བསམ་གྱིས་མི་ཁྱབ་པར་བསྟོད་པ།

ཡོང་ཁུངས།   བསྟན་འགྱུར།     སྤེལ་དུས།  2016-03-10 19:52:16     རྩོམ་པ་པོ།   སློབ་དཔོན་ཆེན་པོ་ཀླུ་སྒྲུབ།    ཀློག་ཐེངས།  

                                              img_8533.jpg

 

༄༅༅། །རྒྱ་གར་སྐད་དུ། ཨ་ཙིནྟ་སྟ་བཾ། བོད་སྐད་དུ། བསམ་གྱིས་མི་ཁྱབ་པར་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་དངོས་པོ་རྟེན་འབྱུང་རྣམས། །ངོ་བོ་མེད་པ་ཉིད་དུ་གསུངས། །ཡེ་ཤེས་མཉམ་མེད་བསམ་མི་ཁྱབ། །དཔེ་མེད་དེ་ལ་ཕྱག་འཚལ་ལོ། །ཇི་ལྟར་ཁྱོད་ཀྱིས་ཐེག་ཆེན་ལ། །ཉིད་ཀྱིས་ཆོས་ལ་བདག་མེད་རྟོགས། །དེ་བཞིན་བློ་དང་ལྡན་རྣམས་ལ། །ཐུགས་རྗེའི་དབང་གིས་བསྟན་པ་མཛད། །རྐྱེན་རྣམས་ལས་ནི་འབྲེལ་འབྱུང་བ། །མ་སྐྱེས་ལགས་པར་ཁྱོད་ཀྱིས་གསུངས། །ངོ་བོ་ཉིད་ཀྱིས་དེ་མ་སྐྱེས། །དེ་ཕྱིར་སྟོང་པར་རབ་ཏུ་བསྟན། །ཇི་ལྟར་འདི་ན་སྒྲ་བརྟེན་ནས། །བྲག་ཅ་ཀུན་དུ་འབྱུང་བ་ལྟར། །སྒྱུ་མ་སྨིག་རྒྱུ་བཞིན་དུ་ཡང་། །དེ་བཞིན་སྲིད་པ་ཀུན་དུ་འབྱུང་། །སྒྱུ་མ་དང་ནི་སྨིག་རྒྱུ་དང་། །དྲི་ཟའི་གྲོང་ཁྱེར་གཟུགས་བརྙན་དང་། །རྨི་ལམ་གལ་ཏེ་མ་སྐྱེས་ན། །མཐོང་བ་ལ་སོགས་དཔེ་མེད་འགྱུར། །ཇི་ལྟར་རྒྱུ་རྐྱེན་ལས་བྱུང་བ། །དེ་དག་བྱས་པ་ཅན་དུ་བཞེད། །དེ་བཞིན་རྐྱེན་ལས་བྱུང་བ་ཀུན། ། མགོན་པོ་ཁྱོད་ཀྱིས་དེ་ལྟར་གསུངས། །བྱིས་པ་གང་དག་ཅི་བརྗོད་པ། །བགྱིས་པ་ཞེས་བགྱིད་དེ་མཆིས་ཏེ། །ཆད་པ་སྟོང་པ་འདྲ་བ་ལགས། །དོན་བཞིན་མ་ལགས་རབ་ཏུ་བསྟན། །གང་ཚེ་བྱས་པའི་དངོས་མ་སྐྱེས། །དེ་ཚེ་ད་ལྟར་བྱུང་བ་ཡི། །གང་ཞིག་པས་ན་འདས་པར་འགྱུར། །མ་འོངས་པ་ཡང་ཇི་ལྟར་ལྟོས། །རང་ལས་དངོས་པོ་སྐྱེ་བ་མེད། །གཞན་དང་གཉིས་ཀ་ལས་མ་ཡིན། །ཡོད་མིན་མེད་མིན་ཡོད་མེད་མིན། །དེ་ཚེ་གང་ལས་གཞན་ཞིག་འབྱུང་། །མ་སྐྱེས་པ་ལ་རང་བཞིན་མེད། །དེ་ཕྱིར་གང་ལས་ཀུན་དུ་འབྱུང་། །རང་བཞིན་དངོས་པོ་མེད་གྲུབ་པས། །གཞན་ལས་ཀྱང་ནི་འབྱུང་བ་མེད། །རང་ཉིད་ཡོད་ན་གཞན་ཡོད་འགྱུར། །གཞན་ཉིད་ཡོད་ན་རང་ཉིད་ཡོད། །དེ་དག་ལྟོས་པ་ཅན་དུ་གྲུབ། །ཕ་རོལ་ཚུ་རོལ་བཞིན་དུ་གསུངས། །གང་ཚེ་ཅི་ལའང་མི་ལྟོས་པ། །དེ་ཚེ་གང་ལ་གང་ཞིག་འབྱུང་། །གང་ཚེ་རིང་ལ་མི་ལྟོས་པ། །དེ་ཚེ་ཐུང་སོགས་ག་ལ་མཆིས། །ཇི་ལྟར་གཅིག་སོགས་མ་མཆིས་པ། །འདས་དང་མ་འོངས་ལ་སོགས་པ། །ཉོན་མོངས་རྣམས་ཀྱང་དེ་བཞིན་ཏེ། །ཡང་དག་ལོག་པའང་རང་ལས་ཅི། །དངོས་གང་རང་ལས་མ་མཆིས་ན། །དེ་ཚེ་ཐམས་ཅད་ཅི་ཞིག་མཆིས། །གཞན་ཞེས་བརྗོད་པ་གང་ལགས་ཏེ། །རང་གི་རང་བཞིན་མེད་ན་མིན། །གང་ཚེ་གཞན་གྱི་དངོས་མེད་པ། །དེ་ཚེ་དངོས་རྣམས་རང་བཞིན་མེད། །དེ་ཚེ་གཞན་དངོས་དངོས་འཛིན་པ། །དོན་གྱི་ཐེག་པ་ཅི་ཞིག་མཆིས། །གདོད་མ་ཉིད་ནས་མཉམ་གྱུར་པ། །རང་བཞིན་གྱིས་ཀྱང་མྱ་ངན་འདས། །ཡང་དག་པར་ནི་མ་སྐྱེས་ལགས། །དེ་སླད་ཆོས་རྣམས་ཁྱོད་ཀྱིས་གསུངས། །བློ་ལྡན་ཁྱོད་ཀྱིས་གཟུགས་ལ་སོགས། །ངོ་བོ་ཉིད་མེད་པར་བསྟན་པ། །དབུ་བ་ཆུ་བུར་སྒྱུ་ལ་སོགས། །སྨིག་རྒྱུ་ཆུ་ཤིང་འདྲ་བ་ལགས། །དབང་པོ་རྣམས་ཀྱིས་གང་དམིགས་དེ། །གལ་ཏེ་ཡང་དག་མཆིས་གྱུར་ན། །བྱིས་པས་ཡང་དག་རིག་པར་འགྱུར། །གང་ཚེ་ཡང་དག་ཤེས་པས་ཅི། །དབང་པོ་རྣམས་ནི་བེམས་པོ་དང་། །ཚད་མ་ཉིད་ཀྱང་མ་ཡིན་དང་། །ལུང་མ་བསྟན་པ་ཉིད་དང་ནི། །ལོག་པར་ཡོངས་ཤེས་ཁྱོད་ཀྱིས་གསུངས། །གང་གིས་ཅི་ཞིག་མ་རྟོགས་པ། །ཡང་དག་ཇི་བཞིན་ཐུགས་ཆུད་ནས། །དེས་ན་འཇིག་རྟེན་མི་ཤེས་པས། །བསྒྲིབས་པ་ཞེས་ཀྱང་ཁྱོད་ཀྱིས་གསུངས། །ཡོད་ཅེས་པ་ནི་རྟག་པར་ལྟ། །མེད་ཅེས་པ་ནི་ཆད་པར་ལྟ། །དེས་ན་མཐའ་གཉིས་བྲལ་བ་ཡི། །ཆོས་དེ་ཁྱོད་ཀྱིས་བསྟན་པ་མཛད། །དེས་ན་ཆོས་རྣམས་མུ་བཞི་དང་། །བྲལ་བར་ཁྱོད་ཀྱིས་བཀའ་སྩལ་ལགས། །རྣམ་ཤེས་བྱ་བའང་མ་ལགས་ལ། །རྨི་ལམ་མིག་འཕྲུལ་ལས་བྱུང་དང་། །ཟླ་གཉིས་ལ་སོགས་མཐོང་བ་བཞིན། །འགྲོ་བ་འབྱུང་བ་དེ་དངོས་སུ། །མ་བྱུང་དེ་བཞིན་ཁྱོད་ཀྱིས་གཟིགས། །ཇི་ལྟར་རྒྱུ་ལས་རྨི་ལམ་ན། །འབྱུང་བ་མཐོང་བ་དེ་བཞིན་དུ། །དངོས་པོ་ཐམས་ཅད་འབྱུང་བ་བཞིན། །འཇིག་པའང་དེ་བཞིན་བཞེད་པ་ལགས། །དེ་བཞིན་ཆགས་སོགས་སྡུག་བསྔལ་དང་། །འཁོར་བ་སྡུག་བསྔལ་ཀུན་ཉོན་མོངས། །ཚོགས་རྫོགས་པ་དང་ཐར་པ་ཡང་། །རྨི་ལམ་འདྲ་བར་ཁྱོད་ཀྱིས་གསུངས། །དེ་བཞིན་སྐྱེས་དང་མ་སྐྱེས་དང་། །འོངས་པ་དང་ནི་སོང་བ་ཡང་། །དེ་བཞིན་བཅིངས་གྲོལ་ཡེ་ཤེས་ལ། །གཉིས་འདོད་ཡང་དག་རིག་མ་ལགས། །གང་ལས་སྐྱེས་པ་ཡོད་མ་ལགས། །དེ་ལ་མྱ་ངན་འདས་གང་ཡོད། །སྒྱུ་མའི་གླང་པོ་འདྲ་བས་ན། །དོན་དུ་གཟོད་ནས་ཞི་བ་ཉིད། །སྐྱེས་པ་ཉིད་ནའང་མ་སྐྱེས་པ། །སྒྱུ་མའི་གླང་པོ་ཇི་བཞིན་བཞེད། །དེ་བཞིན་ཐམས་ཅད་སྐྱེས་པའམ། །ཡང་དག་པར་ནི་མ་སྐྱེས་ལགས། །འཇིག་རྟེན་མགོན་པོ་དཔག་མེད་ཀྱིས། །སེམས་ཅན་དཔག་ཏུ་མ་མཆིས་པ། །སོ་སོར་མྱ་ངན་འདས་མཛད་ཀྱང་། །དེ་དག་གིས་ཀྱང་གང་མ་བཀྲོལ། །ཐུབ་ཆེན་གང་ཕྱིར་སེམས་ཅན་རྣམས། །རང་ལས་མ་སྐྱེས་དེ་ཡི་ཕྱིར། །གང་ཡང་གང་གིས་མ་བཀྲོལ་ཞེས། །དེ་སྐད་ཁྱོད་ཀྱིས་གསལ་བར་གསུངས། །ཇི་ལྟར་སྒྱུ་མ་མཁན་གྱིས་བྱས། །དངོས་པོ་སྟོང་པ་དེ་བཞིན་དུ། །བྱས་པ་ཐམས་ཅད་དངོས་སྟོང་གཞན། །ཁྱོད་གསུང་དེ་བཞིན་བྱེད་པ་པོ། །བྱེད་པ་པོ་ཡང་གཞན་གྱིས་བགྱིས། །བྱས་པ་ཅན་དུ་འགྱུར་བ་ལགས། །ཡང་ན་དེ་ཡི་བྱ་བ་བྱེད། །བྱེད་པ་པོར་ནི་ཐལ་བར་འགྱུར། །འདི་དག་ཐམས་ཅད་མིང་ཙམ་ཞེས། །ཁྱོད་ཀྱིས་གསང་ནི་བསྟོད་དེ་གསུངས། །བརྗོད་པ་ལས་ནི་གཞན་གྱུར་པ། །བརྗོད་པར་བགྱི་བ་ཡོང་མ་མཆིས། །དེ་ཕྱིར་ཆོས་རྣམས་ཐམས་ཅད་ནི། །རྟོག་པ་ཙམ་ཞེས་ཁྱོད་ཀྱིས་གསུངས། །གང་གིས་སྟོང་པར་རྣམ་རྟོག་པའི། །རྟོག་པ་ཡང་ནི་མེད་ཅེས་གསུངས། །དངོས་དང་དངོས་མེད་གཉིས་འདས་པ། །ལ་ལར་མ་འདས་པ་ཡང་ལགས། །ཤེས་པ་མེད་ཅིང་ཤེས་བྱའང་མེད། །མེད་མིན་ཡོད་མིན་གང་ལགས་དང་། །གང་ཡང་གཅིག་མིན་དུ་མའང་མིན། །གཉིས་ཀ་མ་ཡིན༌ཅི་ཡང་མེད། །གཞི་མེད་པ་དང་མི་གསལ་དང་། །བསམ་མི་ཁྱབ་དང་དཔེ་མེད་དང་། །གང་ཡང་མི་སྐྱེ་མི་འགག་དང་། །ཆད་པ་མེད་ཅིང་རྟག་མེད་པ། །དེ་ནི་ནམ་མཁའ་འདྲ་བ་ལགས། །ཡི་གེ་ཡེ་ཤེས་སྤྱོད་ཡུལ་མིན། །དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་། །དེ་ནི་སྟོང་པར་ཁྱོད་བཞེད་ལགས། །དམ་པའི་ཆོས་ཀྱང་དེ་ལྟ་བུ། །དེ་བཞིན་གཤེགས་པའང་དེ་དང་མཚུངས། །དེ་ནི་དེ་ཉིད་དོན་དང་ནི། །དེ་བཞིན་ཉིད་དང་རྫས་སུ་བཞེད། །དེ་ནི་ཡང་དག་མི་སླུ་བ། །དེ་རྫོགས་པས་ན་སངས་རྒྱས་བརྗོད། །སངས་རྒྱས་རྣམས་དང་ཆོས་དབྱིངས་དང་། །དེས་ན་དོན་དུ་ཐ་མི་དད། །བདག་ཉིད་དང་ནི་གཞན་རྣམས་དང་། །དེས་ན་མཉམ་པར་ཁྱོད་བཞེད་ལགས། །དངོས་པོ་རྣམས་ལས་སྟོང་གཞན་མིན། །དེ་མེད་པར་ཡང་དངོས་པོ་མེད། །དེ་ཕྱིར་རྟེན་ཅིང་འབྱུང་བའི་དངོས། །སྟོང་པ་ལགས་པར་ཁྱོད་ཀྱིས་བསྟན། །རྒྱུ་དང་རྐྱེན་ལས་བྱུང་བའང་ལགས། །གཞན་གྱི་དབང་ལས་ཀུན་རྫོབ་སྟེ། །གཞན་གྱི་དབང་ཞེས་རབ་ཏུ་གསུངས། །དམ་པའི་དོན་ནི་བཅོས་མ་ཡིན། །ངོ་བོ་ཉིད་དང་རང་བཞིན་དང་། །ཡང་དག་རྫས་དངོས་ཡོད་པའང་ལགས། །བརྟགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ནི་ཡོད་མ་ལགས། །བརྟགས་པའི་དངོས་པོ་ཡོད་ཅེས་པ། །སྒྲོ་འདོགས་ལགས་པར་ཁྱོད་ཀྱིས་གསུངས། །བྱས་པ་ཆད་ནས་མེད་ཅེས་པ། །ཆད་པ་ལགས་པར་ཁྱོད་ཀྱིས་གསུངས། །ཡང་དག་ཤེས་པས་ཆད་པ་མེད། །རྟག་པ་ཉིད་ཀྱང་མེད་པར་བཤད། །འགྲོ་བ་དངོས་པོས་སྟོང་པ་ལགས། །དེ་སླད་སྨིག་རྒྱུ་འདྲ་བར་བཞེད། །ཇི་ལྟར་རི་དྭགས་སྐོམ་ཆུ་ནི། །ཆད་མེད་རྟག་པ་ཡོད་མ་ཡིན། །དེ་བཞིན་འགྲོ་བ་ཐམས་ཅད་ཀྱང་། །ཆད་མེད་རྟག་པ་མེད་པར་གསུངས། །གང་ལ་རྫས་ཤིག་སྐྱེ་འགྱུར་བ། །དེ་ལ་ཆད་སོགས་འཇིག་པ་འབྱུང་། །དེ་ལ་འཇིག་རྟེན་མཐའ་ཡོད་དང་། །མཐའ་མེད་པར་ཡང་འགྱུར་བ་ལགས། །ཤེས་པ་ཡོད་པས་ཤེས་བྱ་བཞིན། །ཤེས་བྱ་ཡོད་པས་དེ་ཤེས་བཞིན། །གང་ཚེ་གཉིས་ཀ་མ་སྐྱེས་པར། །རྟོགས་པ་དེ་ཚེ་ཅི་ཞིག་ཡོད། །དེ་ལྟར་སྒྱུ་མ་ལ་སོགས་དཔེ། །སྨན་པའི་མཆོག་གིས་གསལ་བསྟན་ནས། །ལྟ་བ་ཐམས་ཅད་འགོག་བྱེད་པའི། །དམ་པའི་ཆོས་ནི་བསྟན་པ་ལགས། །ངོ་བོ་མེད་པ་ཉིད་བསྟན་པ། །དེ་ནི་ཡང་དག་དམ་པ་ལགས། །དངོས་པོའི་གདོན་གྱིས་ཟིན་རྣམས་ཀྱིས། །གསོ་བ་དེ་ནི་བླ་ན་མེད། །དེས་ན་ཆོས་ཀྱི་མཆོད་སྦྱིན་པ། །མཆོད་སྦྱིན་རིམ་པས་རྟག་རྒྱུན་དུ། །འཇིག་རྟེན་གསུམ་པོ་སྦྱིན་སྲེག་མཛད། །དངོས་འཛིན་འཇིགས་པ་གཅོད་བགྱིད་ཅིང་། །མུ་སྟེགས་རི་དྭགས་འཇིགས་བགྱིད་པ། །བདག་མེད་སེང་གེའི་ང་རོའི་སྒྲ། །རྨད་བྱུང་དེ་ནི་ཁྱོད་ཀྱིས་གསུངས། །སྟོང་པ་ཉིད་དང་ཆེས་ཟབ་པའི། །ཆོས་ཀྱི་རྔ་ཆེན༌བརྡུངས་པ་ལགས། །ངོ་བོ་ཉིད་མེད་སྒྲ་བོ་ཆེའི། །ཆོས་ཀྱི་དུང་ནི་བུས་པ་ལགས། །སངས་རྒྱས་བསྟན་པ་བདུད་རྩི་ཡི། །ཆོས་ཀྱི་རྫས་ནི་གསུངས་པ་ལགས། །ཆོས་རྣམས༌ཀུན་གྱི་ངོ་བོ་ཉིད། །ངེས་པའི་དོན་ཏོ་ཞེས་ཀྱང་བསྟན། །གང་ཡང་སྐྱེ་དང་འགག་ལ་སོགས། །སེམས་ཅན་སྲོག་ལ་སོགས་བསྟན་པ། །དེ་ནི་བཀྲི་དོན་ཀུན་རྫོབ་ཏུ། །མགོན་པོ་ཁྱོད་ཀྱིས་བསྟན་པ་ལགས། །ཤེས་རབ་ཕ་རོལ་ཕྱིན་མཚོ་ཡི། །ཕ་རོལ་གང་གིས་རང་ཕྱིན་ཏེ། །བསོད་ནམས་ཡོན་ཏན་རིན་ཆེན་ཕྱུག །མགོན་ཁྱོད་ཡོན་ཏན་ཕ་རོལ་ཕྱིན། །དེ་ལྟར་དཔེ་མེད་བསམ་མི་ཁྱབ། །འགྲོ་བའི་མགོན་པོ་བསྟོད་པ་ཡིས། །བདག་གིས་བསོད་ནམས་གང་ཐོབ་དེས ། །འགྲོ་བ་ཁྱོད་དང་མཚུངས་པར་ཤོག །བསམ་གྱིས་མི་ཁྱབ་པར་བསྟོད་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། 
  གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།