟང་བ་དང༌། །བག་ཡོད་པ་ལ་དགྱེས་པ་ཡིས། །ཀུན་རྟོག་ལེགས་པར་མཉམ་ཞོག་སྟེ། །ཉིད་ཀྱི་ཐུགས་ནི་རྗེས་སུ་སྲུངས། །གང་ཞིག་ཆོས་འདུལ་འདི་ལ་ནི། །བག་དང་ལྡན་པར་སྤྱོད་བྱེད་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །བག་མེད་པ་སྤང་བའི་ལེའུ་སྟེ་གསུམ་པའོ།། །།ཉོན་མོངས་རྣམས་ནི་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་བས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྤངས། །རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་འཇིགས་དང་སྡུག་བསྔལ་ཆེན་པོ་འཐོབ། །ཉོན་མོངས་ལྷག་པས་ཐུབ་ལ་རྨ་འབྱིན་ཏེ། །དམ་ཆོས་སྤོང་དང་དགེ་འདུན་སྐུར་བར་བྱེད། །ཕ་མ་གསོད་ཅིང་ཆོམ་རྐུན་ལོག་གཡེམ་སྤྱོད། །རྫུན་དང་ཕྲ་མ་ཚིག་རྩུབ་འཁྱལ་བ་སྨྲ། །བརྣབ་སེམས་གནོད་སེམས་ལོག་ལྟ་ཡིད་བྱེད་ཅིང༌། །དམྱལ་བ་ཡི་དགས་དུད་འགྲོ་འཕེལ་བར་བྱེད། །འདིར་ནི་ཉོན་མོངས་ས་བོན་བཞིན། །ཀླུ་བཞིན་རྩྭ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་ལྟ་བུ་སྟེ།། །ལས་ནི་ཤུན་བཅས་འབྲས་དང་འདྲ། །དེ་བཞིན་སྨན་དང་མེ་ཏོག་བཞིན། །སྐྱེ་བ་བཟའ་བཏུང་གྲུབ་པ་འདྲ། །ཀུན་སྦྱོར་འཆིང་བ་བག་ལ་ཉལ། །ཉེ་བའི་ཉོན་མོངས་ཀུན་ནས་དཀྲིས། །ཆུ་བོ་སྦྱོར་བ་ཉེར་ལེན་མདུད། །སྒྲིབ་དང་ཐ་བ་དྲི་མ་སྡིག །ཟུག་རྡུ་ཅི་ཡང་ཉེ་བར་སྦྱོད། །ཟག་པ་ཕོངས་པ་ཡོངས་སུ་མདུད། །འཁྲུག་དང་འཐབ་བ་རིམས་ནད་དང༌། །ནགས་སྦྱོར་དང་ནི་གནས་ཞེས་བྱ། །འདོད་ཆགས་ཁོང་ཁྲོ་གཏི་མུག་དང༌། །ང་རྒྱལ་ལྟ་བ་ཐེ་ཚོམ་དང༌།།ཁྲོ་དང་ཁོན་དུ་འཛིན་པ་དང༌། །འཆབ་དང་ཚིག་དང་ཕྲག་དོག་དང༌། །སེར་སྣ་དང་ནི་སྒྱུ་བག་དང༌། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད།།ཁྲེལ་མེད་རྨུགས་དང་རྒོད་པ་དང༌། །མ་དད་པ་དང་ལེ་ལོ་དང༌།།བག་མེད་པ་དང་བརྗེད་ངས་དང༌། །རྣམ་གཡེངས་ཤེས་བཞིན་མ་ཡིན་པ། །རབ་མཁས་ཁྱེད་ཀྱིས་སྤང་བར་མཛོད། །ཉོན་མོངས་དེ་དག་སྤང་སླད་དུ། །ཞི་གནས་ལྷག་མཐོང་བསྒོམ་པ་དང༌། །མི་སྡུག་བྱམས་ཁམས་རྟེན་འབྲེལ་དང༌།།དབུགས་རྡུབ་དབུགས་དབྱུང་དྲན་པ་མཛོད། །དྲན་པ་ཉེར་གཞག་སྤང་
བ་བཞི། །དེ་བཞིན་རྫུ་འཕྲུལ་རྐང་པ་དང༌། །དབང་སྟོབས་བྱང་ཆུབ་ཡན་ལག་དང༌། །ལམ་གྱི་ཡན་ལག་བསྒོམ་པར་མཛོད། །དེ་ལྟར་འདིར་ནི་མདོར་བསྡུས་ནས། །མཁས་པ་ཁྱོད་ལ་སྤྲིངས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །རྣམ་གྲོལ་ཞི་བ་ཟོབ་པར་ཤོག །ཉོན་མོངས་པ་སྤོང་བའི་ལེའུ་སྟེ་བཞི་པའོ།། །།བླ་མ་ལ་སྤྲིང་བ་དགེ་སློང་དགོན་པ་པས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་བི་ན་ཡ་ཙཱ་ན་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དག་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

                               རྩོམ་སྒྲིག་པ། ཀླུ་ཚང་ འཇམ་དབྱངས་ཤེས་རབ།
    གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།